གཉིས་པ་རང་ལུགས་བཞག་པ།
གཉིས་པ་རང་ལུགས་བཞག་པ་ལ།
མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། རང་གི་འཛིན་སྟངས་ལ་འཁྲུལ་བའི་རིག་པ་དེ། རང་ཉིད་ལོག་ཤེས་ཡིན་པའི་མཚན་ཉིད། གཉིས་པ་དབྱེ་བ་ནི། རྟོག་མེད་ལོག་ཤེས་དང༌། རྟོག་པར་གྱུར་བའི་ལོག་ཤེས་གཉིས། དང་པོའི་མཚན་ཉིད་ནི། རང་གི་འཛིན་སྟངས་ལ་འཁྲུལ་བའི་གསལ་སྣང་ཅན་གྱི་རིག་པ་དེ། རྟོག་མེད་ལོག་ཤེས་ཀྱི་མཚན་ཉིད། དེ་དབྱེ་ན། དབང་ཤེས་སུ་གྱུར་བའི་རྟོག་མེད་ལོག་ཤེས་དང༌། ཡིད་ཤེས་སུ་གྱུར་བའི་རྟོག་མེད་ལོག་ཤེས་གཉིས་ཡོད། དང་པོའི་མཚན་ཉིད་ནི། རང་གི་འཛིན་སྟངས་ལ་འཁྲུལ་བའི་གསལ་སྣང་ཅན་གྱི་དབང་ཤེས་སུ་གྱུར་བའི་རིག་པ་དེའོ། །དེ་ལ་དབྱེ་ན་ལྔ་ཡོད་དོ། ། གཉིས་པའི་མཚན་ཉིད་ནི། རང་གི་འཛིན་སྟངས་ལ་འཁྲུལ་བའི་གསལ་སྣང་ཅན་གྱྀ་ཡིད་ཤེས་སུ་གྱུར་བའི་རིག་པ་དེའོ། །མཚན་གཞི་ནི། སྒྲ་རྟག་པ་གསལ་བར་སྣང་བའི་ཡིད་ཤེས་ལྟ་བུའོ། །