Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་བཞི་པ། འདུལ་བ་སྨད་ཆ།


  expand section
  collapse section
   
   
   
གཉིས་པ་བླང་བར་བྱ་བ་འཇུག་པའི་ཚུལ་ཁྲིམས་བསྟན་པ།
   
   
   
   
   
   
   
   
   
   
   
   


 
previousགཉིས་པ་བླང་བར་བྱ་བ་འཇུག་པའི་ཚུལ་ཁྲིམས་བསྟན་པ།next

གཉིས་པ་བླང་བར་བྱ་བ་འཇུག་པའི་ཚུལ་ཁྲིམས་བསྟན་པ།

གཉིས་པ་བླང་བར་བྱ་བ་འཇུག་པའི་ཚུལ་ཁྲིམས་བསྟན་པ།

སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །གཉིས་པ་བླང་བར་བྱ་བ་འཇུག་པའི་ཚུལ་ཁྲིམས་བསྟན་པ་ལ། དེ་ལྟར་རྣམ་འབྱེད་དངསྤྱིར་བསྟན་གྱིས་སྤང་བར་བྱ་བ་ལྡོག་པའི་ཚུལ་ཁྲིམས་བསྟན་ཟིན་ནས། བླང་བར་བྱ་བ་འཇུགཔའི་ཚུལ་ཁྲིམས་བསྟན་པ་ལ། གཞི་བཅུ་བདུན་སྤྱིར་བཤད་པ་དང༌། རབ་བྱུང་གི་གཞི་བཤད་ཟིན་པ་ལས་གཞན་བཅུ་དྲུག་སོ་སོར་བཤད་པ་དང་གཉིས། དང་པོ་ལ་དྲུག་ལས། དང་པོ་སྐབསའདིའི་གཞི་ལ་དབྱེ་ན་གཞི་བཅུ་བདུན་ཡོད་དེ། ལུང་གཞི་ལས། ༡རབ་བྱུང་༢གསོ་སྦྱོང་གཞི་དངནི། །༣དགག་དབྱེ་༤དབྱར་དང་༥ཀོ་ལྤགས་གཞི། །༦སྨན་དང་༧གོས་དང་༨སྲ་བརྐྱང་དང༌། །༩ཀོའུ་ཤམ་བྷི་དང་༡༠ལས་ཀྱི་གཞི། །༡༡དམར་སེར་ཅན་དང་༡༢གང་ཟག་དང༌། །༡༣སྤོ་དང༡༤གསོ་སྦྱོང་བཞག་པ་དང༌། །༡༥གནས་མལ་དང་ནི་༡༦རྩོད་པ་དང༌། །༡༧དགེ་འདུན་དབྱེནརྣམས་བསྡུས་པ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ཡང་ཀོའུ་ཤམ་བྷི་བའི་གཞི་ནི་ལས་བྱེ་བའིགཞིའོ། །དམར་སེར་ཅན་གྱི་གཞི་ནི་ཕྱིར་བཅོས་པའི་གཞིའོ། །གང་ཟག་གི་གཞི་ནི་དུས་དང་དུས་མིན་བསྡུས་པ་འབྱུང་བའི་གཞིའོ། །སྤོ་བའི་གཞི་ནི་ས་གཞན་ན་གནས་པ་སྤྱོད་པའི་གཞིའོ། །གསོ་སྦྱོང་བཞག་པའི་གཞི་ནི་ཡོངས་སུ་སྦྱོང་བའི་གཞི་ཡིན་ནོ། །

གཉིས་པ་བསྡུ་བ་ནི།

གཞི་བཅུ་བདུན་པོ་དེ་རྣམས་བསྡུ་ན་གསུམ་དུ་འདུས་ཏེ། སྡོམ་པམ་ཐོབ་པ་ཐོབ་པར་བྱེད་པའི་གཞི་དང༌། ཐོབ་པ་མི་ཉམས་པར་བསྲུང་བར་བྱེད་པའི་གཞི་དང༌། ཉམས་ན་ཕྱིར་བཅོས་པའི་གཞི་དང་གསུམ་མོ། །དང་པོ་ནི་རབ་ཏུ་བྱུང་བའི་གཞིའོ། །གཉིས་པནི་ལེའུ་བརྒྱད་དེ། གསོ་སྦྱོང་དང་དབྱར་དང་དགག་དབྱེ་སྟེ་བསླབ་པ་ཡོངས་སུ་སྦྱང་བའི་གཞིགསུམ་དང༌། སྲ་བརྐྱང་དང་གོས་དང་ཀོ་ལྤགས་དང་སྨན་དང་གནས་མལ་ཏེ་བདེ་བར་གནསཔའི་རྐྱེན་གྱི་གཞི་རྣམ་པ་ལྔ་རྣམས་སོ། །གསུམ་པ་ནི་ཕྱིར་བཅོས་ཀྱི་གཞི་བདུན་ཡོད་དེ། ལུངལས། ༡དམར་སེར་ཅན་དང་༢གང་ཟག་དང༌། །༣སྤོ་དང་༤གསོ་སྦྱོང་བཞག་པ་དང༌། །༥གནསམལ་དང་ནི་༦རྩོད་པ་དང༌། །༧དགེ་འདུན་འབྱེད་པ་ཕྱི་མ་ཡིན། །ཞེས་གསུངས་ཏེ། དེ་ཡང་གནསམལ་གྱི་གཞི་སྐབས་འདིར་ཞར་ལ་བསྟན་པར་མཚོ་མཆན་ལས་སོ། །འོན་ཀྱང་སྒོ་མང་ཡིག་ཆར་ཀོ་ཤམྦྷི་དང་རྩོད་པ་དང༌། །ཞེས་སོགས་ཀོ་ཤམྦྷི་བསྣན་ནས་གནས་མལ་གྱི་གཞི་དོར་ཏེབདུན་དུ་བྱས་སོ། །ལས་ཀྱི་གཞི་ནི་གསུམ་ཆར་ལ་གཏོགས་པས་གསུམ་གར་བསྡུའོ། །

གསུམ་པ་མཚན་ཉིད་ལ།

ལེའུ་བཅུ་བདུན་པོ་འདི་དག་གི་གཞུང་མིང་ཚིག་ཡི་གེའིཚོགས་མཚན་གཞི། རྗོད་བྱེད་ཀྱི་འདུལ་བ་གཞིའི་ཐ་སྙད་བྱར་རུང་དུ་མཚོན་པ་ལ། མཚན་ཉིདནི། གཞུང་ལེའུ་གང་ཞིག་གིས་ཆོས་འདི་པའི་རབ་ཏུ་བྱུང་བ་འབའ་ཞིག་གིས་འཇུག་པའི་ཚུལཁྲིམས་གཙོ་བོར་སྟོན་པ། ཞེས་མཚོ་ཊཱིཀ་ལས་སོ། །

བཞི་པ་གྲངས་ངེས་པ་ནི།

སྒྲུབ་བྱེད་ལུང་ལ་བརྟེན་ཅིང་དགོས་པ་ལ་ལྟོས་པའི་གྲངསངེས་པ་སྟེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཐོབ་སྲུང་ཕྱིར་བཅོས་ཀྱི་གཞི་ལ་གཞི་བཅུབདུན་ཡོད་ཅིང་དེར་མ་འདུས་པ་མེད་པའི་ཕྱིར། དེས་ན་ལུང་གཞི་ཉིད་ལས་གཞི་བཅུ་བདུནདུ་གསུངས་པས། མདོ་རྩ་བར་གཞི་བཅུ་བདུན་དུ་བསྟན་པའོ། །འོ་ན་གཏམ་གྱི་གཞི་དང་མ་མོ་ལསརྣམ་པར་འབྱེད་པ་དང་འདུལ་བའི་དངོས་པོ་བཅོ་བརྒྱད་དང་ཞེས་གཞི་བཅོ་བརྒྱད་དུ་གསུངས་པ་ཇི་ལྟར་ཡིན་ཞེ་ན། གཞིའི་ལེའུ་དང་པོ་ལ་རབ་ཏུ་བྱུང་བའི་གཞི་དང་བསྙེན་པར་རྫོགསཔའི་གཞི་གཉིས་སུ་ཕྱེ་ནས། གཞི་བཅོ་བརྒྱད་དུ་གསུངས་པ་སྟེ། དེ་ལྟར་འགྲེལ་ཆུང་ལས། གཞི་བཅོ་བརྒྱད་ཡོད་པ་ལས་འགོར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་ཆོ་ག་ལགཞི་རེ་རེ་བརྩིའོ། །དེ་ཡང་གནས་སྐབས་ནི་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་གཉིས་ཀའི་སྤྱིར་གཏོགས་ཞེས་སོ། །ལུང་ཞུ་བ་ལས། བསྙེན་པར་རྫོགས་པའི་གཞི། ཞེས་གསུངས་སོ། །འོན་ཀྱང་མ་མོ་ལས། རྣམ་པར་འབྱེད་པ་དང་འདུལ་བའི་དངོས་པོ་བཅོ་བརྒྱད་དང༌། ཞེས་གསུངས་པས་དཔྱད་པར་བྱའོ། །

ལྔ་པ་གོ་རིམ་ངེས་པ་ལ།

གཞི་རྣམས་ཀྱི་དང་པོ་རབ་ཏུ་བྱུང་བའི་གཞི་བསྟན་པ་ནི།

འདིར་རབ་བྱུང་བའི་བསླབ་པ་རྣམས་སྟོན་པ་ལ། ཐོག་མར་རྟེན་གྱི་གང་ཟག་གཞི་གྲུབ་དགོས་པའིཕྱིར་རོ། །འདིར་གསོ་སྦྱོང་གི་གཞི་འདི་བསླབ་པ་ཡོངས་སུ་སྦྱང་བའི་གཞི་གསུམ་གྱི་དང་པོར་བསྟནཔ་ནི། ལུང་ལས་ཀྱང་གཞི་འདི་གསུམ་གྱི་དང་པོར་བསྟན་པའི་ཕྱིར་རོ། །དབྱར་དང་དགག་དབྱེདང་སྲ་བརྐྱང་གི་གཞི་གསུམ་ནི། ལུང་ལས་དགག་དབྱེ་དབྱར་དང་ཀོ་ལྤགས་གཞི། །སྨན་དང་གོསདང་སྲ་བརྐྱང་དང་ཞེས་གོ་རིམ་དེ་ལྟར་གསུངས་ཀྱང༌། འདིར་གོ་རིམ་སྔ་ཕྱི་བསྒྱུར་ཏེ་བསྟན་པ་ནི།

དབྱར་གནས་པའི་རྗེས་སུ་དགག་དབྱེ་བྱེད་ཅིང་དགག་དབྱེ་བྱས་པའི་རྗེས་སུ་སྲ་བརྐྱང་འདིང་བ་ཡིན་པས་ཉམས་ལེན་ལ་འཇུག་པའི་གོ་རིམ་བཞིན་བཀོད་ན་རྟོགས་སླ་ཞེས་མཚོ་ཊཱིཀ་ལས་སོ། ། གོས་ཀྱི་གཞི་ནི་ལུང་ལས་ཀོ་ལྤགས་དང་སྨན་གྱི་གཞིའི་འོག་ཏུ་གསུངས་ཀྱང༌། འདིར་དེ་གཉིས་ཀྱི་གོང་འདིར་བསྟན་པ་ནི། གོས་ལ་བརྟེན་པའི་གཞི་གསུམ་རིགས་མཐུན་ལྷན་ཅིག་ཏུ་བསྟནན་རྟོགས་སླ་བའི་ཕྱིར་རོ། །ཀོ་ལྤགས་དང་སྨན་གྱི་གཞི་གཉིས་གཞུང་འདིར་གོ་རིམ་འདི་ལྟར་བསྟནཔ་ནི། ལུང་ལས་གོ་རིམ་ཇི་ལྟར་གསུངས་པ་བཞིན་བསྟན་པའོ། །ལས་དང་ཕྱིར་བཅོས་དང་དུསདང་དུས་མིན་བསྡུས་པ་དང༌། ས་གཞན་ན་གནས་པའི་སྤྱོད་པ་དང༌། ཡོངས་སུ་སྦྱོང་བའི་གཞི་ལྔ་ལུང་ལས་གོ་རིམ་ཇི་ལྟར་གསུངས་པ་བཞིན་གཞུང་འདིར་བསྟན་པའོ། །ལས་བྱེ་བའི་གཞི་ནི་ལུང་ནས་ལས་གཞིའི་གོང་དུ་གསུངས་ལ། འཁོར་ལོ་བྱེ་བའི་གཞི་ནི་ལུང་ལས་རྩོད་གཞིའི་འོག་ཏུགསུངས་ཀྱང༌། གཞི་འདི་གཉིས་སྐབས་འདིར་ལྷན་ཅིག་ཏུ་བསྟན་པ་ནི། སྤྱོད་པའི་དབྱེན་དང་ལྟབའི་དབྱེན་གཉིས་པོ་རིགས་མཐུན་ལྷན་ཅིག་ཏུ་བསྟན་ན་རྟོགས་སླ་བའི་ཕྱིར་རོ། །རྩོད་པའི་གཞིནི་ལུང་ལས་གནས་མལ་གཞིའི་འོག་ཏུ་གསུངས་ཀྱང༌། གཞུང་འདིར་དེ་གཉིས་སྔ་ཕྱི་བསྒྱུར་ཏེབསྟན་པ་ནི་རྩོད་པའི་གཞི་གསུམ་པོ་རིགས་མཐུན་ལྷན་ཅིག་ཏུ་བསྟན་ན་རྟོགས་སླ་བའི་ཕྱིར་རོ། །

དྲུག་པ་གཞིའི་སྒྲ་བཤད་པ་ནི།

རབ་ཏུ་དབྱུང་བ་དང་གསོ་སྦྱོང་ལ་སོགས་པ་རྣམས་ཀྱིདོན་རྟོགས་པར་བྱེད་པའི་གཞིའམ་རྟེན་དུ་གྱུར་པས་ན་གཞི་ཞེས་བྱ་སྟེ། གཞི་འགྲེལ་ལས། གཞིཞེས་བྱ་བ་ནི་རྟེན་ཏེ། རབ་ཏུ་འབྱུང་བ་ལ་སོགས་པའི་དོན་ཐམས་ཅད་གཏན་ལ་འབེབས་ཤིང་རྟེནདུ་གྱུར་པ་ཉེ་བར་སྟོན་པའི་གཞུང་ནི་གཞིའི་སྒྲར་གསུངས་སོ། །

གཉིས་པ་རབ་བྱུང་གི་གཞི་བསྟན་ཟིན་པ་ལས་གཞན་བཅུ་དྲུག་སོ་སོར་བཤད་པ་ལ།

བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་བསྲུང་བའི་གཞི་གསུམ་དང༌། བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་བསྲུང་བའི་གཞི་བཞི་དང༌། ལས་ཀྱི་གཞི་དང༌། ཉམས་ན་ཕྱིར་བཅོས་པའིགཞི་བདུན་དང༌། དེ་དག་གི་རྟེན་གནས་མལ་གྱི་གཞི་བཤད་པ་དང་ལྔ་ལས། དང་པོ་ལ་གསུམ་ལས། དང་པོ་གསོ་སྦྱོང་གི་གཞི་བཤད་པ་ལ། རྩ་བར། སྤྱོད་ཡུལ་དུ་ཞུགས་པས་རྣལ་འབྱོར་སྒོམཔར་མི་བྱའོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་བརྒྱད་ལས། དང་པོ་གླེང་གཞི་ནི། སངས་རྒྱས་རྒྱལ་བོའི་ཁབ་ན་བཞུགས་པའི་ཚེ། དགེ་བསྙེན་འགའ་ཞིག་མུ་སྟེགས་བྱེད་ཀྱི་ནང་དུསོང་སྟེ་གཏམ་སྣ་ཚོགས་བྱས་པས་མུ་སྟེགས་བྱེད་ཁ་ཅིག་དང་ཤེས་ལྡན་བདག་ཅག་འབའ་ཞིག་ལའདུག་པ་དང་བྱ་བ་དང་གསོ་སྦྱོང་ཡོད་དམ། འོན་ཏེ་ཤཱཀྱའི་བུ་དགེ་སྦྱོང་དག་ལའང་ཡོད། འགའཞིག་ན་རེ་འུ་ཅག་ཁོ་ན་ལ་ཡོད་ཀྱི་དེ་དག་ནི་སྙིང་རྗེ་ཆུང་བ་དང་འདུ་འཛི་ལ་དགའ་བས་མེད་ཟེར་བ།

དགེ་བསྙེན་རྣམས་ཀྱིས་གཏམ་དེ་བཅོམ་ལྡན་འདས་ལ་གསོལ་ཏེ་གསོ་སྦྱོང་བྱེད་པར་ཞུས་པས་ཅང་མི་གསུངས་བར་གནང་སྟེ་དེ་རྗེས་དགེ་སློང་དག་དེང་ཕྱིན་ཆད་འདུག་པ་དང་བྱ་བ་དང་གསོ་སྦྱོངགྱིས་ཤིག ཅེས་གསུངས་པས། དགེ་སློང་རྣམས་ཀྱིས་ཇི་ལྟར་བྱེད་མ་ཤེས་པར་ཞུས་པས་བཅོམ་ལྡན་འདས་ཀྱིས་འདུག་པ་ནི་རྣལ་འབྱོར་ཏེ་ལུས་འདི་ལ་རྐང་མཐིལ་ཡན་ཆད་ལ་མི་གཙང་བའི་རྫས་སོ་དྲུག་གིས་གང་བར་རྟོགས་ཤིང༌། ཞེས་གསུངས་པས་ཞི་གནས་ཀྱི་གསོ་སྦྱོང་བསྟན། ལུང་ལས། བྱ་བ་ནི་ཞེས་པས་གསོལ་བ་འབའ་ཞིག་པ་དང་གསོལ་གཉིས་ཀྱི་ལས་དང་གསོལགཞིའི་ལས་གནང་ངོ། །གསོ་སྦྱོང་ནི་ཟླ་བ་ཕྱེད་ཕྱེད་སོ་སོ་ཐར་བའི་མདོ་འདོན་པས་སོ། །ཞེས་པས་མཐུན་པའི་གསོ་སྦྱོང་རྣམས་གནང་ངོ། །ཞེས་གསུངས་པའོ། །གཉིས་པ་གསོ་སྦྱོང་གི་དབྱེ་བལ། དབྱེ་བའི་གཞི་ནི་ཆོས་འདི་པའི་དགེ་སྦྱོང་གི་གསོ་སྦྱོང་མཚན་ཉིད་དང་ལྡན་པའཽ། ། དབྱེ་བའི་སྒོ་དུས་སམ་དགོས་པ་ཐ་དད་ཀྱི་སྒོ་ནས་ཕྱེ་བས་གསོ་སྦྱོང་དྲུག་སྟེ། ཞི་གནས་ཀྱི་གསོ་སྦྱོངདང༌། མཐུན་པའི་གསོ་སྦྱོང་དང༌། བཀྲ་ཤིས་ཀྱི་གསོ་སྦྱོང་དང༌། གནོད་པ་བྱུང་བ་བཟློག་པའིགསོ་སྦྱོང་དང༌། གསོ་སྦྱོང་བཅོ་ལྔ་པ་དང༌། བཅུ་བཞི་པའོ། །

གསུམ་པ་གསོ་སྦྱོང་གི་བསྡུ་བ་ནི།

ཞི་གནས་དང་མཐུན་པའི་གསོ་སྦྱོང་གཉིས་སུ་འདུསཏེ། ཀརྨ་ཤ་ཏཾ་ལས། མཐུན་པའི་གསོ་སྦྱོང་ནི་རྣམ་པ་ལྔ་སྟེ། ཞེས་ཞི་གནས་ལས་གཞན་ལྔ་པོདེ་དག་གསུངས་པས་སོ། །

བཞི་བ་གསོ་སྦྱོང་གི་མཚན་ཉིད་ནི། ཆོས་འདི་པའི་རབ་བྱུང་གི་གསོ་སྦྱོང་གི་མཚནཉིད་ནི། ཆོས་འདི་པའི་དགེ་སྦྱོང་གི་བསླབ་པ་ཡོངས་སྦྱོང་ཡིན་པ་གང་ཞིག ཉེས་པ་ཕྱིར་བཅོསཔ་དངོས་གཞིར་གྱུར་པ་མ་ཡིན་ལ་དབྱར་ཚུལ་དང་དགག་དབྱེ་ཡིན་པ་རྣམ་བཅད་ཀྱི་ངོ་བོར་གྱུརཔ། ཞེས་མཚོ་ཊཱིཀ་ལས་སོ། །ཆོས་འདི་བ་ཞེས་པས་ཕྱི་རོལ་བའི་གསོ་སྦྱོང་ཡོད་པར་ལུང་ལསགསུངས་པ་དེ་གཅོད། འདི་བས་དགེ་སྦྱོང་གི་ཞེས་པས་རྩ་བར། ཁྱིམ་པ་ལ་ཡང་གསོ་སྦྱོང་དང་སྐྱབསསུ་འགྲོ་བ་དང་ཞེས་པས་ཁྱིམ་པའི་དེ་གཅོད། བསླབ་པ་ཡོངས་སུ་སྦྱོང་བ་ཞེས་པས་ལྟུང་བ་གླེང དྲན་བརྗོད་བཅས་ཕུར་བཅས་ལྟུང་བ་བྱིན་རླབས་སོགས་བསལ་བའོ། །མཚན་ཉིད་དེ་ལྟར་བཞག་པ་ལ་དགེ་སློང་གི་རྒྱུད་ཀྱི་དྲན་ཤེས་བཞིན་བག་ཡོད་གསུམ་ཆོས་ཅན། མཚོན་བྱ་དེར་ཐལ།

མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། ཞི་གནས་དང་མཐུན་པའི་གསོ་སྦྱོང་གཉིས་གང་ཡངམ་ཡིན་པའི་ཕྱིར་ཟེར་ན་ཞིབ་ཆ་མཛད་པར་ཞུའོ། །

ལྔ་པ་གསོ་སྦྱོང་གི་གྲངས་ངེས་པ་ནི།

དགོས་པ་ལ་ལྟོས་པའི་གྲངས་ངེས་པ་སྟེ། སྤང་བྱལ་ལྟོས་ནས་གསོ་སྦྱོང་གཉིས་སུ་རྣམ་པར་བཞག་སྟེ། སྤང་བྱ་སྔར་བསགས་དག་པར་བྱེད་པདང༌། ཕྱིས་འབྱུང་རྒྱུན་སྡོམ་པ་ལ་ལྟོས་ནས་གསོ་སྦྱོང་གཉིས་སུ་གསུངས་པའི་ཕྱིར་ཏེ། ཀརྨཤ་ཏཾ་ལས། སྔ་མ་རྣམས་ནི་སྒོམ་པའི་རྣམ་པས་སྦྱངས་པ་ཡིན་པས། དེ་ནི་ཞི་གནས་ཀྱི་གསོ་སྦྱོངགིས་སྦྱོང་བར་བྱེད་དོ། །ལས་ཕྱི་མ་རྣམས་ནི་མི་བྱ་བའི་ཆུ་ལོན་གྱིས་བསྡམ་པ་ཡིན་པས་དེ་ནིམཐུན་པའི་གསོ་སྦྱོང་གིས་སྡོམ་པར་བྱེད་དོ། །ཞེས་གསུངས་སོ། །བླང་བྱ་ལ་ལྟོས་ནས་ཀྱང་གསོ་སྦྱོང་གཉིས་སུ་རྣམ་པར་བཞག་སྟེ། ཚུལ་ཁྲིམས་ཡོངས་སུ་སྦྱོང་བ་ལ་མཐུན་པའི་གསོ་སྦྱོང་དང༌། སེམས་དང་ཤེས་རབ་་ཡོངས་སུ་སྦྱོང་བ་ལ་ཞི་གནས་ཀྱི་གསོ་སྦྱོང་ངོ༌། །དེ་ཡང་ཀརྨ་ཤ་ཏཾ་ལས།

མཐུན་པའི་གསོ་སྦྱོང་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞི་གནས་ཀྱི་གསོ་སྦྱོང་ནི་ལྷགཔའི་སེམས་དང་ཤེས་རབ་ཀྱི་དབང་དུ་བྱས། ཞེས་གསུངས་སོ། །

དྲུག་པ་གསོ་སྦྱོང་གི་གོ་རིམ་ངེས་པ་ནི་གཉིས་ལས། ཞི་གནས་ཀྱི་གསོ་སྦྱོང་དང་པོརབསྟན་པའི་འཐད་པ་ནི། བརྗོད་བྱ་དོན་གྱི་ཆ་ནས་གཙོ་བོ་ཡིན་པའི་ཕྱིར་དང༌། རྗོད་བྱེད་ཀྱི་ཆ་ནསཡི་གེ་ཉུང་བའི་ཕྱིར་ཏེ། ཊཱི་ཀ་ལས། གཙོ་བོ་ཡིན་པའི་ཕྱིར་དང༌། བརྗོད་པར་བྱ་བ་ཉུང་བའམ་དེདང་པོར་ཞི་གནས་ཀྱི་གསོ་སྦྱོང་བཤད་པར་བྱའོ། །ཞེས་སོ། །མཐུན་པའི་གསོ་སྦྱོང་འདི་ཞི་གནསཀྱི་གསོ་སྦྱོང་གི་ཕྱི་ནས་བསྟན་པའི་འཐད་པ་ནི་གཙོ་བོ་མ་ཡིན་པའི་ཕྱིར་དང་ཞི་གནས་ཀྱི་གསོ་སྦྱོངགི་གཞུང་ལ་ལྟོས་ཏེ། ཡི་གེ་མང་བའི་ཕྱིར་རོ། །

བདུན་པ་གསོ་སྦྱོང་གི་སྒྲ་བཤད་པ་ནི།

ཀརྨ་ཤ་ཏཾ་ལས། གསོ་སྦྱོང་ཞེས་བྱ་བ་ནི་བསླབ་པགསུམ་པོ་དག་གསོ་ཞིང་སྦྱོང་བར་བྱེད་པ་སྟེ། ཞེས་གསུངས་ཏེ། གསོ་སྦྱོང་སྤྱིའི་སྒྲ་བཤད་པའོ། །

བྱེ་བྲག་ཏུ་མཐུན་པའི་གསོ་སྦྱོང་གི་སྒྲ་བཤད་པ་ནི། ཊཱི་ཀ་ལས། གསོ་སྦྱོང་ཞེས་བྱ་བ་ནི་ཚུལཁྲིམས་གསོ་ཞིང་སྦྱོང་བ་སྟེ། ཞེས་གསུངས་སོ། །

བརྒྱད་པ་གསོ་སྦྱོང་བྱ་བའི་ཚུལ་ལ་ཞི་གནས་ཀྱི་གསོ་སྦྱོང་བྱ་བའི་ཚུལ་དང་མཐུན་པའི་གསོ་སྦྱོང་བྱ་བའི་ཚུལ་གཉིས། དང་པོ་ལ་ལྔ་ལས། དང་པོ་དགོས་པ་ནི་དངོས་སུ་བྱིང་རྒོད་སྤོང་ཞིང་བརྒྱུད་ནས་ཉོན་མོངས་པ་མཐའ་དག་སྤོང་བའོ། །གཉིས་པ་གང་དུ་བསྒོམ་པའི་གནས་ནི། གནས་མ་ཡིནཔ་སྤང་ཞིང་གནས་སུ་ཡང་དག་པར་སྒོམ་པའོ། །གསུམ་པ་རྟེན་གང་གིས་བསྒོམ་པ་ནི། དྲུག་ལས།

༡ཚུལ་ཁྲིམས་དག་པ་དང༌། ༢མང་དུ་ཐོས་པ་སྟེ། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡནཔས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་དང༌། །སོ་སོ་ཐར་པ་ལས། མང་དུ་ཐོས་པ་ནགས་ཀྱིནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། །ཞེས་སོ། །༣འདོད་པ་ཆུང་བ་༤ཆོག་ཤེས་ཏེ། ཉན་ཐོས་ཀྱི་ས་ལས། འདོད་ཆུང་ཆོག་ཤེས། ཞེས་གསུངས་པ་དང༌། གཞན་དུ་ན་མཉམཔར་འཇོག་མི་ནུས་པའི་ཕྱིར་རོ། །༥གདམས་ངག་དང་ལྡན་པ་སྟེ། གདམས་ངག་མེད་པར་བསྒོམཔར་མི་བྱ་བ་དང༌། ཞེས་པ་དང༌། གཞན་དུ་ན་དགོས་པ་མེད་ཅིང་དགག་བྱ་དང་ལྡན་པའི་ཕྱིར་རོ། །

༦ལུས་སེམས་དབེན་པ་སྟེ། མངོན་པར་འདུ་བར་ཡང་མི་བྱ། ཞེས་པ་དང༌། གཞན་དུ་མཉམ་པརའཇོག་མི་ནུས་པའི་ཕྱིར་རོ། །

བཞི་པ་དངོས་པོ་གང་སྒོམ་པ་ནི།

མོས་པ་ཡིད་ལ་བྱེད་པ་དང༌། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ལྟ་བུ་ཅིརིགས་པའོ། །ལུང་མ་མོ་ལས། སྐྱིལ་མོ་ཀྲུང་འཆོས་ཏེ། ལུས་དྲང་པོར་སྲོང་ལ་དྲན་པ་མངོན་དུབཞག་སྟེ། ལུས་འདི་ལ་རེག་པར་བྱ་བ་བརྒྱད་སྤང་བར་བྱའོ། །འདི་ལྟ་སྟེ། ནད་དོ། །སྐྲན་ནོ། །མཚོནནོ། །དུག་གོ །མི་རྟག་པའོ། །སྡུག་བསྔལ་བའོ། །སྟོང་པ་ཉིད་དོ། །བདག་མེད་པའོ། །འོན་ཏེ་མིནུས་ན་ལངས་ཏེ་ཀློག་པ་རྒྱུན་ཆགས་གསུམ་བཀླག་གོ། །ཞེས་གསུངས་སོ། །ལྔ་པ་ཚུལ་ཇི་ལྟརབསྒོམ་པ་ལ་གཉིས་ལས། དང་པོ་བྱིང་བ་སྤང་བའི་ཕྱིར་གཉིད་བྲོ་ན་གདོས་བུ་གདགས་པ་ལསོགས་པ་བྱའོ། །གདོས་བུ་ནི་ཕྲན་ཚེགས་འགྲེལ་བ་ལས། གདོས་བུ་ནི་བྱང་བུའི་རྣམ་པ་ཅན་དུ་ཤིངགཞོགས་པ་མཐོ་གང་གི་ཚད་དུ་བྱས་པ་དེ། སྐུད་པས་རྣ་བ་ལ་དཔྱངས་པའམ་མགོ་བོའི་སྟེང་དུབཞག་ན་རབ་ཏུ་གཉིད་ཡུར་ཏེ་གཡོ་བའི་ཚེ། དེ་ཡན་ལག་གི་ཕྱོགས་ལ་ཕོག་པས་གཉིད་སངསཔའི་ཐབས་ཡིན་ནོ། །ཞེས་གསུངས་སོ། ། གཉིས་པ་རྒོད་པ་སྤང་བའི་ཕྱིར་སྤོང་བ་པའི་ཞལ་ཏ་བ་བསྐོ་བ་ལ། རྩ་བར། སྤོང་བ་པའི་ཞལ་ཏ་བབསྐོའོ་ཞེས་པ་འདིའི་དོན་བཤད་པ་ལ་ལྔ་ལས། དང་པོ་དགོས་པའི་དོན་ནི། སྤོང་བ་པ་བདེ་བརགནས་ཤིང་ཡིད་དལ་བ་ལ་བརྟེན་ནས་ཏིང་ངེ་འཛིན་སྐྱེ་བའོ། །གཉིས་པ་ཡུལ་གང་བསྐོ་བ་ནི།ཆོས་བཅུ་བཞི་དང་ལྡན་པ་སྟེ། དེ་ཡང་སྔར་བཤད་པའི་དགེ་སློང་ཆོས་དྲུག་ལྡན་གྱི་སྟེང་དུ། ༧མཚམསཀྱི་ནང་ན་གནས་པ་སྟེ། མཚམས་གཞན་ན་གནས་པ་ནི། ཞེས་གསུངས་པས་སོ། །འགྲོ་བ་བཞིདང་བྲལ་བ་སྟེ། ༨འདུན་པ་དང་༩ཞེ་སྡང་དང་༡༠གཏི་མུག་དང་༡༡འཇིགས་པས་འགྲོ་བ་དང་བྲལབ་ཞེས་སོ། །༡༢སྤྲོ་བ་དྲིས་ནས་སྤྲོ་བ་སྟེ། སྤྲོ་བར་བྱས་ཏེ་བསྐོའོ་ཞེས་གསུངས་ལ། བསྐོ་བའི་ལསལ་སྤྲོ་བ་མི་འདྲི་ན་ཆོས་མ་ཡིན་པའི་ལས་སུ་འགྱུར་བའི་ཕྱིར་རོ། །༡༣སྔར་སྐོས་པ་དང་མ་འབྲེལབ་སྟེ། སྔར་བསྐོས་པ་ནི་མ་བསྐོས་པ་ཉིད་མ་ཡིན་ནོ། །༡༤ཚོགས་སུ་མ་ལོངས་པ་སྟེ། ཚོགསཀྱི་ལས་མི་བྱའོ། །ཞེས་དང༌། གཞན་དུ་ཚོགས་ཙམ་དུ་ནུས་པ་མཐུ་མཉམ་པས་གུས་པ་མི་འདྲེནཔའི་ཕྱིར་རོ། །བསྙེན་རྫོགས་ཀྱི་དམིགས་བསལ་ནི་དགེ་ཚུལ་རྣམ་དག་ཆོ་ག་རྗེས་སུ་བསྒྲག་པའི་ཚུལ་གྱིས་བསྐོས་ཀྱང་རུང་ངོ༌། །གསུམ་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིདབཞི་ལྡན་གྱིས་སོ། །བཞི་བ་ཆོ་ག་གང་གིས་བསྐོ་བ་ནི། སྦྱོར་དངོས་མཇུག་གསུམ་གྱིས་ཏེ། སྦྱོརབ་སྤྲོ་བ་འདྲི་བ་དང༌། དངོས་གཞི་གསོལ་གཉིས་ཀྱི་ལས་དང༌། མཇུག་ལས་ཀྱི་མཇུག་སྡུད་བརྗོདཔའོ། །ལྔ་པ་བསྐོ་བའི་བསླབ་བྱ་ནི་གཞུང་འདི་ཉིད་ལས་ཤེས་པར་འགྱུར་རོ། །ཏིང་ངེ་འཛིནབསྒོམ་པའི་འཕྲོ་གཅོད་པ་ན་སྤོང་བ་པ་རྣམས་ཀྱིས་རྒྱུན་ཆགས་གསུམ་པ་ཁ་ཏོན་དུ་གདོན་ཅིངཏིང་ངེ་འཛིན་སྒོམ་པ་ཅི་བདེར་འཕྲོ་གཅད་པར་བྱའོ། །སྐབས་འདིར་སྤོང་བ་པའི་ཞལ་ཏ་བས་ནིསྤོང་བ་པ་རྣམས་ལ་ད་ནི་ཅི་བདེར་སྤྱོད་ཅིག་ཅེས་སྦྲན་པར་བྱ་སྟེ། འགྲེལ་ཆུང་ལས།བསམ་གཏན་དུ་ཞུགས་པ་རྣམས་ཀྱིས་དུས་མི་རིག་པའི་ཕྱིར་ཞེས་བཤད་དོ། ། ཊཱི་ཀལས་རྒྱུན་ཆགས་གསུམ་པ་བཏོན་པའི་འོག་ཏུ་སྦྱིན་པའི་ཕན་ཡོན་བཤད་པར་བྱའོ་ཞེས་བཤད་དོ།། སུས་བཤད་པར་བྱ་ཞེ་ན། ལུང་དང་ཀརྨ་ཤ་ཏཾ་ལས། གནས་བརྟན་གྱིས་ཡོན་བཤད་པར་བྱའོ། །ཞེས་གསུངས་སོ། །

གཉིས་པ་མཐུན་པའི་གསོ་སྦྱོང་བཤད་པ་ལ།

གསོ་སྦྱོང་བྱ་བའི་གནས་ཀྱི་ཁྱད་པར་དང༌། འདུན་པ་དང་ཡོངས་དག་འབུལ་བ་དང༌། ཆོ་གའི་ཁྱད་པར་བཤད་པ་དང་གསུམ། དང་པོ་ལབློ་མཐུན་པར་བྱེད་པའི་དགེ་འདུན་གྱི་གནས་དང༌། མཚམས་གཅད་ཚུལ་དང་གཉིས། དང་པོ་ནི། རྩ་བར། གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱའོ། །ཞེས་གསུངས་པའི་དོན་བཤད་པ་ལ་ལྔ་ལས། དང་པོ་གནས་ལ་བློ་མཐུན་བྱས་པའི་དགོས་པའི་དོན་ནི། སྤྱིར་གནས་ལ་བློ་མཐུནབྱས་པས་དགེ་འདུན་རྣམས་ཐུགས་མཐུན་པར་འགྱུར་ལ། བྱེ་བྲག་ཏུ་ལས་ཀྱིས་བྱས་པས་ཀླགཅོར་དུ་མི་འགྱུར་བའོ། །གཉིས་པ་གནས་གང་ལ་བློ་མཐུན་བྱ་བ་ལ་བཞི་ལས། དང་པོ་ནི་གན༷ས་ཐ༷མས་ཅ༷ད་སྐྱེས་བུའི་རྩོལ་བས་མ་བྱས་པར་རང་གྲུ༷བ་པ་བྲག་ཕུག་ལ་སོགས་པའ༷མ་སྐྱེས་བུའི་རྩོལ་བས་བྱ༷ས་ཀྱང་བྱས་མ་ཟིན་པ༷འ༷མ་བྱས་ཟི༷ན་པ༷འི་གནས་གསུམ་ལས་གང་ཡང་རུང་བཡིན་པ་སྟེ། རྩ་བར། གནས་ཐམས་ཅད་གྲུབ་པའམ་བྱས་པའམ་ཟིན་པ་ལའོ། །ཞེས་གསུངསཔས་སོ། །དེ་གསུམ་ལས་གཞན་དུ་མི་འཆགས་ཏེ། གནས་ཀྱི་བློ་མི་འབྱུང་བའི་ཕྱིར་རོ། །དབྱེཐང་ཀ་སྐྱབས་མེད་པ་ལ་བློ་མཐུན་བྱ་བ་མེད་པར་ཐལ། བཤད་མ་ཐག་པ་དེའི་ཕྱིར། འདོདམི་ནུས་ཏེ། བློ་མཐུན་བྱས་པའི་དོན་དེ་ལ་ཡོད་པའི་ཕྱིར་དང༌། རྩ་བར། དགོན་པ་ནི་ཕྱོགས་ཕྱོགསསུ་རྒྱངས་གྲགས་ཀྱི་མཐའོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། མཚོ་ཊཱིཀ་ལས། འོན་ཀྱང་དབྱེ་ཐང་ཀ་ལ་གནས་ལ་བློ་མཐུན་མི་བྱ་སྟེ། སྐྱབས་ཀྱི་ཞེན་པ་འབྱུང་རུང་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཞེ་ན་དཔྱད་འཚལ་ལོ། །གཉིས་པ་ཉེ་འཁོར་འདོམ་གང་ཡནཆད་དང་ལྡན་པ་སྟེ། ཉེ་འཁོར་འདོམ་གང་དང་ལྡན་པའོ། །ཞེས་གསུངས་པ་དང་གཞན་དུ་ནབདེ་བའི་རྒྱུར་མི་འགྱུར་བའི་ཕྱིར་རོ། །གསུམ་པ་དགེ་འདུན་བཞེད་པ་ཡིན་པ་སྟེ། དགེ་འདུནའདོད་ནའོ། །ཞེས་གསུངས་པ་དང༌། གཞན་དུ་ན་ཀུན་སློང་མི་འབྱུང་བའི་ཕྱིར་རོ། །བཞི་པ་སྔརབློ་མཐུན་བྱས་པ་དང་མ་འབྲེལ་བ་སྟེ། སྔར་གནང་བ་མ་ཐོབ་པ་ལའོ་ཞེས་གསུངས་པའི་གནད་ཀྱིས་སྦྱར་རོ། །གསུམ་པ་རྟེན་གང་གིས་བློ་མཐུན་བྱ་བ་ནི་དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །བཞི་པ་ཆོ་ག་གང་གིས་བློ་མཐུན་བྱ་བ་ནི། གསོལ་གཉིས་ཀྱི་ལས་ཀྱིས་སོ། །ལྔ་པ་བློ་མཐུནབྱས་པ་འཇིག་པའི་རྒྱུ་ནི། མཚམས་ནང་དེ་ན་དགེ་སློང་མེད་པར་སྐྱ་རེངས་ཤར་བ་དང༌། རྟེན་ཞིངམ་ཡིན་པར་གྱུར་པ་དང༌། གནས་ཞིང་མ་ཡིན་པར་གྱུར་པའོ། །

གཉིས་པ་མཚམས་གཅད་པའི་ཚུལ་ལ།

ལས་ཀྱི་མཚམས་དང་རང་བཞིན་གྱི་མཚམས་གཉིས། དང་པོ་ལ་མི་འདུ་བ་དགག་པའི་ཕྱིར་མཚམས་པོ་ཆེ་གཅད་པ་དང༌། འདུ་བ་ཁྱབ་ཆེས་པ་སྤོང་ཕྱིར་དཀྱིལ་འཁོར་བ་གཅད་པ་དང་གཉིས། དང་པོ་ལ་དངོས་དང༌། ཆོས་གོས་དང་མིའབྲལ་བར་གནང་བ་སྦྱིན་པ་གཉིས། དང་པོ་ནི། རྩ་བར། མཚམས་གཅད་པར་བྱའོ། །དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུའོ། །ཞེས་གསུངས་པ་འདིའི་དོན་བཤད་པ་ལ་ལྔ་ལས། དང་པོ་མཚམས་པོ་ཆེ་བཅད་པའི་དགོས་པ་བཞི་ཡོད་དེ། སྤྱིར་ལས་ལ་དགེ་སློང་ཐམས་ཅད་འདུ་དགོས་ཤིང༌། བྱེ་བྲག་ཏུ་གསོ་སྦྱོང་དང་དགག་དབྱེའི་ལས་ལ་ཐམས་ཅད་འདུས་པས་ཀུནདག་པར་འགྱུར་བ་དང༌། ཆོས་གོས་དང་འབྲལ་བ་ཚེགས་ཆུང་ངུས་སྤོང་བ་དང༌། དབྱར་འདྲལབའི་ཉེས་པ་སྤང་སླ་བ་དང༌། གནས་གཞན་དུ་དབྱར་གནས་པར་ཁས་བླངས་པས་ཀྱང་སྲ་བརྐྱངགི་ཕན་ཡོན་ཐོབ་པའོ། །གཉིས་པ་གནས་གང་ལ་མཚམས་པོ་ཆེ་བཅད་པ་ནི་ལྔ་ལས། དཔགཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་ཡིན་པ་དང༌། ཕྱོགས་བཞིར་མཚན་མ་བརྟན་པོ་དང་ལྡན་པ་དང༌། ཆུ་ལ་སོགས་པ་མཚམས་གཞན་མ་ཡིན་པ་དང༌། སྔར་མཚམས་བཅད་པ་དངམ་འབྲེལ་བ་དང༌། གཞན་གྱིས་མཚམས་བཅད་པའི་མཚན་མ་བརྟན་པོ་བཙུགས་པ་མིན་པ་དངལྔའོ། །ལུང་གཞི་དང་ཀརྨ་ཤ་ཏཾ་ལས། གྲོང་དང་གྲོང་གི་ཉེ་འཁོར་མ་གཏོགས་པར་མཚམས་ཆེནཔོ་གཅོད་ཅེས་གསུངས་པས་སོ། །གསུམ་པ་རྟེན་གང་གིས་མཚམས་པོ་ཆེ་བཅད་པ་ནི། དགེའདུན་མཚན་ཉིད་བཞི་ལྡན་གྱིས་སོ། །བཞི་པ་ཆོ་ག་གང་གིས་མཚམས་པོ་ཆེ་བཅད་པ་ནི། སྦྱོརདངོས་མཇུག་གསུམ་མོ། །སྦྱོར་བ་ནི་རྒྱུས་ཤེས་པའི་དགེ་སློང་རྣམས་ཀྱིས་བརྟགས་ནས་དགེའདུན་གྱི་མདུན་དུ་མཚན་མ་བརྟན་པོ་བརྗོད་པའོ། །དངོས་གཞི་གསོལ་གཉིས་ཀྱི་ལས་དང༌། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །ལྔ་པ་མཚམས་པོ་ཆེ་བཅད་པ་འཇིག་པའི་རྒྱུ་ནི། མཚམས་ནང་དེ་ན་དགེ་སློང་མེད་པར་སྐྱ་རེངས་ཤར་བ་དང༌། ཕྱོགས་བཞིའི་མཚན་མ་བརྟན་པོཞིག་པ་དང༌། ཆུ་ལ་སོགས་པ་མཚམས་གཞན་བྱུང་བ་དང༌། རྟེན་དགེ་སློང་ཐམས་ཅད་ཞིང་མཡིན་པར་གྱུར་པ་དང༌། ཆོ་གས་ཀྱང་གཞིག་ཏུ་རུང་བའོ། །

གཉིས་པ་ཆོས་གོས་དང་མི་འབྲལ་བར་གནང་བ་སྦྱིན་པ་ལ།

རྩ་བར། དེར་གནང་བརབྱས་ན་ཆོས་གོས་དག་དང་འབྲལ་བར་མི་འགྱུར་རོ། །དེ་བྱའོ། །ཞེས་བྱུང༌། འདིའི་དོན་བཤདཔ་ལ་དྲུག་ལས། དང་པོ་དགོས་པའི་དོན་ནི་མཚམས་པོ་ཆེའི་ནང་དེར་དགེ་སློང་ཐམས་ཅད་ཀྱིསགནས་གང་དུ་ཆོས་གོས་བཞག་ཀྱང་འབྲལ་བའི་ཉེས་པར་མི་འགྱུར་བ་ཡིན་ཏེ། ལུང་གཞི་ལས། མཚམས་ཆེན་པོའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་མི་འབྲལ་བའི་གནང་བསྦྱིན་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་གཞི་གང་ལ་མི་འབྲལ་བའི་གནང་བ་བྱ་བ་ལ། ས་གཞི་དེར་མི་འབྲལ་བའི་གནང་བ་བྱིན་ཟིན་པ་དང་མ་འབྲེལ་བ་དང༌། ཆོ་གའི་སྒོནས་མཚམས་བཅད་པ་གང་ཡིན་པ་དང་གཉིས། དང་པོ་ནི། སྔར་གནང་བ་མ་ཐོབ་པ་ལའོ་ཞེས་གསུངས་པའི་གནད་ཀྱིས་སྦྱར་རོ། །གཉིས་པ་ནི་མཚམས་པོ་ཆེ་བཅད་པའམ། མཚམས་བུ་ཆུངབཅད་པའི་ནང་ཡིན་པ་སྟེ། ལུང་གཞི་ལས། མཚམས་ཆེན་པོའི་ནང་དུ་དགེ་སློང་ཆོས་གོས་དགདང་མི་འབྲལ་བའི་གནང་བ་སྦྱིན་པར་བྱའོ། །ཞེས་གསུངས་ལ། ལུང་ཞུ་བ་ལས། བཙུན་པ་མཚམསབུ་ཆུང་ངུ་ཡང་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བར་བློ་མཐུན་པར་བགྱི་བའམ། གལཏེ་འདོད་ན་བློ་མཐུན་པར་བགྱིའོ་ཞེས་གཞི་འགྲེལ་དུ་ལུང་དྲངས་ཤིང༌། ཀརྨ་ཤ་ཏཾ་ལས་ཀྱངམཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱས་པའི་ནང་དུ་དགེ་སློང་ཐམས་ཅད་ཀྱི་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་སྦྱིན་པ་ནི་གཅིག་ཏུ་མ་ངེས་ཏེ་གལ་ཏེ་འདོདན་སྦྱིན་པར་བྱའོ། །ཞེས་གསུངས་པས་སོ། །གསུམ་པ་རྟེན་གང་གིས་མི་འབྲལ་བའི་གནང་བབྱ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །བཞི་པ་ཆོ་ག་གང་གིས་མི་འབྲལ་བའི་གནངབ་བྱ་བ་ནི། གསོལ་གཉིས་ཀྱི་ལས་ཀྱིས་སོ། །ལྔ་བ་མི་འབྲལ་བའི་གནང་བ་འཇིག་པའི་རྒྱུ་ནི། སྔར་བཤད་པའི་མཚམས་འཇིག་པའི་རྒྱུ་ཀུན་གྱིས་འདི་ཡང་འཇིག་སྟེ། འདིའི་རྟེན་ཞིག་པའི་ཕྱིར། གྱང་ཞིག་པའི་རི་མོ་བཞིན་ནོ། །

དྲུག་པ་གནང་བ་དང་སྒྲུབ་པའི་དོན་ལ། དངོས་དང་ཞར་ལསབྱུང་བ་གཉིས། །དང་པོ་ནི།

ས་གཞི་ལ་མི་འབྲལ་བའི་གནང་བ་བྱ་བ་འདི་ནི་ཅི་དགར་འཇུགཔ་གནང་བའི་བསླབ་པ་ཡིན་ཏེ། ཀརྨ་ཤ་ཏཾ་གྱི་དཀྱིལ་འཁོར་བར་ཆོས་གོས་དང་མི་འབྲལ་བའིགནང་བ་སྦྱིན་པའི་སྐབས་སུ། གལ་ཏེ་འདོད་ན་སྦྱིན་པར་བྱའོ། །ཞེས་གསུངས་ཤིང༌། མཚམསཔོ་ཆེར་མི་འབྲལ་བའི་གནང་བ་སྦྱིན་པ་ཡང་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གཉིས་པཞར་ལ་བྱུང་བ་ནི་མཚམས་པོ་ཆེར་མི་འབྲལ་བའི་གནང་བ་སྦྱིན་པ་ནི། མཚོ་ཊཱིཀ་ལས། མཚམསཔོ་ཆེའི་ནང་ཁོངས་ན་ཡོད་པའི་དཀྱིལ་འཁོར་བར་ཆོས་གོས་བཞག་སྟེ། མཚམས་པོ་ཆེའི་ནངགི་དབྱེ་ཐང་ཀ་ལྟ་བུར་དགེ་སློང་ཉལ་ན། ཆོས་གོས་དང་འབྲལ་ལམ་མི་འབྲལ་ཞེ་ན། འབྲལབའི་ཉེས་པར་འགྱུར་ཏེ། མི་འབྲལ་བའི་གནང་བ་འཆགས་པ་ནི་ལས་མཚམས་གཅིག་ཡིན་པལ་ལྟོས་ལ་མཚམས་པོ་ཆེ་དང་དཀྱིལ་འཁོར་བ་གཉིས་ནི་ལས་མཚམས་ཐ་དད་པའི་ཕྱིར་རོ། །

རང་བཞིན་གྱི་མཚམས་གཅིག་གི་ནང་ཁོངས་ན་ཡོད་པའི་དཀྱིལ་འཁོར་བར་ཆོས་གོས་བཞགསྟེ། རང་བཞིན་གྱི་མཚམས་ནང་དེར་དགེ་སློང་ཉལ་ན་ཆོས་གོས་དང་འབྲལ་ལམ་མི་འབྲལ་ཞེ་ནམི་འབྲལ་ཏེ། དཀྱིལ་འཁོར་བར་བཅད་པས་ལས་ལ་ལྟོས་པའི་མཚམས་ཐ་དད་དུ་གྱུར་ཀྱང༌།

འབྲལ་བ་ལ་ལྟོས་པའི་མཚམས་ཐ་དད་དུ་འགྱུར་བ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེལ་འོ་ན་ལྕགས་རི་རྩིག་པ་གཅིག་གིས་བསྐོར་བའི་ནང་དུ་ཡོད་པ་བདག་པོ་ཐ་དད་པའི་ཁང་མིགགཞན་དུ་ཆོས་གོས་བཞག་ནས་རང་ཉིད་ཁང་མིག་གཞན་དུ་ཉལ་ནས་སྐྱ་རེངས་ཤར་ཡང་འབྲལལྟུང་མི་འབྱུང་བར་ཐལ། རང་བཞིན་གྱི་མཚམས་གཅིག་ཏུ་དགེ་སློང་དང་ཆོས་གོས་གཉིས་གནས་པའི་ཕྱིར། འདོད་མི་ནུས་ཏེ། རྩ་བར། བདག་པོ་གཅིག་མ་ཡིན་པའི་བར་གྱི་མཚམསརྣམས་ནི་ཐ་དད་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མཚམས་གང་གཙོ་དཔྱད་དོ། །

གཉིས་པ་འདུ་བ་ཁྱབ་ཆེས་པ་སྤོང་ཕྱིར་དཀྱིལ་འཁོར་བ་བཅད་པ་ལ།

རྩ་བར། ཐམསཅད་ཀྱི་ཆེད་དུ་དཀྱིལ་འཁོར་བར་བློ་མཐུན་པར་བྱའོ། ། ཞེས་སོགས་བྱུང༌། འདིའི་དོན་བཤད་པལ་ལྔ་ལས། དང་པོ་དཀྱིལ་འཁོར་བར་བཅད་པའི་དགོས་པའི་དོན་དགེ་འདུན་འདུ་བ་ཁྱབ་ཆེསཔ་སྤོང་ཞིང༌། དགེ་སློང་རྣམས་ཀྱི་དགེ་བ་གཞན་ཉམས་པར་འགྱུར་བ་སྤང་བ་སྟེ། ལུང་གི་གླེངགཞི་ལས། དགེ་སློང་རྣམས་བཞིའི་ཚོགས་ཀྱི་ལས་བྱ་བ་ལ་སོགས་པ་ལ་མཚམས་པོ་ཆེ་དེ་ནཡོད་པའི་དགེ་འདུན་ཐམས་ཅད་སྡུད་པར་བྱེད་པ་ན། དགེ་སློང་རྣམས་ཀྱི་དགེ་བའི་ཕྱོགས་ཉམསཔར་གྱུར་པ་ལ་བརྟེན་ནས། དཀྱིལ་འཁོར་བར་བཅད་པར་གསུངས་སོ། །གཉིས་པ་གནས་གང་དུ་དཀྱིལ་འཁོར་བ་བཅད་པ་ལ་དྲུག་ལས། དང་པོ་ནི་གདིང་བ་བཞི་བཅུ་དང་བསྒྲུབ་བྱ་ཤོང་བསྟེ། ལུང་ཞུ་བ་ལས། དཀྱིལ་འཁོར་གང་དུ་གྲངས་བཞི་བཅུ་བསྒོ་བ་ཤོང་བའོ། །ཞེས་གསུངས་སོ། །

གནས་ཀྱི་ཚད་དེ་ཙམ་ཞིག་ཏུ་དགེ་སློང་མའི་དབྱུང་བ་བྱེད་ན་ཡང་དགེ་སློང་ཕ་མ་བཞི་བཅུ་བསྒྲུབབྱ་ཡུལ་དང་བཅས་པ་ཤོང་བར་འགྱུར་བས་རིགས་པས་ཀྱང་འཐད་དོ། །འོ་ན་མཚམས་བུ་ཆུང་དངདཀྱིལ་འཁོར་བ་གཅིག་གམ་ཐ་དད། དང་པོ་ལྟར་ན་ཀརྨ་ཤ་ཏཾ་ལས་དཀྱིལ་འཁོར་བ་དང་མཚམསཔོ་ཆེ་དང༌། མཚམས་བུ་ཆུང་བཅད། ཅེས་གསུངས་པ་དང༌། ཊཱི་ཀ་ལས། མཚམས་ཆེན་པོ་དང༌།

མཚམས་ཆུང་ངུ་དང༌། དཀྱིལ་འཁོར་བའི་མཚམས། ཞེས་པ་དང༌། བསྡུས་པ་ལས་ཀྱང༌། མཚམསབུ་ཆུང་བཅད་པར་བྱ། ཡང་ན་དཀྱིལ་འཁོར་བ་གཅད་པར་བྱ་ཞེས་ཐ་དད་དུ་བཤད་པ་དང་འགལལོ། །གཉིས་པ་ལྟར་ན་དཀྱིལ་འཁོར་བ་བཅད་པའི་སྐབས་ཀྱི་ལུང་གཞི་ལས། མཚམས་བུ་ཆུངབཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱའོ། །ཞེས་གསུངས་ཤིང༌། གཞི་འགྲེལ་ལས།

མཚམས་བུ་ཆུང་ཞེས་བྱ་བ་ནི་དཀྱིལ་འཁོར་བ་སྟེ་ཞེས་མཚམས་བུ་ཆུང་དང་དཀྱིལ་འཁོར་བ་གཅིགཡིན་པར་གསུངས་པ་དང་འགལ་ལོ་ཞེ་ན། ཁྱབ་ཆེ་ཆུང་ཐ་དད་པ་སྟེ། ལུང་ཞུ་བ་ལས། མཚམསཆེན་པོ་ཆོད་ཅིག་ཅེས་གསུངས་ན། ཚད་ཇི་ཙམ་ཨུ་པ་ལི་དཔག་ཚད་ཕྱེད་དང་གསུམ་མོ། །དེ་ཚུནཆད་ནི་ཐམས་ཅད་ཆུང་ངུ་སྟེ་དཀྱིལ་འཁོར་བ་གང་དུ་གྲངས་བཞི་བཅུར་བསྒོ་བ་ཤོང་བའོ། །ཞེསགསུངས་སོ། །བསྡུས་པ་ལས་ཀྱང་མཚམས་པོ་ཆེ་ནི་དཔག་ཚད་ཕྱེད་དང་གསུམ་མོ། །མཚམསབུ་ཆུང་ནི་དེ་ཚུན་ཆད་ནས་དཀྱིལ་འཁོར་བའི་བར་དུའོ་ཞེས་བཤད་དོ། །དེས་ན་དཔག་ཚད་ཕྱེད་དང་གསུམ་པས་ནི་ཆུང་ཞིང༌། དཀྱིལ་འཁོར་བའི་ཚད་པས་ནི་ཆེ་བའི་མཚམས་བཅད་པ་ནི་མཚམསབུ་ཆུང་ཡིན་ལ་དཀྱིལ་འཁོར་བ་མ་ཡིན་ནོ། །གདིང་བ་བཞི་བཅུ་འདིངས་བ་ཤོང་བ་ཙམ་གྱིམཚམས་བཅད་པ་ནི་མཚམས་བུ་ཆུང་ཡང་ཡིན་ལ་དཀྱིལ་འཁོར་བ་ཡང་ཡིན་ཏེ། དཀྱིལ་འཁོར་བ་ཡིན་པ་ལ་མཚམས་བུ་ཆུང་ཡིན་པས་ཁྱབ་ཅིང༌། མཚམས་བུ་ཆུང་ཡིན་པ་ལ་དཀྱིལ་འཁོརབ་ཡིན་པས་མ་ཁྱབ་བོ། །གཉིས་པ་རང་བཞིན་གྱི་མཚམས་རྒྱ་ཆེན་པོའི་མཚམས་པོ་ཆེ་གཅོད་པར་འགྱུར་བའི་ནང་ཁོངས་ཡིན་པ་སྟེ། གཞན་དུ་ན་དོན་མེད་པའི་ཕྱིར་རོ། །གསུམ་པ་ཕྱོགསབཞིའི་མཚན་མ་བརྟན་པོ་དང་ལྡན་པ་སྟེ། ལུང་གཞི་ལས། ཤར་ཕྱོགས་སུ་ནི་སེང་ལྡེང་གི་ཕུར་བབཏབ་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུས་བྲེས་པ་ལགས། ནུབ་ཕྱོགས་སུ་ནི་རྡོ་བཞག་པ་ལགས།

བྱང་ཕྱོགས་སུ་ནི་སྲོལ་གཏོད་པ་ལགས། ཞེས་གསུངས་པས་སོ། །གཞན་དུ་ན་མི་འཆགས་ཏེ།

འཆགས་པའི་རྟེན་མེད་པའི་ཕྱིར་རོ། །བཞི་པ་ཆུ་ལ་སོགས་པ་མཚམས་གཞན་མ་ཡིན་པ་སྟེ། མཚམསབུ་ཆུང་ནི། ཞེས་གསུངས་པས་སོ། །ལྔ་པ་སྔར་མཚམས་བཅད་པ་དང་མ་འབྲེལ་བ་སྟེ། སྔ་མབག་ཡངས་སུ་མ་བྱས་པར། ཞེས་གསུངས་པས་སོ། །དེས་ན་སྔར་མཚམས་པོ་ཆེ་བཅད་ན་ཡང༌། དེབཀྲལ་ནས་དཀྱིལ་འཁོར་བ་བཅད་ཅིང༌། སླར་ཡང་མཚམས་པོ་ཆེས་བསྐོར་དུ་རུང་བའོ། །དྲུགཔ་གཞན་གྱིས་མཚམས་བཅད་པའི་ཆེད་དུ་མཚན་མ་བརྟན་པོ་བཙུགས་པ་མ་ཡིན་པ་མཚམསཔོ་ཆེའི་སྐབས་ལྟར་རོ། །གསུམ་པ་རྟེན་གང་གིས་དཀྱིལ་འཁོར་བ་བཅད་པ་ནི། དགེ་འདུན་མཚནཉིད་བཞི་ལྡན་གྱིས་སོ། །བཞི་པ་ཆོ་ག་གང་གིས་དཀྱིལ་འཁོར་བ་བཅད་པ་ནི་གསོལ་གཉིས་ཀྱི་ལས་ཀྱིས་ཏེ། སྦྱོར་དངོས་མཇུག་གསུམ་སྔར་མཚམས་པོ་ཆེ་བཅད་པ་དང་འདྲའོ། །ལྔ་པ་དཀྱིལའཁོར་བ་འཇིག་པའི་རྒྱུ་ནི། མཚམས་པོ་ཆེ་འཇིག་པའི་རྒྱུ་སྔར་བསྟན་པ་དང་འདྲའོ། །ཁྱད་པརམཚམས་པོ་ཆེའི་ནང་ན་དགེ་སློང་ཡོད་ན་མཚམས་དེའི་ནང་ཁོངས་ན་ཡོད་པའི་དཀྱིལ་འཁོརབའི་ནང་ན་དགེ་སློང་མེད་ཀྱང༌། དཀྱིལ་འཁོར་བ་མི་འཇིག་སྟེ་ཊཱི་ཀ་ལས། གནས་རང་དབང་མེདཔ་ཡིན་པས་དེའི་ཕྱིར་ཞེས་བཤད་དེ། གནས་དེ་འཇིག་པ་ལ་རང་དབང་མེད་པ་དེའི་ཕྱིར། ཞེསཔའོ། །ཟླ་ཟེར་ལས། སྔར་མཚམས་པོ་ཆེ་བཅད་ཟིན་ནས་ཕྱིས་དཀྱིལ་འཁོར་བར་བློ་མཐུནབྱ་བར་འདོད་ན་སྔར་བཅད་པའི་མཚ༷མས་པོ་ཆེ་ད༷ག་དགྲོ༷ལ་བ༷ར་བྱའོ༷། །དཀྱིལ་འཁོར་བ་ཡངདགྲོལ་བར་འདོད་ན་དགྲོལ་བར་བྱའོ། །མཚམས་དགྲོལ་བ་གཉིས་ཀ་གསོལ་བཞིའི་ལས་ཀྱིསབྱའོ། །ལས་བྱེད་པ་གཅིག་གིས་ཚི༷ག་གཅི༷ག་ལས་ཀྱི་ཆོ་ག་གཅིག་གི༷ས་མཚ༷མས་པོ་ཆེ་དང་དཀྱིལའཁོར་བ་གཉི༷ས་ཅིག་ཆར་གཅ༷ད་པ་དང་ཅིག་ཆར་དགྲོ༷ལ་དུ༷་རུ༷ང་ངོ༷། །ཞེས་གསུངས་པའོ། །

གཉིས་པ་རང་བཞིན་གྱི་མཚམས་ནི།

རྩ་བར། མཚམས་མ་བཅད་པའི་ལས་ལ་རྩིག་པམཚམས་ཡིན་ནོ། །༼བརྒྱ་ཕུག་འདྲ་བའི་རྩིག་པ་མེད་ན༽ཝ་ཁ་ནས་ཆུ་འཛག་པ་གང་དུ་བབ་པ་ཡང་ངོ། །གྲོང་ལ་༼གསོ་སྦྱོང་ལ་སོགས་པའི་ལས་བྱེད་ན་སྔར་འབྲལ་བའི་སྐབས་ལྟར་གྲོང་གི༽ཉེ་འཁོར་གྱི་མཐའ་ཚུནཆད་དོ། །དགོན་པ་༼ཐང་སྟོང༽ལ་ནི་དབུས་ནས་༼ཕྱོགས་ཕྱོགས་སུ༽རྒྱང་གྲངས་ཀྱི་མཐའ་ཚུན་ཆད༼ལས་ལ་མཚམས་ཡིན་པར་བཤད༽དོ། །ཞེས་གསུངས་སོ། །

གཉིས་པ་འདུན་པ་འབུལ་བ་དང་ཡོངས་དག་འབུལ་བ་ནི།

རྩ་བར། འདུན་པ་འབུལབ་ལས་དེ་དང་མཐུན་པར་གྲུབ་བོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་བདུན་ལས། དང་པོ་དགོས་པའི་དོན་ནི་འདུན་པ་ཕུལ་བས་མཐུན་པ་འགྲུབ་ཅིང༌། ཡོངས་དག་ཕུལ་བས་གསོསྦྱོང་དང་དགག་དབྱེ་ལ་བདག་ཉིད་དག་པར་འགྱུར་བ་སྟེ། འདུན་པ་ཕུལ་བ་ལས་དེ་དང་མཐུནཔ་འགྲུབ་བོ། །ཞེས་དང༌། ལུང་གཞི་ལས། དགེ་སློང་བདག་ཉིད་ཡོངས་སུ་དག་པར་བྱ་བའིཕྱིར་ཡོངས་སུ་དག་པ་ཕུལ་བ། ཞེས་གསུངས་པས་སོ། །ཀརྨ་ཤ་ཏཾ་ལས་ཀྱང༌། བདག་ཉིད་ཡོངསསུ་དག་པར་བྱ་བའི་ཕྱིར་ཡོངས་སུ་དག་པ་ཕུལ་ན། དགེ་འདུན་དང་མཐུན་པར་བྱ་བའི་ཕྱིར་དེའིའདུན་པ་བླང་བར་བྱའོ། །ཞེས་གསུངས་སོ། །གཉིས་པ་འདུན་པ་དང་ཡོངས་དག་ཡུལ་གང་ལབླང་བ་ནི། འདུན་པ་བླང་བའི་ཡུལ་ལ་བརྒྱད་ལས། མཚམས་ཀྱི་ནང་ན་གནས་པ་དང༌། ལས་ཀྱིཁ་སྐོང་བར་འོས་པ་སྟེ། གཞན་དུ་ན་མ་འདུས་པའི་མི་མཐུན་པ་མི་བསྐྱེད་པས་འདུན་པ་ཕུལ་བ་ལདགོས་པ་མེད་པའི་ཕྱིར་རོ། །ལུས་སམ་འདུན་པས་མ་འདུས་པ་སྟེ། གཞན་དུ་ན་དོན་མེད་པའིཕྱིར་རོ། །གང་ལ་མི་མཐུན་པའི་ལས་བྱེད་པ་མ་ཡིན་པ་སྟེ། གཞན་དུ་ན་ཆད་པ་བཅད་པའི་ལསགསུངས་པ་དོན་མེད་དུ་འགྱུར་པའི་ཕྱིར་རོ། །མྱོས་པའི་གནང་བ་མ་ཐོབ་པ་སྟེ། གཞན་དུ་ན་བགཡངས་དང་འབྲེལ་བའི་ཕྱིར་རོ། །ངེས་པར་ཤེས་སམ་འཕྲིགས་པ་ཡིན་པ་སྟེ། གཞན་དུ་ན་འདུནཔ་ལེན་འདོད་ཀྱི་ཀུན་སློང་མི་འབྱུང་བའི་ཕྱིར་དང༌། མ་འདུས་པར་ལས་བྱེད་པའི་ཀུན་སློང་མིའབྱུང་བའི་ཕྱིར་རོ། །དངོས་སུ་གྲངས་ཀྱི་ཁ་སྐོང་བར་བྱེད་པ་མ་ཡིན་པ་སྟེ། གཞན་དུ་ན་དགེ་འདུནགྱི་གྲངས་མི་ཚང་བའི་ཕྱིར་དང༌། ལུང་གཞི་ལས། གང་ན་དགེ་སློང་བཞི་འཁོད་པ་དེར་ནི་གསོ་སྦྱོངབྱའོ། །དེར་ནི་འདུན་པ་དང་ཡོངས་སུ་དག་པ་བླང་བར་མི་བྱའོ། །ཞེས་གསུངས་སོ། །དངོས་སུ་མིའདུ་བའི་རྐྱེན་དང་ལྡན་པ་སྟེ། ན་བ་དང་དབང་མེད་པ་དང༌། ཞེས་དང༌། གཞན་དུ་ན་རྐྱེན་མེད་པསའདུན་པ་འབུལ་བར་མི་འོས་པའི་ཕྱིར་རོ། །ཡོངས་དག་བླང་བའི་ཡུལ་ནི། འདུན་པ་བླང་བའིཡུལ་བརྒྱད་སྔར་བསྟན་པ་དེ་ལ། ལས་ཀྱི་ཁ་སྐོང་བར་འོས་ཞེས་སྔར་བསྟན་པའི་གནས་སུ་བསྙེནརྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་ཞེས་སྦྱར་ཞིང༌། འདུན་པས་མ་འདུས་ཞེསསྔར་བསྟན་པའི་གནས་སུ་ཡོངས་དག་མ་ཕུལ་བ་ཡིན་ཞེས་སྦྱར་ཏེ། གཞན་སྔར་དང་འདྲའོ། །

གསུམ་པ་རྟེན་གང་གིས་བླང་བ་ནི།

ཆོས་བཅུ་གཉིས་དང་ལྡན་པ་སྟེ། དགེ་སློང་ཆོས་བདུན་ལྡན་གྱིསྟེང་དུ། འགྲོ་བ་བཞི་དང་བྲལ་བ་དང༌། བླངས་པ་དང་མ་བླངས་པའི་བྱེ་བྲག་ཤེས་པ་སྟེ། གཞནདུ་ན་དགོས་པ་མེད་པའི་ཕྱིར་རོ། །བཞི་བ་གཞི་གང་ལ་བླང་བ་ནི་མཚམས་བཅད་པའི་ལས་མ་གཏོགས་པ་ལས་ཐམས་ཅད་ལ་འདུན་པ་བླང་དུ་རུང་ངོ། །ཡོངས་དག་ནི་གསོ་སྦྱོང་དང་དགག་དབྱེ་གཉིས་ལ་སྟེ། གསོ་སྦྱོང་དང་དགག་དབྱེ་ལའོ། །ཞེས་གསུངས་ཤིང༌། རྣམ་དག་གི་ལས་འདིགཉིས་འབའ་ཞིག་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །

ལྔ་བ་ཆོ་ག་ཇི་ལྟར་བྱ་བ་ནི།

ཆོ་ག་ཉི་ཤུ་རྩ་ལྔ་ཅི་རིགས་ཏེ། འདུན་པ་རྐྱང་པ་དང༌། གསོསྦྱོང་གི་ཡོངས་དག་རྐྱང་པ་དང༌། དགག་དབྱེ་རྐྱང་པ་འབུལ་བ་དང༌། འདུན་པ་དང་གསོ་སྦྱོང་གིཡོངས་དག་གཉིས་ཚོགས་དང༌། འདུན་པ་དང་དགག་དབྱེ་གཉིས་ཚོགས་འབུལ་བ་དང་ལྔ་པོགཞིར་བྱས་ཏེ། དང་པོ་གནས་བརྟན་གྱིས་ལེན་དུ་བཏང་བ་ལྔ། འབུལ་ལམ་འདྲི་བ་ལྔ། འབུལ་བལྔ། གནས་བརྟན་གྱིས་བླངས་སམ་འདྲི་བ་ལྔ། ལེན་པ་པོས་བརྗོད་པ་ལྔའོ། །དྲུག་པ་བླངས་ནསབསླབ་བྱ་ནི། བརྒྱུག་པར་མི་བྱ་བ་ལ་སོགས་པའོ། །བདུན་པ་འདུན་པ་དང་ཡོངས་དག་འཇིག་པའིརྒྱུ་ནི་ཞག་ལོན་པ་དང༌། ཡུལ་དང་རྟེན་མཚམས་གཞན་དུ་སོང་བ་དང༌། དགེ་འདུན་གྱི་ནང་དུ་མཕྱིན་པར་ཡུལ་དང་རྟེན་ཤིའམ་བབས་པ་ལ་སོགས་པའོ། །

གསུམ་པ་ཆོ་གའི་ཁྱད་པར་བཤད་པ་ལ།

རྩ་བར། གསོ་སྦྱོང་བྱའོ། །ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །སོ་སོར་ཐར་བའི་མདོ་གདོན་པས་སོ། །དགག་དབྱེ་བྱས་ན་འདི་མ་གྲུབ་པ་ཉིད་མ་ཡིན་ནོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་བདུན་ལས། དང་པོ་དགོས་པའི་དོན་ལ། ཚུལ་ཁྲིམས་དག་པར་འགྱུར་བ་དང༌། ཆོས་དག་པར་འགྱུར་བ་དང༌། གསོ་སྦྱོང་མ་བྱསཔའི་ཉེས་བྱས་ཁེགས་པ་དང་གསུམ། དང་པོ་ནི་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ནགསོ་སྦྱོང་གསུངས་ལ་ཞེས་བཤད་དེ། གསོ་སྦྱོང་གི་གནས་སུ་འཇུག་པ་ན་དགེ་སློང་རྣམས་ལྟུངབ་བཤགས་པ་དང་བསྡམ་པ་དང་ལྟུང་བ་བྱིན་གྱིས་བརླབ་པ་བྱས་ན་གསོ་སྦྱོང་བྱེད་པ་ཡིན་པསཚུལ་ཁྲིམས་དག་པར་འགྱུར་བའོ། །གཉིས་པ་ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ན་དགག་དབྱེགསུངས་ཞེས་བཤད་ཅིང༌། འོད་ལྡན་ལས། གསོ་སྦྱོང་དང་དགག་དབྱེ་གཉིས་ཀྱི་དོན་ནི་གཅིགཉིད་ཡིན་ནོ་ཞེས་དགོས་པ་གཅིག་ཡིན་པར་བཤད་པས་ཆོས་དག་པ་དེ་གསོ་སྦྱོང་གི་ཡང་དགོསཔ་ཡིན་པར་གྲུབ་བོ། །ཆོས་དག་པ་ཞེས་བྱ་བ་ནི་ཉོན་མོངས་པ་མངོན་དུ་རྒྱུ་བའི་ཆོས་དག་པརའགྱུར་བ་སྟེ། དགེ་བའི་བསམ་པ་མངོན་གྱུར་དང་བཅས་ཏེ་གསོ་སྦྱོང་བྱེད་པའི་ཕྱིར་དང༌། དུསའདས་པ་དང་འབྱུང་བར་འགྱུར་བ་བརྗོད་པ་ལ་བརྟེན་ནས་མི་རྟག་པ་དྲན་པས་ཆགས་སྡང་ལསོགས་པ་ཉོན་མོངས་པ་མངོན་དུ་རྒྱུ་བ་མི་འབྱུང་བའི་ཕྱིར་རོ། །

གཉིས་པ་གནས་གང་དུ་གསོ་སྦྱོང་བྱ་བ་ལ།

དངོས་དང་ཞར་ལ་གཎྜི་བཤད་པ་དང་གཉིས། དང་པོ་ནི། གནས་ཆོས་ལྔ་ལྡན་ནོ། །དེ་ཡང་གནས་ལ་བློ་མཐུན་བྱས་པ་དང་འབྲེལ་བ་སྟེ། གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱའོ། །ཞེས་གསུངས་པ་དང༌། གཞན་དུ་ན་ཆོ་ག་མི་ཚང་བའིཕྱིར་རོ། །ཉེ་འཁོར་འདོམ་གང་ཡན་ཆད་དང་ལྡན་པ་སྟེ། ཉེ་འཁོར་འདོམ་གང་དང་ལྡན་པའི། ཞེསགསུངས་པ་དང༌། གཞན་དུ་ན་བློ་མཐུན་གྱི་ཆོ་ག་དང་འགལ་བའི་ཕྱིར་རོ། །མཚམས་པོ་ཆེའིནང་ཡིན་པ་སྟེ་ལུང་གཞི་ལས། མཚམས་ཆེན་པོ་བཅད་པ་དེར་དགེ་སློང་རྣམས་ཀྱིས་འདུག་སྟེ་གསོསྦྱོང་དང་དགག་དབྱེ་བྱའོ། །ཞེས་གསུངས་ལ། དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ཀྱི་དགེསློང་ཀུན་གསོ་སྦྱོང་ལ་འདུས་པས་མཚམས་དེའི་དགེ་སློང་ཀུན་དག་པར་འགྱུར་བའི་དགོས་པ་ཡོདཔའི་ཕྱིར་དང༌། དེ་ལྟ་ན་ཡང་དཀྱིལ་འཁོར་བར་བྱའོ་ཞེས་དམིགས་བསལ་དུ་གསུངས་པའི་ཕྱིརརོ། །གཙང་ཞིང་ཡངས་པ་ཡིན་པ་སྟེ། གསོ་སྦྱོང་གི་གནས་དག་ཏུ་ཕྱག་བདར་བྱ་བ་ཉིད་དོ། །ཞེས་གསུངས་པ་དང༌། གཞན་དུ་ན་འདུལ་བ་ནས་གསུངས་པའི་ཚུལ་ལུགས་དང་མི་མཐུན་པའིཕྱིར་རོ། །འཇིགས་པའི་ཉེན་ཅན་མ་ཡིན་པ་སྟེ། འཇིགས་པ་དང་བཅས་པ་ཉིད་ཡིན་ན། ཞེསགསུངས་པ་དང༌། གཞན་དུ་ན་བར་ཆད་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་ཞར་ལ་གཎྜི་ནི། རྩབར། བསྡུ་བའི་ཕྱིར་གཎྜི་བརྡུང་ངོ། །དེའི་གནས་ནི་ཁང་སྟེང་ངོ། །དགེ་འདུན་འདུ་བའི་ཕྱིར་ནིརྒྱུད་གསུམ་དང་དེ་སྙེད་ཀྱི་ཏོག་དག་གོ། །ལས་བྱ་བའི་དོན་དུ་ནི་རྒྱུད་གཅིག་དང་ཏོག་གསུམ་མོ། །ཞེས་སོགས་ཀྱི་སྐབས་སུ་གཎྜིའི་རྒྱུ་ནི་ཙནྡན་དང་རྒྱ་ཤུག་དང་སྟག་པ་དང་སྟར་ཁ་དངའོམ་བུ་དང་སེང་ལྡེང་དང་འོད་མ་དང་ཙནྡན་དམར་པོ་དང་བརྒྱད་དང༌། དེའི་སྟེང་དུ་རྒྱ་གར་ནཡོད་པའི་ཤིང་བདུན་དང་བཅོ་ལྔ་སྟེ་གང་འཛོམ་ལ་བྱེད་ཅེས་མཚོ་ཊཱིཀ་ལས་སོ། །དེའི་ཚད་ནི་སྲིདདུ་སོར་བརྒྱད་ཅུ་རྩ་བཞི། ཞེང་དུ་སོར་དྲུག ངོས་ལ་སོར་གཉིས། ཟུར་གཉིས་བཅུམ་ཞིང་བཞོགས་པལ་སོར་གཉིས་གཉིས་ཏེ་སོར་བརྒྱད་རྩེ་མོ་གཉིས་སྦལ་བའི་མགོ་བཞིན་དུ་བྱའོ། །དེ་བརྡུང་བའིཤིང་ཡང་གོང་དུ་བསྟན་པའི་ཤིང་འབྲས་བུ་ཅན་དེ་ཉིད་ལས་བྱས་པ། སྲིད་ཚད་དུ་ཡུ་བ་དངབཅས་སོར་ཉེར་བཞི་པ་ཟླུམ་ཞིང་རྩེ་གཉིས་ནེའུ་ལེའི་མགོ་བཞིན་དུ་བྱའོ། །མཚོ་ཊཱིཀ་ལས། སྲིད་དུ་སོར་བཅུ་གཉིས་གསུངས་པ་ནི་ཡུ་བ་མ་ཡིན་པའི་དབང་དུ་བྱས་པ་འདྲ། ཡང་མཚོ་ཊཱིཀ་ལས། ཟུར་གཉིས་བཅུམ་ཞིང་བཞོགས་པ་ལ་སོར་བརྒྱད་བརྒྱད་ཅེས་པ་ཡི་གེ་མ་དག་པར་སྣང་སྟེ། ཟུར་བཞི་བཅུམ་ཞིང་བཞོག་པ་སོ་སོར་གཉིས་གཉིས་ཏེ་བརྒྱད་ཡིན་པའི་ཕྱིར་རོ། །དེའི་རབ་ཏུགནས་པ་ནི་བཀྲ་ཤིས་པའི་ཚིག་བྲི་བ་དང་སེར་སྔགས་བྲི་བར་བྱ་སྟེ་བརྡུངས་པ་ལས་གནོད་པ་ཞི་བའི་དགོས་པ་ཡོད་པས་སོ། །སྟེང་ཁང་ལྟ་བུ་ཐམས་ཅད་ཀྱི་ཐོས་པའི་གནས་ནས་གཎྜི་ལ་ཕྱགགསུམ་འཚལ་ནས་བརྡུང་ལུགས་ནི། མཚོ་ཊཱིཀ་ལས། བརྡུང་ལུགས་ལ་ཉ་ལྟར་བརྡུང་བ་དང༌།

མདོ་ལས་བསྐྱེད་པའི་རིམ་པ་ལྟར་བརྡུང་བ་དང༌། གྲངས་དང་རྒྱུད་གཅིག་ལ་སུམ་ཅུ་རྩ་ལྔ་ཡོད་དོ། །

ཞེས་གསུངས་པ་ལྟར་བསམ་གཏན་ལ་མཉམ་པར་བཞག་པ་སོགས་ལ་གནོད་པ་སྤང་བའི་ཕྱིརཤིང་ཚ་ལན་གསུམ་བྱས་ནས་གཅིག་ནས་བཅོ་བརྒྱད་བར་ཇེ་ཆེ་དང༌། བཅུ་དགུ་ནས་མཚོ་ཊཱིཀལྟར་སོ་ལྔའི་བར་ཇེ་ཆུང་དུ་བརྡུང་བ་ནི་ཉ་གང་བ་ལྟར་བརྡུང་བ་ཡིན་ལ། དེ་ནི་རྒྱུད་གཅིག་གོ། །

ཀུན་མཁྱེན་འཇམ་བཞད་ཀྱིས་བཅུ་དགུ་ནས་སོ་དྲུག་བར་ཇེ་ཆུང་བརྡུང་བར་གསུངས་སོ། །གཅིག་ནས་སོ་ལྔའི་བར་ཇེ་ཆེ་བརྡུང་བ་ནི་བསྐྱེད་པའི་རིམ་པ་ལྟར་བརྡུང་ཚུལ་ཡིན་པར་སྣང་ངོ། །

བརྡུང་ཚུལ་ལ་ལྔ་ཡོད་དེ། དགེ་འདུན་འདུ་བའི་ཆེད་དུ་རྒྱུད་གསུམ་དང་ཏོག་སྒྲ་ཆེན་པོ་གསུམ་བྱབ་དང༌། ལས་བརྒྱ་རྩ་གཅིག་གང་རུང་བྱ་བ་ལ་འདུ་བའི་ཆེད་དུ་རྒྱུད་གཅིག་དང་ཏོག་གསུམ།

ཤི་བའི་རོ་དབྱུང་བའི་དོན་དུ་ཏོག་མེད་པའི་རྒྱུད་གཅིག་གམ་རྒྱུད་གཅིག་དང་ཏོག་གཅིག་ཀྱངབཤད་པ་ཡོད་དོ། །སེར་བ་སོགས་གནོད་པ་ཞི་བའི་ཆེད་ཇི་ཙམ་ཆོག་གི་བར་རིམ་པས་བརྡུང་བདང༌། དགེ་འདུན་ཟས་ལ་འདུ་བའི་ཆེད་གཎྜི་ཆེ་ཆུང་གཉིས་ཀ་བརྡུང་བར་བྱའོ། །གཎྜི་ཆུང་ངུ་ནི་འཁར་བསིལ་མ་ཡིན་ཏེ། དེའི་ཚད་སོར་བཅུ་གཉིས་སམ་ཉེར་བཞིར་བྱ་བ་བསྡུས་པ་ལསགསུངས་པའི་ཕྱིར་དང༌། གཞི་འགྲེལ་ལས་འཁར་བསིལ་དེ་ཡི་དོད་དུ་གསུངས་པའི་ཕྱིར་རོ། །རྡུང་བ་པོ་རབ་བྱུང་སྡེ་ལྔ་དང་དགེ་བསྙེན་གསོ་སྦྱོང་ལ་གནས་པ་ཡན་ཆད་ཀྱིས་བརྡུང་རུང་བ་ཡིནཔར་གསུངས་སོ། །གསུམ་པ་རྟེན་གང་གིས་གསོ་སྦྱོང་བྱ་བ་ནི། སྤྱིར་བཏང་ལ་དགེ་འདུན་མཚནཉིད་བཞི་ལྡན་གྱིས་སོ། །དགེ་སློང་འཁྲུལ་བཅས་ལྟ་བུ་ལས་ཀྱི་ཁ་སྐོང་བར་མི་འོས་པས་ཀྱང་གསོསྦྱོང་འགྲུབ་སྟེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་ཁ་སྐོང་བར་འོས་པ་མ་ཡིན་པས་གསོ་སྦྱོང་དངདགག་དབྱེ་བྱས་པ་ནི་བྱས་པ་ཉིད་ཁོ་ན་ཡིན་ནོ། །ཞེས་གསུངས་སོ། །བཞི་བ་དུས་གང་གི་ཚེ་གསོསྦྱོང་བྱ་བ་ནི། ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །ཞེས་གསུངས་སོ། །རིགས་པས་ཀྱང་འཐདདེ། མཚན་མ་གསལ་བས་གསོ་སྦྱོང་མི་བརྗེད་པའི་ཕྱིར་དང༌། དུས་བཟང་བས་གཉེན་པོ་སྟོབསཆེ་ཞིང་སྤྲོ་བ་དང་མཐུན་པའི་ཕྱིར་རོ། །དེ་ཡང་ལོ་གཅིག་ཟླ་བ་བཅུ་གཉིས་ལ་གསོ་སྦྱོང་ཉི་ཤུརྩ་བཞི་ཡོད་པ་ལས། ཉ་བཅུ་གཉིས་དང་སྟོང་དྲུག་སྟེ་བཅོ་བརྒྱད་ནི་གསོ་སྦྱོང་བཅོ་ལྔ་པའོ། །སྟོངདྲུག་ནི་གསོ་སྦྱོང་བཅུ་བཞི་པའོ། །གསོ་སྦྱོང་བཅུ་བཞི་པ་ཡང་ཚེས་བཅོ་ལྔ་ལ་བྱ་དགོས་ཏེ། རྩབར། ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དེ་ནི་ཚེས་ཞག་གིདབང་དུ་བྱས་པའོ། །གསོ་སྦྱོང་བཅུ་བཞི་པ་ནི་ཉིན་ཞག་གི་དབང་དུ་བྱའོ། །དེ་ཡང་མཐའ་གཅིགཏུ་མ་ངེས་པར་ཐལ། རྩ་བར། དུས་ཉིད་ཀྱི་ཕྱིར་ནི་གང་མང་བ་རྣམས་ཀྱི་རྗེས་སུ་འཇུག་པརབྱ་བ་ཉིད་ཡིན་ནོ། །མཉམ་པ་ཉིད་ཡིན་ན་གཉུག་མར་གནས་པ་རྣམས་ཀྱིའོ། །ཞེས་དང༌། ལས་ལནི་འདས་ན་ཉི་མ་ཤར་བའིའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་སྤྱིར་བཏང་དམིགས་བསལགྱི་སྒོ་ནས་གོང་འོག་མི་འགལ་བར་བྱ་དགོས་སོ། ། འོ་ན་ལོའི་འགོ་གང་ནས་བཟུང་སྟེབརྩི་ཞེ་ན། འགྲེལ་ཆུང་ལས། སྟོན་ཟླ་ཐ་ཆུང་ཉ་བ་ནས་འགོ་བཟུང་སྟེ་བརྩིའོ། །ཞེས་སོ། །སྟོནཟླ་ཐ་ཆུང་ནི་ངོས་འཛིན་ལུགས་ལ། མཚོ་ཊཱིཀ་སོགས་ཀྱི་ལུགས་དང༌། མཛོད་དང་འདུལ་བ་བདུདརྩིའི་ཉིང་ཁུ་སོགས་ཀྱི་ལུགས་དང་གཉིས་ལས། དང་པོ་ནི་མཚོ་ཊཱིཀ་ལས། སྨིན་དྲུག་གིས་ཉ་བའིཟླ་བ་དེ། ༡ཉི་མའི་སྙིང་པོའི་མདོ་ལས། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། །ཟླ་བ་ཉ་ཚེ་ཟླ་རངསའགྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱའོ། །ཞེས་གསུངས་པ་དང༌། ༢རྒྱ་ཆེར་རོལ་པ་ལས་ཀྱང་དཔྱིད་ཟླཐ་ཆུང་གི་ཚེ་སྐར་མ་ས་ག་ལ་བབ་པ་ཞེས་པ་ས་གས་ཉ་བ་ལ་མངོན་པར་བྱང་ཆུབ་པའི་དུས་དཔྱིདཟླ་ཐ་ཆུང་ཡིན་པར་གསུངས་པ་དང༌། ༣ལས་བརྒྱ་པའི་རྒན་པོ་སྐྱེས་ཀྱི་བྱུང་བ་ལས། དབྱར་གྱིཚུལ་ཞུགས་ཐོན་པའི་ཚེ་ན་ལྗོན་ཤིང་རྣམས་ཀྱི་འདབ་མ་སྐྱ་བོར་འགྱུར་ཞིང༌། སྤང་པོ་ཁ་དོགསེར་པོར་འགྱུར་བར་གསུངས་པ་དང༌། ༤ལུང་དགེ་སློང་ཕའི་རྣམ་འབྱེད་ལས། དབྱར་ཚུལཞུགས་ཐོན་ནས་ཟླ་བ་ཕྱེད་ཀྱི་མཐའ་ལས་འདས་པར་རས་ཆེན་འཆང་ན་ཆར་གོས་མི་དགོས་པའིདུས་སུ་ཆར་གོས་འཆང་བའི་ལྟུང་བ་འབྱུང་བར་གསུངས་པ་དང༌། །༥ཁྲུས་བྱེད་པའི་སྐབས་ཀྱིདགེ་སློང་ཕ་མའི་ལུང་རྣམ་འབྱེད་གཉིས་ཀ་ལས་ཀྱང་དབྱར་སྔ་མ་ཁས་ལེན་པའི་སྔ་རོལ་ཟླ་བཕྱེད་དང་གཉིས་ནས་ཚད་པ་ཚ་བའི་དུས་ཡིན་པར་བཤད་པ་དང༌། ༦ལུང་དགེ་སློང་མའི་རྣམ་འབྱེདལས་ཀྱང༌། སོ་ག་རྣམས་ཀྱི་ཐ་མ་ལ་ཉི་མ་ཕྱེའི་དུས་ན་ལྗོན་ཤིང་རང་གི་གྲིབ་མས་ཁྱབ་ཅིང་འདུགཔ་ཉེ་འཁོར་ཡིན་ནོ། །ཞེས་གསུངས་པ་དང༌། ༧བསྡུས་པ་ལས་ཀྱང༌། དཔྱིད་རྣམས་ཀྱི་ཟླ་བ་ཐམའི་ཉི་མ་ཕྱེའི་གྲིབ་མ་དང་རླུང་གིས་མ་བསྐྱོད་པའི་འདབ་མ་ས་ལ་གར་ལྟུང་བ་ཉེ་འཁོར་ཡིནནོ། །ཞེས་གསུངས་པ་དང༌། ༨སྨིན་དྲུག་གིས་ཉ་བའི་མར་ངོ་ནས་ལོ་འགོ་བཟུང་ནས་སྨིན་དྲུགགིས་ཉ་ལ་སྟོན་ཟླ་ཐ་ཆུང་དུ་བྱས་ཏེ་བརྩིས་ན་ལྗོན་ཤིང་རང་གྲིབ་རང་ལ་འཁོར་བ་དེ་སོ་ག་རྣམསཀྱི་ཐ་མ་ལ་འབྱུང་གི་དབྱུག་གུས་ཉ་བ་ལ་སྟོན་ཟླ་ཐ་ཆུང་བྱས་ཏེ་བརྩིས་ན་དེ་ལྟར་མི་འགྱུར་རོ། །

གཞུང་དེ་རྣམས་ཐམས་ཅད་དང་མཐུན་པར་འགྱུར་གྱི་དབྱུག་གུས་ཉ་བའི་མར་ངོ་ནས་ལོ་འགོབཟུང་ན་གཞུང་དེ་རྣམས་ཐམས་ཅད་དང་མི་མཐུན་ནོ། །༩མེ་ཏོག་ཕྲེང་རྒྱུད་ལས། ས་ག་དངནི་ཆུ་སྟོད་དང༌། །དེ་བཞིན་ཁྲུམས་སྨད་སྨིན་དྲུག་ཅན། །རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུགཔོའི་མར་ངོ་བཅུ་བཞིར་བརྗོད། །ཅེས་གསུངས་པ་དང༌། དགེ་ཚུལ་གྱི་ལོ་དྲི་བ་ལས་ཀྱང༌། རྒྱལདང་དབོ་དང་ས་ག་དང༌། །ཆུ་སྟོད་ཁྲུམས་སྟོད་སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །

ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པའོ། །ཞེས་སྨིན་དྲུག་གིས་ཉ་བའི་མར་ངོ་གསོ་སྦྱོང་བཅུ་བཞི་པརགསུངས་པ་དེ་ཡང༌། དབྱུག་གུས་ཉ་བའི་མར་ངོ་ནས་ལོ་འགོ་བཟུང་ན་འགལ་བར་འགྱུར་ལ། སྨིན་དྲུག་གིས་ཉ་བའི་མར་ངོ་ནས་ལོ་འགོ་བཟུང་ན་གཞུང་དེ་གཉིས་དང་ཡང་ཤིན་ཏུ་མཐུན་ཏེ།

རྒྱ་གར་གྱི་ལུགས་ཀྱིས་ཟླ་བ་རང་རང་གི་མར་ངོ་སྔོན་དུ་འབྱུང་ཞིང༌། ཡར་ངོ་ཕྱིས་འབྱུང་སྟེ། མརངོའི་ཚེས་གཅིག་ལ་ཟླ་བའི་འགོ་བྱས་ནས། ཉ་ནི་ཟླ་བའི་མཇུག་ཡིན་པར་སྡེ་སྣོད་གསུམ་གལས་གསུངས་སོ། །དེ་ལྟར་ན་སྨིན་དྲུག་གིས་ཉ་བའི་ཕྱི་དེ་ཉིན་པར་ནས་ལོའི་འགོ་བཟུང་སྟེ། ཞེས་སྒྲུབ་བྱེད་དགུ་དང་བཅས་ཏེ་གསུངས་སོ། །འོན་ཀྱང་སྒྲུབ་བྱེད་དེ་དག་སྒྲུབ་བྱེད་འགྲོ་ཚུལ་ལདཔྱད་པར་བྱའོ། །མཚོ་ཊཱིཀ་དང་གསུངས་ཟིན་འདྲ་བར་མེ་ཏོག་ཕྲེང་རྒྱུད་ལས། དེ་བཞིན་ཁྲུམསསྟོད་ཟླ་བ་ཡི། །ཚེས་གཅིག་ཅེས་ནི་ཕྱི་མར་གྲགས། །ཞེས་དང༌། གྲོ་ཞུན་ཟླ་བ་ཚེས་གཅིགལ། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །ཞེས་དང༌། གུང་ཐང་བློ་གྲོས་རྒྱ་མཚོའི་འདུལ་བའི་ཡིག་ཆར།

མདོ་རྩ་བའི་རྒྱ་གཞུང་ལས། ཚེས་གཅིག་ལའོ། །ཆུ་སྟོད་ཅན་གྱི་བར་མ་ཆད་པའིའོ། །ཡང་ནགྲོ་ཞུན་ན་ལས་སོ། །ཞེས་པ་ཡོད་པར་གསུངས་སོ། །

གཉིས་པ་ནི།

འདུལ་བ་བདུད་རྩིའི་ཉིང་ཁུ་ལས། ལོ་འགོ་ངོས་འཛིན་ལུགས་ལ། ཉ་ཚེས་དབྱུག་པ་གང་ཡིན་པ། དེ་ནི་སྟོན་ཟླ་ཐ་ཆུང་ཡིན། །ཞེས་དགུ་པའི་བཅུ་དྲུག་ནས་སྟོན་ཟླ་ཐ་ཆུང༌། །དེ་ལོ་འགོར་བྱེད་པ་མང་ཡང༌། ལུང་དེ་ཁུངས་མ་མིན་ལ། མདོ་སྡེ་ཉི་མའི་སྙིང་པོར། ཟླ་གྲངས་ཉ་ཚེས་ཐ་སྐར་ཡིན། །སྟོན་ཟླ་འབྲིང་པོའི་ངོ་ལ་ནི། །ལོ་སྐོར་བདག་གིས་བརྗོད་པརབྱ། །ཟླ་བ་བཅུ་གཉིས་བཤད་པ་ཡིན། །ཞེས་ཉ་ལ་ཐ་སྐར་བྱུང་པས་སྟོན་ཟླ་འབྲིང་པོ་ཡིན་ལ། ཉ་དེས་ལོ་སྐོར་རྫོགས་ནས་ཚེས་བཅུ་དྲུག་ནས་ལོ་འགོ་འཛིན་པའི་ལུགས་ནི། དྲང་སྲོང་རྔ་བོངགི་ལུགས་དེ་དུས་ཀྱི་དབང་དུ་བྱས། དེ་ནས་ད་བར་ཟླ་བ་གཅིག་དང་ཞག་བཅུ་གཉིས་བཅུ་གསུམགྱིས་ཉི་མ་བཟློག་པ་སྔར་སོང་ཞེས་བུ་སྟོན་རིན་པོ་ཆེས་གསུངས། དེ་ལྟར་ཐ་སྐར་གྱིས་ཉ་བའིཕྱི་དེ་ཉིན་ནས་ལོ་མགོ་འཛིན་པའི་ལུགས་དང༌། སྨིན་དྲུག་གིས་ཉ་བའི་ཕྱི་དེ་ཉིན་ནས་འཛིན་པའི་ལུགས་གཅིག་དང༌། མཛོད་ལས། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནསམཚན་རིང༌། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུ་འགྱུར་རོ་ཉིན་མོ་ཟློག །ཞེས་དང༌། དེའིའགྲེལ་བཤད་དུ། དབྱར་གྱི་ཟླ་བ་ནི་དབྱར་ཟླ་འབྲིང་པོའི་ཉ་ནས་སྟོན་ཟླ་ཐ་ཆུང་ཉའི་བར་བཞི་ཡིནལ་ཟླ་བ་ཐམས་ཅད་ཀྱང་མར་གྱི་ངོ་སྔ་སྟེ་དེ་ལ་སྟོན་ཟླ་ར་བ་ཡར་གྱི་ངོའི་ཚེས་དགུ་ནས་མཚན་མོ་རིང་བར་འགྱུར་རོ། །ཞེས་གསུངས་པས། མར་ངོ་སྔོན་འགྲོའི་སྟོན་ཟླ་ར་བ་དགུན་རྣམས་ཀྱི་ནི་བཞི་པ་ཞེས། དགུན་ཉི་དཔྱིད་ཟླ་ར་བ་ལ་ཟློག་པར་གསུངས་པ་དེང་སང་གི་ཉི་མ་ཟློག་མཚམསདང་འགྲིག་པས། དེ་ལུགས་ཀྱི་ཁྲུམས་ཀྱིས་ཉ་བའི་ཕྱི་དེ་ཉིན་ནས་ལོ་མགོ་འཛིན་པར་འདོདཔའི་ལུགས་དང་གསུམ་ལས། ཐ་སྐར་གྱི་ཉ་བའི་ཕྱི་དེ་ཉིན་ནས་འཛིན་པ་དེ་ཕྱེད་འདས་དང༌། གསོསྦྱོང་བཅུ་བཞི་པ་ཅུང་ཟད་མི་འགྲིག་པའི་སྐྱོན་ཡོད་ལ། སྨིན་དྲུག་གི་ཕྱི་དེ་ཉིན་ནས་འཛིན་པ་ནིདབྱར་སྔ་ཕྱིའི་དགག་དབྱེ་གཡུལ་ཐོན་ནས་བྱ་དགོས་པ་དང༌། ཆུའི་རླབས་བྲི་ཞིང༌། ཤིང་ལོའིའདབ་མ་སེར་པོར་གྱུར་ཀྱང༌། དྲུག་སྡེའི་དགག་དབྱེ་མ་བྱས་སོ། །ཞེས་འཕྱ་བའི་གཞིར་གྱུར་པའིཕྱིར་ཞེས་གསུང་ཞིང༌། རས་ཆེན་དགག་དབྱེ་ཐོན་ནས་ཟླ་བ་ཕྱེད་བཅངས་པ་དགོས་མེད་དུའགྱུར། ཞེས་སོ། ། དེ་ལྟར་ལུགས་གསུམ་ལས་ཕྱི་མ་འདི་རིགས་པར་སེམས་སོ། །ཁ་ཅིག

དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་པ་དང༌། དགུན་རྣམས་ཀྱི་ནི་བཞི་པ་ལ། །ཞེས་པ་སྟོན་དཔྱིདཉིན་མཚན་མཉམ་པ་སྟོན་པར་འདོད་པའང་མི་འཐད་དེ། དབྱར་ཟླ་གཉིས་པ་ཞེས་པ་མར་ངོ་སྔོནའགྲོའི་སྟོན་ཟླ་ར་བ་ཡིན་ལ། དེ་ལ་སྟོན་ཟླ་ར་བའི་ཡར་ངོ་ཚེས་བརྒྱད་ལ་ཉིན་མོ་ཡུད་ཙམ་བཅོབརྒྱད་མཚན་མོ་ཡུད་ཙམ་བཅུ་གཉིས་སུ་གསུངས་ཏེ། གདགས་པར། སྟོན་ཟླ་ར་བའི་ཡར་གྱིངོའི་ཚེས་བརྒྱད་ལ་ཉིན་མོ་ནི་ཡུད་ཙམ་བཅོ་བརྒྱད་ལ། གདགས་པར། མཚན་མོ་ནི་ཡུད་ཙམ་བཅུགཉིས་སུ་བཤད་པས་སོ། །ཞེས་དང༌། དེ་ཡང་མཛོད་འགྲེལ་བཤད་དང་བཅས་པའི་རྗེས་སུ་འབྲངསཏེ། དགུན་ཉི་མ་མར་ངོ་སྔོན་འགྲོའི་དཔྱིད་ཟླ་ར་བའི་ངོ་ལ་ཟློག་པར་གསུངས་པ་དེ། བཅུ་གཅིགཔའི་མར་ངོ་ནས་བཅུ་གཉིས་པའི་ཉའི་བར་ལ་འབྱུང་བས་དེ་དཔྱིད་ཟླ་ར་བ་ཡིན་ལ། དེ་ལྟར་རྩིས་པའི་ཧོར་ཟླ་བཞི་པའི་ཉས་དབྱར་ཟླ་འབྲིང་པོ་རྫོགས་ཤིང༌། དེ་ཉིན་དབྱར་སྔ་མའི་སྦྱོར་བ་བྱའོ། །འོ་ན། འདུལ་བ་ཚིག་ལེའུར་བྱས་པ་ལས། གྲོ་བཞིན་ཟླ་བའི་ཚེས་གཅིག་ནས། །

སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་ཉིད་ཁྲུམས་སྟོད་ཟླ་བ་ཡི། །ཚེ་གཅིག་ཅེས་ནི་ཕྱི་མར་གྲགས། །

ཞེས་གསུངས་པ་དང་འགལ། ཞེ་ན། དེ་ནི་ཉ་ལ་སྐར་མ་དབོ་བྱུང་བ་དཔྱིད་ཟླ་ར་བར་བྱེད། དེའིངོ་ལ་དགུན་ཉི་ཟློག་པའི་དུས་སྔ་མའི་དབང་དུ་བྱས་པ་ཡིན་ཞིང༌། དེང་སང་ཉ་ལ་སྐར་མ་དབོ་བབཔའི་ཚེའི་ཟླ་བ་ལ་དགུན་ཉི་དང་པོ་ཟློག་པ་མི་སྲིད་ཅིང༌། དང་པོ་དྲང་སྲོང་རྔ་བོང་གི་དུས། དབོའིཟླ་བ་ལ་ཉི་མ་ཟློག་པ་ཡོད་པར་ཉི་མའི་སྙིང་པོར་གསུངས་པ། མཆུ་ནི་ཟླ་བ་རབ་རྫོགས་བྱེད། །

དགུན་ཟླ་ཐ་ཆུང་རང་བཞིན་ཡང༌། །མཐར་གྱིས་ཀྱང་ནི་བརྗོད་པར་བྱ། །ལྷོའི་ཕྱོགས་སུ་ཕྱིནནས་ཀྱང༌། །ཉི་མ་ཡོངས་སུ་འཁོར་བར་བྱེད། །མཚན་མོ་བཅོ་བརྒྱད་ཤེས་པར་གྱིས། །ཉིན་པར་ཡང་ནི་བཅུ་གཉིས་ཡིན། །རྒྱལ་ཡང་མཚན་མོ་འཐབ་པར་བྱེད། །ཉི་མའི་མདུན་ན་མོན་གྲེ་ཡིན། །ཞེས་དང༌། ཟླ་གྲངས་ཚེས་གཅིག་ལྔ་ལ་དབོ། །འདིར་ནི་དཔྱིད་ཟླ་ར་བ་ཡི། །རང་བཞིན་ཡང་ནི་བརྗོད་པར་བྱ། །བྱང་ཕྱོགས་སུ་ནི་ཁ་བལྟས་ནས། །ཉི་མ་ཡོངས་སུ་འཁོར་བར་བྱེད། །ཅེས་གསུང་པས་སོ། །བོད་ན་སྔ་མ་ལྟར་ཕྱག་ལེན་མཛད་པ་མང་ཡང་རྒྱ་གར་གྱི་དུས་བཞིའི་འགྱུར་བསོགས་ལེགས་པར་ཤེས་པ་དག་གིས་དཔྱད་པར་བྱ་བའི་གནས་དུ་མ་ཡོད་དོ། །ཟླ་བཤོལ་དོར་བ་ནི་རྩིས་ལ་ཤིན་ཏུ་མཁས་པའི་གཞུང་ལུགས་ཀྱིས་ཟླ་བ་སུམ་ཅུ་རྩ་ཕྱེད་དང་གསུམ་ན་ཟླ་བ་ལྷགརེ་འབྱུང་བར་བརྩི་བ་ནི་ཕྲ་བ་ནས་བརྩི་བའི་གཞུང་ལུགས་ཡིན་ནོ། །འདུལ་བའི་སྐབས་འདིརནི་རགས་རིམ་ནས་བརྩི་བའི་ལུགས་སུ་བྱས་ཏེ། རྒྱལ་པོའི་རྗེས་སུ་འབྲང་ཞེས་སོ། །ལུང་གླེངགཞི་ལས། རྒྱལ་པོ་དག་ནི་ལོ་གསུམ་གསུམ་ཞིང་བཤོལ་འདོར་བར་བྱེད་དོ། །ཞེས་གསུངས་སོ། །དེཡང་བརྩི་ལུགས་ལ་རྒྱ་གར་གྱི་རྒྱལ་པོ་ནི་མོ་ཟླ་དྲུག་ལ་ཞག་ཉི་ཤུ་རྩ་དགུ་ལས་མེད་པས་ཞག་ལྷག་པོདྲུག་དང་དབྱར་ཉི་མ་ལྡོག་མཚམས་སུ་ཞག་གཉིས་དང་དགུན་ཉི་མ་ལྡོག་མཚམས་སུ་ཞག་གཉིས་ཏེ་ལོ་གཅིག་ལ་ཞག་ལྷག་པོ་བཅུ་འབྱུང་བས། ལོ་གསུམ་ལ་ཟླ་བ་གཅིག་ལྷག་སྟེ་བཤོལཟླ་བ་གཅིག་འདོར་བར་བྱའོ་ཞེས་སོ། །ལིའི་རྒྱལ་པོ་ནི་དུས་མཐའི་སྐད་ཅིག་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གོ །དེ་སུམ་ཅུ་ལ་ཐང་ཅིག་གོ །དེ་སུམ་ཅུ་ལ་ཡུད་ཙམ་གཅིག་གོ །དེ་སུམ་ཅུ་ལ་ཉིན་ཞག་གཅིག་ཏུ་བརྩི་བ་ཡིན་ཡང༌། འོན་ཀྱང་ཉིན་ཞག་གཅིག་ལ་ཡུད་ཙམ་ཉི་ཤུ་རྩ་དགུུ་དང་ཐངཅིག་ལྔ་ལས་མི་འདའ་བས། ཞག་རེ་ལ་ཐང་ཅིག་ཉི་ཤུ་རྩ་ལྔའི་བཤོལ་འབྱུང་ངོ༌། །དེ་བསགསཔས་ཟླ་བ་རེ་ལ་ཡུད་ཙམ་ཉི་ཤུ་རྩ་ལྔའི་བཤོལ་ཡོད་པས། ཟླ་བ་གསུམ་ལ་ཡུད་ཙམ་བདུན་ཅུ་རྩལྔ་ལྷག་སྟེ། དེས་ན་ཟླ་བ་གསུམ་གསུམ་ལ་ཞག་ཕྱེད་དང་གསུམ་གསུམ་གྱི་བཤོལ་འབྱུང་བས། ཟླབ་དྲུག་དྲུག་ལ་ཞག་ལྔ་ལྔའི་བཤོལ་འབྱུང་སྟེ། དེས་ན་ལོ་གཅིག་ལ་ཞག་བཅུའི་བཤོལ་འབྱུངབས། ལོ་གསུམ་གསུམ་ལ་ཟླ་བ་ལྷག་མ་རེ་རེ་འབྱུང་ཞེས་སོ། །ལྟས་སྣ་ཚོགས་བསྟན་པ་ལས་བྱའིལོ་ལ་དགུན་ཟླ་འབྲིང་པོ་གཉིས། བྱི་བའི་ལོ་ལ་དཔྱིད་ཟླ་འབྲིང་པོ་གཉིས། ཡོས་བུའི་ལོ་ལདབྱར་ཟླ་འབྲིང་པོ་གཉིས། རྟའི་ལོ་ལ་སྟོན་ཟླ་འབྲིང་པོ་གཉིས་འབྱུང་ཞེས་བཤད་དོ། །དེ་ཡངའབྲིང་པོ་སྔ་མ་བཤོལ་ཟླར་བྱ་ཞིང༌། བཤོལ་ཟླ་ཐམས་ཅད་ཞག་སུམ་ཅུ་ཐུབ་པར་ངེས་ཏེ། ལོགསུམ་གྱི་བཤོལ་ཞག་བཅུ་ཚན་གསུམ་ལ་ཞག་སུམ་ཅུ་ཉིད་དུ་ངེས་པའི་ཕྱིར་རོ། །འདིར་ཁ་ཅིགན་རེ་བཤོལ་གྱི་ཟླ་བ་ཐུབ་མི་ཐུབ་ནི་དངོས་ཟླའི་རྗེས་སུ་འབྲང་སྟེ། ཊཱི་ཀ་ལས། དབྱར་དགུནའབྲིང་ཐུབ་སྟོན་དཔྱིད་འབྲིང་མི་ཐུབ་ཅེས་གསུངས་པས། ཁ་ཅིག་ན་རེ་སྟོན་དཔྱིད་འབྲིང་པོ་གཉིསཀྱི་དངོས་ཟླ་མི་ཐུབ་པ་བཞིན་དུ་བཤོལ་ཟླ་ཡང་མི་ཐུབ་པ་སྟེ་གསོ་སྦྱོང་བཅུ་བཞི་པའོ་ཞེས་ཟེརརོ། །འོན་ཀྱང་ལོ་གསུམ་གྱི་བཤོལ་ཞག་བཅུ་ཚན་གསུམ་ལ་ཞག་ཉི་ཤུ་རྩ་དགུ་ལས་མེད་པར་སྨྲ་བ་ནི་ཤིན་ཏུ་མི་རིགས་སོ། །འོན་ཀྱང་ཊཱི་ཀའི་དགོངས་པ་འཚོལ་དགོས་ལ། འདུལ་འཛིནགྲགས་པ་རྒྱལ་མཚན་དང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་ཊཱི་ཀ་ལྟར་ཐུབ་པའི་རྗེས་སུཐུབ་པ་མི་ཐུབ་པའི་རྗེས་སུ་མི་ཐུབ་པར་བྱེད་གསུངས་སོ། །འདུལ་ལུགས་ལ་རགས་བཤདགོང་ལྟར་ཡིན་ཀྱང་མཐར་གཏུག་ན་སྐར་རྩིས་ཀྱི་རྗེས་སུ་འབྲང་དགོས་ཏེ། ཀརྨ་ཤཱ་ཏམ་ལས།

རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་པས་ཤེས་པར་བྱའོ། །ཞེས་གསུངས་སོ། །མཁས་གྲུབཆོས་རྗེས། འདུལ་བ་ལས་ཀྱང་ཟླ་བའི་བཤོལ་དོར་བ་དང༌། རྒྱུ་སྐར་ལ་སོགས་པ་ཞིབ་པར་སྐར་རྩིས་མཁན་པོའི་རྗེས་སུ་འབྲང་བར་གསུངས་སོ། །ཞེས་གསུངས་སོ། །

ལྔ་པ་ཚུལ་ཇི་ལྟར་གསོ་སྦྱོང་བྱ་བ་ནི།

སྦྱོར་དངོས་མཇུག་གསུམ་ལས། དང་པོ་གསོསྦྱོང་གི་སྦྱོར་བའི་ཆོ་ག་ལ། རང་གཞན་གྱི་ལྟུང་བ་དག་པར་བྱ་བ་དང༌། གཙུག་ལག་ཁང་གི་བྱ་བརྗེས་སུ་སྒྲུབ་པ་དང༌། ཆོས་འཆད་ཉན་བྱ་བ་དང༌། དགེ་བསྐོས་ཀྱིས་ཚུལ་ཤིང་བྲིམ་ཞིང་དགེ་སློངརྣམས་བགྲང་བ་དང༌། མ་འདུས་ན་འདུན་པ་དང་ཡོངས་དག་བླང་བ་དང༌། དགེ་སློང་གང་ཡངརུང་བས་མེ་ཏོག་དབུལ་ཞིང་སོ་སོ་ཐར་པའི་མདོ་གདོན་པར་གསོལ་བ་ལན་གསུམ་གདབ་པ་དངདྲུག །དང་པོ་ལ་གསུམ་ལས། དང་པོ་རང་གི་ལྟུང་བ་དག་པར་བྱ་བ་ནི། མཐོལ་བ་དང་བཤགསཔ་དང་བསྡམ་པ་དང་ལྟུང་བ་བྱིན་གྱིས་བརླབ་པར་བྱ་བ་ཡིན་ཏེ། རྩ་བར། འདི་ལ་ཟླ་བ་ཕྱེདའདས་པའི་སོ་སོར་བརྟག་པར་བྱའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་གཞན་གྱིལྟུང་བ་དག་པར་བྱ་བ་ནི། དགེ་སློང་རང་ལ་ལྟུང་བ་དེ་མི་ལྡན་གཞན་ཀུན་ལ་ལྟུང་བ་དེ་དང་དེ་བཅས་པ་ཡིན་ན་དང་པོ་གཞན་རྣམས་ཀྱི་མཐོང་སར་དགེ་སློང་གཅིག་ལྟ་བུ་ལྟུང་བ་ཕྱིར་བཅོསབྱེད་དུ་བཅུག་པའི་ཐབས་ཀྱི་སྒོ་ནས་དགེ་སློང་གཞན་རྣམས་ལ་ཕྱིར་བཅོས་བྱེད་དུ་བཅུག་པ་ཡིན་ཏེ། རྩ་བར། གལ་ཏེ་ཚེས་བཅོ་ལྔ་ལ་བདག་གཅིག་པུ་༼མེ་རེག་གི་ལྟུང་བ་ལྟ་བུ་༽དེ་དང་མི་ལྡན་པརཤེས་ན་༼དང་པོ་རང་གི་༽འགྲོགས་བཤེས་ལ་དང་པོར་འབད་པར་བྱའོ། །ཞེས་སོགས་གསུངས་པའིཕྱིར་རོ། །གསུམ་པ་རང་གཞན་གཉིས་ཀའི་ལྟུང་བ་དག་པར་བྱ་བ་ནི། རྩ་བར། གལ་ཏེ་ཚེསབཅོ་ལྔ་ལ་༼དགེ་འདུན༽ཐམས་ཅད་ཀྱིས་ལྟུང་བ་༼མཐུན་པར་བྱུང་བ༽ཤེས་སམ་ཡིད་གཉིས་སུ་གྱུརན་ལེན་པར་བྱེད་པ་༼ལྟུང་བ་མེད་པར༽བསྒྲུབ་པའི་ཕྱིར་དགེ་སློང་འགའ་ཞིག་རང་གི་ཕྱིར་བཅོས་པའིདོན་དུ་༼མིང་རིགས་མཐུན་པའི་ལྟུང་བས་མ་གོས་པའི་དགེ་སློང་ཡོད་པའི་༽གནས་གཞན་དུ་བཏང་བར་བྱའོ། །༼དེ་ལྟར༽མ་གྲུབ་ན་༼ལྟུང་བ་ཐུན་མོང་བ༽བྱིན་གྱིས་བརླབ་པའི་ཕྱིར་གསོལ་བ་༼འབའ་ཞིགགི་ལས༽བྱ་བ་འདོད་པར་བྱའོ། །ཞེས་པ་ལྟར་གསོལ་བ་འབའ་ཞིག་གིས་ལྟུང་ཐུན་བྱིན་གྱིས་བརླབཔར་བྱས་ནས་གསོ་སྦྱོང་དང་དགག་དབྱེ་བྱེད་དགོས་སོ། །གཉིས་པ་དངོས་གཞིའི་ཆོ་ག་ནི། སོསོ་ཐར་པའི་མདོ་འདོན་པ་སྟེ་ལུང་གཞི་ལས། གསོ་སྦྱོང་ནི་སོ་སོ་ཐར་པའི་མདོ་གདོན་པའོ། །ཞེསདང༌། འདི་ཉིད་ལས། སོ་སོ་ཐར་པའི་མདོ་གདོན་པས་སོ། །ཞེས་སོ། །དེའང་ལེགས་པར་ཐོན་པའིརྒན་རབས་ཚུལ་ཁྲིམས་དག་པས་གདོན་ཏེ། ལེགས་པར་ཐོན་པས་གདོན་ཏོ། །ཞེས་དང༌། དགེའདུན་གྱི་གནས་བརྟན་གྱིས་སོ། །ཞེས་དང༌། བསླབ་པ་བྱིན་པས་གདོན་པར་མི་བྱའོ། །ཞེསགསུངས་པས་སོ། །གསུམ་པ་མཇུག་གི་ཆོ་ག་ནི་བསྔོ་བ་བྱ་བ་ཡིན་ཏེ། སོ་སོ་ཐར་པ་བཏོན་པ་ཡི། །བསོད་ནམས་འགྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབཔར་ཤོག །ཅེས་གསུངས་པའོ། །

དྲུག་པ་དམིགས་བསལ་གྱི་དོན་ལ་བཞི་ལས།

དང་པོ་གནས་ཀྱི་དམིགས་བསལ་ནིགནས་མཚམས་པོ་ཆེར་མ་གྲུབ་ན་དཀྱིལ་འཁོར་བ་དང་མཚམས་གཏན་ནས་མ་བཅད་པ་ཡང་བྱའོ། །གཉིས་པ་རྟེན་གྱི་དམིགས་བསལ་ནི་འདུག་སྟེ་གསོ་སྦྱོང་བྱ་བ་ཡིན་ཡང་མགྲོན་པོ་མིསྡོད་ན་འགྲོ་བཞིན་དུ་བྱའོ། །ཞེས་གསུངས་སོ། །གསུམ་པ་དུས་ཀྱི་དམིགས་བསལ་ནི་ཚེས་བཅོལྔའི་མཚན་མོ་མཐའི་གོང་དུ་མ་གྲུབ་ན། རྩ་བར། ལས་ལ་ནི་འདས་ན་ཉི་མ་ཤར་བའིའོ། །ཞེས་གསུངས་པ་དང༌། བཀྲ་ཤིས་ཀྱི་གསོ་སྦྱོང་ལྟ་བུ་ཚེས་གྲངས་གང་ཡང་རུང་བ་ལའོ། །བཞིཔ་ཆོ་གའི་དམིགས་བསལ་ནི། སྒྲ་མི་འདོད་ན། སྡིག་པ་ཅི་ཡང་མི་བྱ་སྟེ་ཞེས་སོགས་ཀྱི་ཚིགསབཅད་བཏོན་ལ། མདོར་བསྡུས་པས་སོ། །ཞེས་གསུངས་པ་དང༌། སྔོན་གྱི་ཆོ་གའི་སྐབས་སུ་ཚིགསབཅད་གདོན་པས་གསོ་སྦྱོང་འགྲུབ་བོ། །དགེ་ཚུལ་གྱི་གསོ་སྦྱོང་སྔགས་རྣམ་པར་བཞག་པསབྱ་ཞིང༌། དགག་དབྱེ་བྱས་པས་ཀྱང་གསོ་སྦྱོང་གི་དགོས་པ་འགྲུབ་བོ། །ཡོངས་དག་ཕུལ་བ་དང༌། གསོ་སྦྱོང་བྱིན་གྱིས་བརླབས་པས་ཀྱང་གསོ་སྦྱོང་མ་བྱས་པའི་ཉེས་པ་ཁེགས་པའོ། །

བདུན་པ་བྱིན་གྱིས་རློབ་པའི་ཆོ་ག་ལ་གཉིས། དང་པོ་ལྟུང་བ་བྱིན་གྱིས་རློབ་པར་བྱེད་པ་ནི།

སྤྱིར་ལྟུང་བ་ལ་འཛེམ་པ་དང༌། ད་ལྟར་ཕྱིར་འཆོས་པའི་རྐྱེན་མ་འཛོམ་པ་དང༌། རྐྱེན་འཛོམ་པན་ཕྱིར་འཆོས་པ་གོ་བར་བྱེད་པའམ། དེ་ལྟར་དམ་འཆའ་བའོ། ། འདིའི་དོན་བཤད་པ་ལ་གསུམ་ལས། དང་པོ་ལྟུང་བ་བྱིན་གྱིས་བརླབས་པའི་དགོས་པ་ནི། ལས་ཀྱི་ཁ་སྐོང་བར་འོས་པ་དང༌།

གནས་སྐབས་དེར་མ་དག་ཀྱང་རྫུན་ལ་བརྟེན་པའི་ཉེས་པ་མི་འབྱུང་བའོ། །གཉིས་པ་ལས་ཀྱི་གནས་སུ་མ་འདུས་པས་བྱིན་གྱིས་བརླབ་པ་ལ་བཞི་ལས། དང་པོ་ཡུལ་གང་གི་མདུན་དུ་བྱིན་གྱིས་བརླབ་པ་ནི། དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །གཉིས་པ་རྟེན་གང་གིས་བྱིན་གྱིས་བརླབ་པ་ནི། རྟེན་ཆོས་ལྔ་ལྡན་ཏེ། ཕམ་པས་མ་གོས་པའི་བསྙེན་རྫོགས་ཀྱི་སྡོམ་པ་དང་ལྡན་པདང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། གནས་ནས་མ་ཕྱུངབ་དང༌། དངོས་སུ་ཕྱིར་འཆོས་པའི་རྐྱེན་དང་མི་ལྡན་པའོ། །ཐ་མ་ནི་ཕྱིར་འཆོས་པའི་ཡུལ་མེདཔ་དང༌། ཡུལ་གྱི་གྲངས་མ་ཚང་བ་དང༌། ཡུལ་དང་ལྟུང་བ་མཐུན་པ་དང༌། རྩོད་པ་དང་བཅས་པདང༌། ངེས་པ་ཉིད་མ་ཡིན་པ་དང༌། ཡིད་གཉིས་སུ་གྱུར་པ་དང༌། ཆད་པའི་ལས་སྔོན་དུ་མ་སོངབ་དང་བདུན་ལས་གང་ཡང་རུང་བའོ། །གཞན་དུ་ན་རྐྱེན་མེད་པས་ལྟུང་བ་བྱིན་གྱིས་བརླབ་པ་མི་འཆགས་སོ། །གསུམ་པ་ལྟུང་བ་གང་བྱིན་གྱིས་བརླབ་པ་ནི། ལྟུང་བ་ཆོས་བཞི་ལྡན་ཏེ། བྱིན་གྱིས་བརླབས་པས་འདག་ཏུ་རུང་བ་ཡིན། བདག་གི་རྒྱུད་དང་འབྲེལ་བར་ཡོད། ངོ་ཤེས་སམཡིད་གཉིས་ཟ་བ་དང༌། གཞི་དེ་ལས་བྱུང་བ་མ་ཡིན་པ་དེ། དང་པོ་གསུམ་ལས་གཞན་དུ་ན་བྱིནརླབས་མི་འཆགས་པའི་ཕྱིར་དང༌། ཐ་མ་ལས་གཞན་དུ་ན་བྱིན་རླབས་མི་དགོས་པའི་ཕྱིར་རོ། །

བཞི་པ་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་ནི།

གང་ཟག་གིས་ལྟུང་བ་བྱིན་གྱིས་བརླབ་པ་ནི་སྔགསརྣམ་པར་བཞག་པ་ལན་གསུམ་བརྗོད་པ་ལས་སོ། །གསུམ་པ་ལས་ཀྱི་གནས་སུ་འདུས་པས་བྱིནགྱིས་བརླབ་པ་ལ་གཉིས་ལས། དང་པོ་དགེ་འདུན་ཐམས་ཅད་ཀྱིས་ལྟུང་བ་ཐུན་མོང་དུ་བྱིན་གྱིསབརླབ་པ་ནི་གསོལ་བ་འབའ་ཞིག་པའི་ལས་ཀྱིས་སོ། །གཉིས་པ་གང་ཟག་གཞན་གྱིས་ལས་ཀྱིགནས་སུ་འདུས་པ་ན་ལྟུང་བ་བྱིན་གྱིས་བརླབ་པ་ནི། དེའི་ཚེ་ན་གང་ཟག་གིས་ཕྱིར་འཆོས་པའིརྐྱེན་འཛོམ་པ་ཡང་བྱིན་གྱིས་བརླབ་སྟེ་དགེ་འདུན་འགོར་བ་སྤང་བའི་ཕྱིར་རོ། །དེ་ཡང་ལས་ཀྱིཁ་སྐོང་བྱེད་པས་ནི་དྲུང་ན་མོ་ལ་སྔགས་ལན་ཅིག་གིས་སོ། །ལས་བྱེད་པས་ནི་སྔགས་ཞེས་པསྤངས་ཏེ། སྔགས་ལན་ཅིག་ཡིད་ཀྱིས་ཀློག་པའམ་ངག་ཏུ་བརྗོད་ན་ཡང་གཞན་གྱིས་མི་ཐོས་པར་བརྗོད་པའོ། །གཉིས་པ་གསོ་སྦྱོང་བྱིན་གྱིས་རློབ་པར་བྱེད་པ་ལ། རྩ་བར། བཞིར་མ་ཚང་ནདུས་ཀྱི་བར་དུ་བསྡད་དེ་བྱིན་གྱིས་བརླབ་པར་བྱའོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་ལྔ་ལས་དང་པོ་གསོ་སྦྱོང་བྱིན་གྱིས་བརླབ་པའི་དགོས་པ་ནི། གསོ་སྦྱོང་མ་བྱས་པའི་ཉེས་པཁེགས་པ་དང༌། བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་ཡུལ་གང་གི་མདུན་དུ་བྱིན་གྱིསབརླབ་པ་ནི། དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །གསུམ་པ་རྟེན་གང་གིས་བྱིན་གྱིས་བརླབཔ་ནི། རྟེན་ཆོས་ལྔ་ལྡན་སྔར་བཤད་པ་དང་གཞན་འདྲ་བ་ལ། དང་པོ་བསྙེན་རྫོགས་ཀྱི་སྡོམ་པགསོར་རུང་ཡན་ཆད་ལྡན་པ་དང༌། ཐ་མ་ནི་མཐུན་པའི་གསོ་སྦྱོང་དངོས་ཉིད་བྱེད་པའི་རྐྱེན་དང་མི་ལྡན་པ་སྟེ། གཞན་དུ་ན་གསོ་སྦྱོང་བྱིན་གྱིས་བརླབ་པ་མི་འཆགས་སོ། །བཞི་པ་དུས་གང་གི་ཚེ་བྱིནགྱིས་བརླབ་པ་ནི་ཉ་ཤིའི་དུས་སུ་སྟེ་གཞན་དུ་ན་དུས་མ་ཡིན་པས་མི་འཆགས་སོ། །

ལྔ་བ་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་ནི།

སྦྱོར་དངོས་མཇུག་གསུམ་སྟེ། སྦྱོར་བ་གཙུགལག་ཁང་གི་བྱ་བ་རྗེས་སུ་སྒྲུབ་པ་ལ་སོགས་པ་དང༌། དངོས་གཞི་སྔགས་རྣམ་པར་བཞག་པ་ལནགསུམ་བརྗོད་པའོ། །དེ་ཡང་གཅིག་ལས་མེད་ན་རང་ཙོག་པུར་བསྡད་དེ། ལྷ་ལ་དགོངས་གསོལཞུས་ནས་སྔགས་འདོན། གཉིས་ཡོད་ན་གཅིག་གི་མདུན་དུ་གཅིག་འདུག་པ་དང༌། གསུམཡོད་ན་གྲལ་ལ་འཁོད་ནས་སྔགས་ཚིག་ལན་གསུམ་བརྗོད་པ་ཡིན་ཏེ། རྩ་བར། འབའ་ཞིགན་འདུག་སྟེའོ། །ལྷག་མ་གཞན་དང་བཅས་པ་ཉིད་ཡིན་ན་མདུན་དུའོ། །གསུམ་ནི་འཁོད་དེའོ། །ཞེསགསུངས་སོ། །སྒོ་མང་གིས་བཞིས་ཀྱང་གསོ་སྦྱོང་རུང་བར་བཤད་དོ། །གཞན་དུ་ན་རྩ་བར། བཞི་མཚང་ན་དུས་ཀྱི་བར་དུ་བསྡད་དེ་བྱིན་ཀྱིས་བརློབ་པར་བྱའོ། །ཞེས་བཞི་མ་ཚང་ན་ཞེས་གསུངསཔ་ལས་ལྔ་མ་ཚང་ན་ཞེས་མ་གསུངས་པའི་རྒྱུ་མཚན་གང་ཡིན་འཚོལ་དགོས་སོ། །མཇུག་ནི་བརྗོདཡུལ་ཡོད་ན་ཐབས་ཡིན་ནོ་ལེགས་སོ་ཞེས་བརྗོད་པའོ། །ཊཱི་ཀ་ལས་སྐྱ་རེངས་མ་ཤར་ཚུན་ཆད་དུབསྡད་དེ་ཞེས་བཤད་པ་དེ་ཡང་མཚོན་པ་ཙམ་སྟེ། ཚེས་བཅོ་ལྔ་དེ་ལ་གནས་དེར་ཕྱིས་དགེ་སློངགཞན་མི་འོང་བར་ངེས་པ་ཐོབ་པ་ན་གསོ་སྦྱོང་བྱིན་གྱིས་རློབ་པའོ། །བཞིའི་དགག་དབྱེ་ཡང་ཞེསཔ་ནི་ཊཱི་ཀ་ལས་དགེ་སློང་བཞིས་དགག་དབྱེ་བྱིན་གྱིས་བརླབ་པར་བྱ་ཞེས་སོ། །དགག་དབྱེ་བྱིན་གྱིས་བརླབ་པ་ནི་འགྲེལ་པ་ལས་སང་ཕོད་ཚུན་ཆད་ནས་ཚེས་གྲངས་ཚང་བར་བྱའོ། །འོ་ན་ལུང་གཞི་ལས། གང་ན་དགེ་སློང་བཞི་གནས་བར་ནི་དེ་དག་གིས་གསོལ་བ་བྱས་པ་དགག་དབྱེ་བྱསསོ། །དགག་དབྱེ་བྱེད་པའི་དགེ་སློང་ནི་བསྐོ་བར་མི་བྱའོ། །ཞེས་གསུངས་པ་དང༌། བསྡུས་པལས་ཀྱང་དེ་ལྟར་བཤད་པ་དང་འགལ་སྙམ་ན། ཊཱི་ཀ་ལས་དགེ་སློང་བཞིས་དགག་དབྱེ་བྱིན་གྱིསབརླབས་པར་གསུངས་པ་དེ་ངེས་དོན་དུ་བཟུང་སྟེ། ལུང་ལས་གསུངས་པ་ལྟར་དགེ་སློང་བཞིསདགག་དབྱེའི་དངོས་གཞི་འཆགས་ཀྱང་ཉེས་བྱས་སུ་འགྱུར་བའི་ཕྱིར་ཏེ། དེ་ཡང་བསྐོ་བའི་ཆོ་ག་མི་ཚང་བའི་ཕྱིར་དང༌། ལས་གཞིའི་ཊཱི་ཀ་ལས། དགེ་སློང་གསུམ་ལ་དགེ་སློང་གཅིག་གིས་དགགདབྱེ་བྱར་མི་རུང་བའི་ཕྱིར་རོ། །ཞེས་གསུངས་སོ། །ཞེས་མཚོ་ཊཱིཀ་ལས་བཤད་དོ། །གསོ་སྦྱོངགི་གཞིའི་རྣམ་པར་བཤད་པའོ།། །།

གཉིས་པ་དབྱར་གྱི་གཞི་བཤད་པ་ལ།

རྩ་བར། དབྱར་གནས་པར་ཁས་བླང་བར་བྱའོ། །ཟླ་བ་གསུམ་དུའོ། །ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་བོ་ཉའི་ཕྱི་དེ་ཉིན་པར་བགྱིའོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་དགུ་ལས། དང་པོ་གླེང་གཞི་ནི། སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། དགེ་སློང་འགའ་ཞིག་དབྱར་ནང་དུ་ལྗོངས་རྒྱུ་ཞིང་སོང་བ་ན། མུ་སྟེགས་ཅནགཅིག་གིས་ཤཱཀྱའི་བུ་དགེ་སློང་འདི་དག་ནི་སྲོག་གཅོད་པ་ལས་མ་ལོག་སྟེ། དབྱར་ལྗོངས་རྒྱུབ་ན་སྲོག་ཆགས་ཕྲ་མོ་མང་པོ་བརྫིས་ནས་སྲོག་དང་བྲལ་བར་བྱས་སོ། །བྱིའུ་ཁུག་རྟ་ཡངདབྱར་ཟླ་བ་བཞིར་རང་གི་ཚང་ན་ཞུམ་ཞུམ་པོར་བྱས་ནས་འདུག་ན། མགོ་རེག་འདི་དག་གིསཁས་ལེན་ཙམ་ཡང་མི་ཤེས་སོགས་ཀྱིས་འཕྱ་བ་དེ་གསོལ་བས་དབྱར་དེ་བས་ན་རྗེས་སུ་གནངསྟེ་དགེ་སློང་གིས་དབྱར་གནས་པར་ཁས་བླང་བར་བྱའོ་ཞེས་དབྱར་སྔ་མ་བཅས། ཇི་ལྟར་ཁསབླངས་མ་ཤེས་ནས་ཞུས་པས། ཟླ་བ་གསུམ་དུའོ། །ཞེས་གསུངས་ལ། གང་གི་ཚེ་རི་བྲག་གིགཙུག་ལག་ཁང་ཞིག་ཏུ་དབྱར་གནས་པ་ལས་འཇིགས་པ་བྱུང་ནས་དགག་དབྱེ་མ་བྱས་པརམཉན་ཡོད་དུ་འོངས་པས་དབྱར་ཕྱི་མ་རྗེས་སུ་བཅས་སོ། །

གཉིས་པ་དགོས་པའི་དོན་ནི།

དབྱར་གནས་ཀྱི་དགོས་པ་དགུ་སྟེ། དངོས་ཀྱི་དགོས་པ་གཅིག་དང༌། བརྒྱུད་པའི་དགོས་པ་བརྒྱད་དོ། །དང་པོ་ནི་དབྱར་གནས་མ་བྱས་པའི་ཉེས་པ་ཁེགས་པའོ། །

གཉིས་པ་ནི་སྲོག་ཆགས་ལ་གནོད་པ་སྤོང་བ་དང༌། གཞན་དག་མ་དད་པ་སྤོང་བ་དང༌། ལུས་སྲོགལ་གནོད་པ་སྤོང་བ་དང༌། དོན་དང་བྱ་བ་ཉུང་བར་འགྱུར་བ་དང༌། དེ་ལ་བརྟེན་ནས་ཤེས་རབ་གསུམ་འཕེལ་བར་འགྱུར་བ་དང༌། གནས་རལ་བ་དང་གྲུམ་པ་འཆོས་པར་འགྱུར་བ་དང༌། དགགདབྱེ་འབྱུང་བ་དང༌། སྲ་བརྐྱང་འབྱུང་བ་སྟེ་བརྒྱད་དོ། །

གསུམ་པ་གནས་གང་དུ་དབྱར་གནས་པར་ཁས་བླང་བ་ལ་དྲུག་ལས།

ཕན་པ་དང་བདེ་བའི་རྐྱེན་ཉེ་བར་གནས་ཤིང་གནོད་པ་དང་མི་ཕན་པའི་རྐྱེན་ཉེ་བར་མི་གནསཔ་དང༌། སྡུག་བསྔལ་བ་དང་ཡིད་མི་བདེ་བ་མི་སྐྱེད་པ་ཉིད་དང་སེལ་བ་ཉིད་དག་དང་བདེ་བདང་ཡིད་བདེ་བསྐྱེད་པ་ཉིད་དང༌། ཞེས་གསུངས་པ་དང༌། གཞན་དུ་ན་ཕན་པ་དང་བདེ་བའིམཐུན་རྐྱེན་མ་ཚང་བས་དབྱར་གནས་པའི་དགོས་པ་མི་འགྲུབ་པའི་ཕྱིར་རོ། །སྟེང་གཡོགས་དངབཅས་པ་ཡིན་པ་སྟེ། གཡོགས་པར་དགེ་སློང་གི་མདུན་དུའོ། །ཞེས་དང༌། གཞན་དུ་ན་གནསཔར་མི་ནུས་པའི་ཕྱིར་རོ། །གནས་གཅིག་ཡིན་པ་སྟེ། གཙུག་ལག་ཁང་དུ་མར་མི་བྱའོ་ཞེས་གསུངསཔ་དང༌། གཞན་དུ་ན་དོན་དང་བྱ་བ་ཉུང་བའི་དགོས་པ་མི་འགྲུབ་པའི་ཕྱིར་རོ། །དགེ་སློང་དངབཅས་ཤིང་སྒོ་གླེགས་དང་བཅས་པ་ཡིན་པ་སྟེ། གང་ན་དགེ་སློང་མེད་པ་ཉིད་དང་སྒོ་གླེགས་མེདཔ་ཉིད་དང་བཅས་པར་ཡང་མི་བྱའོ། །ཞེས་གསུངས་པ་དང་གཞན་དུ་ན་ལོངས་སྤྱོད་ལ་སོགསཔའི་བར་ཆད་དུ་འགྱུར་བའི་ཕྱིར་རོ། །རང་གཞན་ལ་ཐུན་མོང་དུ་མཁོ་བའི་གནས་མ་ཡིན་པ་སྟེ། སྒོ་ཁང་དང་ཐེམ་སྐས་ཀྱི་ལྐོག་དང་ཁྱམས་དང༌། ཞེས་གསུངས་པ་དང༌། གཞན་དུ་གཞན་ལགནོད་པའི་ཕྱིར་རོ། །ནམ་མཁའ་ལ་སོགས་མཚམས་གཞན་མ་ཡིན་པ་སྟེ། ནམ་མཁའ་ལགནས་པར་ཁས་བླངས་པ་མི་འཆགས་སོ་ཞེས་པ་དང་གྲུ་ནང་དུ་འབྱམས་པ་ཉིད་དུ་ཤེས་ན་མི་འཆགས་ཏེ། ཞེས་པ་དང༌། གཞན་དུ་ན་ཐ་དད་པ་ཉིད་དུ་ཡིད་ལ་སྣང་བའི་ཕྱིར་རོ། །བཞི་པ་ཡུལ་གང་གི་མདུན་དུ་དབྱར་གནས་པར་ཁས་བླང་བ་ནི། དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །

ལྔ་བ་རྟེན་གང་གིས་དབྱར་གནས་པར་ཁས་བླང་བ་ནི།

ཆོས་ལྔ་ལྡན་ལས། ཆོས་འདིཔའི་རབ་བྱུང་ཡིན་པ་སྟེ། སྡེ་པ་ལྔ་ཆར་གྱིས་ཀྱང་གནས་པར་ཁས་བླངས་ཞེས་པ་དང༌། སྡོམ་པབླངས་ཀྱང་མ་སྐྱེས་པ་སྡེ་ལྔའི་སྡོམ་པ་གང་དང་ཡང་མི་ལྡན་ཡང་རབ་ཏུ་བྱུང་བ་བར་མའི་དགེབ་དང་ལྡན་པས་ཀྱང༌། དབྱར་གནས་པར་ཁས་བླང་དགོས་ཏེ། སྡོམ་པ་མ་སྐྱེས་པ་ལྟུང་བ་ལ་སྦྱོརན་ཉེས་བྱས་སུ་འགྱུར་བས་དེ་དགག་དགོས་པའི་ཕྱིར་རོ། །མཁན་པོས་རབ་ཏུ་ཕྱུང་ཟིན་ཡང་སློབདཔོན་གྱིས་དགེ་ཚུལ་གྱི་སྡོམ་པ་མ་ཕོག་པར་ཡུན་རིང་དུ་གནས་པ་སྲིད་དེ་དེས་ཀྱང་དབྱར་གནསཔར་ཁས་བླང་བར་རིགས་སོ། །དབྱར་གནས་པའི་མཐུན་རྐྱེན་དང་ལྡན་པ་སྟེ། བསོད་སྙོམས་དངསྨན་སྦྱིན་པར་བྱེད་པ་ལ་རྣམ་པར་བལྟས་ཏེ་ཞེས་གསུངས་པ་དང༌། གཞན་དུ་ན་གནས་པརམི་ནུས་པའི་ཕྱིར་རོ། །ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་བར་གནས་པ་དང༌། གནས་ནས་མ་བྱུང་བ་སྟེ། གཞན་དུ་ན་དབྱར་གནས་པར་ཁས་ལེན་པའི་ཆོ་གའི་རྟེན་མ་ཡིནཔའི་ཕྱིར་རོ། །

དྲུག་པ་དུས་གང་གི་ཚེ་དབྱར་གནས་པར་ཁས་བླང་བ་ནི།

དབྱར་སྔ་ཕྱིའི་བྱེ་བྲག་གིས་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གམ་དབྱར་ཐ་ཆུང་གི་ཚེས་བཅུ་དྲུག་ལ་སྟེ། ཚེས་བཅུ་དྲུག་ལའོ། །

ཞེས་པ་ལ་སོགས་པ་གསུངས་སོ། །བདུན་པ་ཡུན་ཇི་སྲིད་དུ་དབྱར་གནས་པར་ཁས་བླང་བ་ནི། ཟླ་བ་གསུམ་དུའོ། །ཞེས་སོ། །

བརྒྱད་པ་ཆོ་ག་གང་གིས་དབྱར་གནས་པར་ཁས་བླང་བ་ནི།

སྦྱོར་དངོས་མཇུགགསུམ་ལས། དང་པོ་སྦྱོར་བའི་ཆོ་ག་ལ། ཞག་བཅུའམ་ཟླ་བ་ཕྱེད་ལ་སོགས་པ་ནས་ཇི་ལྟརསྒྲུབ་པ་དང༌། ཉི་མ་སྔ་མ་ལ་ཇི་ལྟར་སྒྲུབ་པ་དང༌། ཚེས་བཅུ་དྲུག་ལ་ཇི་ལྟར་སྒྲུབ་པ་དང་གསུམ།

དང་པོ་ནི་དབྱར་གྱི་སྔོན་ཞག་བཅུའམ་བཅོ་ལྔའི་དུས་ནས་དབྱར་གནས་ཀྱི་གཙུག་ལག་ཁང་བྱིདོར་དང་མེ་ཏོག་སོགས་མཆོད་རྫས་ཀྱིས་བརྒྱན་པ་རྣམས་དགོས་ཏེ། རྩ་བར། ཞག་བཅུའམཟླ་བ་ཕྱེད་ཀྱིས་འབྱུང་བར་འགྱུར་བ་ཉིད་ན་གཙུག་ལག་ཁང་བྱི་དོར་བྱ་བའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །

གཉིས་པ་ལ། གནས་མལ་སྟོབ་པ་པོ་བསྐོ་བ་དང༌། དེས་ཚུལ་ཇི་ལྟར་བྱ་བ་དང་གཉིས། དང་པོ་ནི། རྩ་བར། དེ་སྟོབ་པ་བསྐོ་བར་བྱའོ། །ཞེས་བྱུང༌། འདིའི་དོན་ལ་བཞི་ལས།

དང་པོ་གནས་མལ་སྟོབ་པ་པོ་བསྐོས་པའི་དགོས་པ་ནི།

མ་བསྐོས་པར་སྟོབ་པའི་ཉེས་པཁེགས་པ་དང༌། ལས་ཀྱིས་བསྐོས་པས་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་ཡུལ་གངབསྐོ་བ་ནི། ཆོས་བཅུ་བཞི་དང་ལྡན་པ་བསྐོ་སྟེ། སྤོང་བ་པའི་ཞལ་ཏ་བ་བསྐོ་བའི་སྐབས་སུ་སྔརབཤད་པ་བཞིན་ནོ། །གསུམ་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིསསོ། །བཞི་པ་ཆོ་ག་གང་གིས་བསྐོ་བ་ནི། སྦྱོར་དངོས་མཇུག་གསུམ་གྱིས་ཏེ། སྦྱོར་བ་སྤྲོ་བ་འདྲི་བ་དང༌། དངོས་གཞི་གསོལ་གཉིས་ཀྱི་ལས་དང༌། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །

གཉིས་པ་དེས་ཚུལ་ཇི་ལྟར་བྱ་བ་ལ།

སྦྱོར་དངོས་འཇུག་གསུམ་ལས། དང་པོ་ལ། ཚུལ་ཤིང་ཉེ་བར་ཞུགས་པ་དང༌། ཁྲིམས་བརྗོད་པ་དང༌། ཚུལ་ཤིང་ལེན་པའི་གསོལ་བའི་ལས་བྱ་བ་དང༌།

གྲངས་བཟུང་བའི་ཚུལ་ཤིང་བྲིམ་པ་དང་བཞི། དང་པོ་ནི། བསྐོས་པའི་དགེ་སློང་གིས་ཆོས་ཀྱིཚུལ་ཤིང་དྲི་བཟང་གིས་བྱུགས་པ་སྟོན་པ་དགེ་འདུན་སོགས་ལས་གྲངས་མི་ཉུང་བ་གཟེབ་ཀྱིསྤྲོག་མར་རས་དཀར་པོས་གཡོག་པའི་སྟེང་ན་བཞག་པ་དགེ་སློང་རྒན་པའི་མཐར་བཞག་དགོསཏེ། རྩ་བར། དེས་དྲི་དག་གིས་བསྐུས་པའི་ཚུལ་ཤིང༌། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཁྲིམས་བརྗོད་པའམ་བསླབ་བྱ་ནི། ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་བརྩོནཔར་བྱ་དགོས་ཏེ། རྩ་བར། ཚེ་དང་ལྡན་པ་དག་གནས་འདི་ན་ཁྲིམས་སུ་བྱ་བ་འདི་དང་འདིཡོད་དོ། །ཁྱེད་ཅག་ལས་གང་ཁྲིམས་སུ་བྱ་བ་འདི་དང་འདིས་གནས་པར་སྤྲོ་བ་དེས་ནི་ཚུལཤིང་ལོངས་ཤིག ཞེས་པ་ནས། ཞེས་དགེ་སློང་རྣམས་ལ་གོ་བར་བྱའོ། །ཞེས་གསུངས་པ་ལྟརརོ། །གསུམ་པ་ཚུལ་ཤིང་ལེན་པའི་གསོལ་བའི་ལས་བྱ་དགོས་ཏེ། རྩ་བར། གཞན་གྱིས་བླངསཔ་དང་ཁས་བླངས་པའི་ཕྱིར་དགེ་འདུན་ལ་གསོལ་བ་བྱའོ། །ཞེས་དང༌། ཊཱི་ཀ་ལས། གནས་མལ་སྟོབས་པའི་དགེ་སློང་དེ་ལས་གཞན་པའི་དགེ་སློང་གཅིག་གིས་དགེ་འདུན་གྱི་ཚུལ་ཤིངབླངས་བ་དང་དབྱར་གནས་པ་ཁས་བླངས་པའི་ཕྱིར་དགེ་འདུན་ལ་གསོལ་བ་འབའ་ཞིག་གི་ལསཞིག་བྱ་སྟེ། དོན་དེ་གཉིས་ཀ་འབའ་ཞིག་གི་ལས་ཅིག་ཅར་གོ་བར་བྱའོ། །ཞེས་གསུངས་པའིཕྱིར། ཚུལ་ཤིང་བྲིམ་པའི་སྐབས་ཀྱི་བྱ་བ་བསྒྲུབ་པའོ། །བཞི་བ་གྲངས་བཟུང་བའི་ཚུལ་ཤིང་བྲིམཔའི་ཚུལ་ནི། གནས་བརྟན་ནམ་རྒན་པས་དང་པོར་སྟོན་པ་སངས་རྒྱས་ཀྱི་ཚུལ་ཤིང་ལེན། དེནས་དགེ་སློང་རྣམས་ཀྱིས་སྟན་ལས་ལུས་ཕྱེད་འཕགས་ནས་རང་རང་གི་ཚུལ་ཤིང་སོ་སོར་ལེན།

དེ་ནས་དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་རང་ངམ་མཁན་སློབ་ཅི་རིགས་ཀྱིས་ལེན། མཇུག་ཏུ་གཞིབདག་གཉུག་མར་གནས་པ་སོགས་ཀྱི་སྐལ་བ་ལེན་པ་ཡིན་ཏེ། རྩ་བར། ཚུལ་ཤིང་འབྲིམ་མོ། །

དང་པོ་སྟོན་པའི་བླང་ངོ། །གཞན་དག་གིས་ནི་སྟན་ལས་ཕྱེད་འཕགས་པས་སོ། །དགེ་ཚུལ་རྣམསཀྱི་ནི་སློབ་དཔོན་དང་མཁན་པོ་དག་གིས་སོ། །མཇུག་ཏུ་གཉུག་མར་གནས་པ་རྣམས་ཀྱི་ཡང་ངོ། །ཞེས་གསུངས་པས་སོ། །དེའི་རྗེས་ནས་དགེ་སློང་སོ་སོའི་ཚུལ་ཤིང་སྒྲ་མེད་དལ་བུས་བཞགནས་བསྡུས། དེ་ནས་བགྲང་ནས་དགེ་སློང་འདི་སྙེད་ཅེས་བརྗོད་པ་དང༌། དེ་བཞིན་དུ་དགེ་ཚུལབསྡུས་ལ་དགེ་ཚུལ་འདི་སྙེད་ཀྱིས་དབྱར་བཞེས་སོ། །ཞེས་དགེ་འདུན་ལ་གོ་བར་བྱ་ཞིང༌། འཁོདཔ་རྣམས་གྱིས་ཀྱང་རེ་རེ་ནས་ཤིན་ཏུ་བཞེས་སོ། །ལེགས་པར་བཞེས་སོ། །ཞེས་བརྗོད་བྱདགོས་ཏེ། རྩ་བར། དལ་བུས་བཞག་པར་བྱའོ། །བགྲང་ནས་གནས་འདིར་དགེ་སློང་འདི་སྙེདཀྱིས་ཚུལ་ཤིང་བླངས་སོ་ཞེས་གོ་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དངོས་གཞི་ནི། གནས་ཀྱི་གཞི་བསྟབ་པར་བྱའོ། །དེ་དག་གི་སྒོ་ལྕགས་དང་ལྡེ་མིག་བླངས་མདུནདུ་འདུག་སྟེ། ཞེས་སོགས་དང༌། ཊཱི་ཀ་ལས། གནས་ཀྱི་གཞི་བསྟབ་པར་བྱ་ཞེས་པ་ལ་སོགས་པསགནས་དང་མལ་ཆ་ལ་སོགས་པ་བསྟབ་པ་བསྟན་ཏོ། །འདིའི་དོན་བཤད་པ་ལ་དྲུག་ལས། དངཔོ་དགོས་པ་ནི། དགེ་འདུན་བདེ་བ་ལ་རེག་པར་གནས་པའོ། །གཉིས་པ་ཡུལ་གང་ལ་བསྟབ་པ་ནི། ཆོས་འདི་པའི་རབ་བྱུང་ཡིན་པ་དང༌། རྩ་ལྟུང་འཆབ་བཅས་བྱུང་བ་མ་ཡིན་པ་དང༌། གནས་ནས་མ་ཕྱུང་བ་དང༌། ལྟ་བ་དང་སྤྱོད་པའི་སྒོ་ནས་ཆོས་གཞན་པའི་ཕྱོགས་སུ་མ་གྱུར་པདང༌། འཐབ་ཀྲོལ་ཅན་མ་ཡིན་པ་དང༌། ཕྱིས་འབྱུང་བའི་གང་ཟག་མ་ཡིན་པ་དང༌། དབྱར་གནསཔར་ཁས་ལེན་པ་དང༌། མཚན་མཐུན་པ་སྟེ་ཆོས་བརྒྱད་དང་ལྡན་པ་གནས་བསྟབ་པའི་ཡུལ་ལོ། །

མལ་ཆ་བསྟབ་པའི་ཡུལ་ནི་བརྒྱད་པོ་དེ་དག་གི་སྟེང་དུ་མཛེ་ཅན་མ་ཡིན་པ་དང༌། གནས་མལཉམས་པར་བྱེད་པའི་ཆོས་ཅན་མ་ཡིན་པ་སྟེ་ཆོས་བཅུ་ལྡན་ནོ། །གསུམ་པ་རྟེན་གང་གིས་བསྟབཔ་ནི། བསྐོས་པ་དང་འབྲེལ་བ་སྟེ་མ་བསྐོས་པར་མི་བྱའོ་ཞེས་གསུངས་པས་སོ། །བཞི་པ་དངོསཔོ་གང་སྟོབ་པ་ནི། གནས་དང་མལ་ཆ་ལ་སོགས་པ་ཡིན་པ་དང༌། བདག་པོ་དགེ་འདུན་དབངབ་ཡིན་པ་དང༌། རང་གཞན་ལ་ཐུན་མོང་དུ་མཁོ་བའི་གནས་མ་ཡིན་པ་དང༌། ནད་པ་ལ་བསྔོསཔ་མ་ཡིན་པ་དང༌། སྔར་བསྟབ་ཟིན་པ་དང་མ་འབྲེལ་བའོ། །ལྔ་པ་དུས་གང་གི་ཚེ་བསྟབ་པ་ནི།

རྒྱུ་སྐར་མ་ཤར་བ་སྟེ། ལུང་སིལ་བུ་ནས་སྐར་མ་ཤར་ཕན་ཆད་མལ་སྟན་མ་བསྒོ་ཞིག ཅེས་གསུངསསོ། །དབྱར་གནས་པར་ཁས་མི་ལེན་པས་ཀྱང་གནས་མལ་ལེན་པ་སྤང་བའི་ཕྱིར་རོ། །

དྲུག་པ་ཚུལ་ཇི་ལྟར་བསྟབ་པ་ནི། ལྡེ་མིག་ཐོགས་ཏེ་མདུན་དུ་འདུག་ནས་ཡོན་ཏནཇི་ལྟ་བ་བཞིན་དུ་བརྗོད་ཅིང་བསྟབ་པའོ། །མཚན་མོ་གནས་མལ་མི་བསྐོའོ་ཞེས་པ་ནི་ལུང་སིལབུ་ལས་སྐར་མ་ཤར་ཕན་ཆད་མལ་སྟན་མ་བསྐོ་ཞིག་ཅེས་གསུངས་སོ། །འོན་ཀྱང་ལུང་གཞི་ལསནི། མཚན་མོ་སྲོད་འཁོར་ཕན་ཆད་མལ་སྟན་མ་བསྐོ་ཞིག་ཅེས་གསུངས་ཏེ། སྲོད་འཁོར་བ་ནིམཚོན་པ་ཙམ་ཞེས་མཚོ་ཊཱིཀ་ལས་སོ། །གསུམ་པ་མཇུག་གི་བྱ་བ་ནི། གནས་མལ་ལོག་པརསྤྱོད་པ་དགག་དགོས་ཏེ། རྩ་བ་ལས། ཁྱེད་ཅག་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་ལགདིང་བ་མེད་པར་ལོངས་སྤྱོད་པར་མི་བྱ། རུང་བ་མ་ཡིན་པས་ལོངས་སྤྱད་པར་མི་བྱ་གདིང་བ་དྲི་མ་ཅན་གྱིས་ལོངས་སྤྱད་པར་མི་བྱའོ། །ཞེས་གསུངས་པ་བཞིན་ནོ། །དབྱར་དངོས་གཞིའིསྙན་གསན་འབབ་དགོས་ཏེ། རྩ་བར། དགེ་འདུན་སང་སྦྱིན་བདག་ཆེ་གེ་མོ་དང་ཞལ་ཏ་བ་ཆེ་གེ་མོ་དང་སྤྱོད་ཡུལ་གྱི་གྲོང་ཆེ་གེ་མོ་དང་ནད་གཡོག་ཆེ་གེ་མོས་གནས་པར་ཞལ་གྱི་བཞེསཔར་འགྱུར་རོ་ཞེས་བརྗོད་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་ཚེས་བཅུ་དྲུག་ལ་ཇི་ལྟར་སྒྲུབ་པའི་སྦྱོར་བ་ནི།

ཡུལ་དེ་བསླབ་པ་རྒན་ནཕྱག་འཚལ་བ་དང༌། འདུག་ཅིང་ཐལ་མོ་སྦྱར་བའི་སྤྱོད་ལམ་བསྟེན་པའོ། །གཉིས་པ་དངོས་གཞིནི། གནས་བརྟན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅསཔའི་གནས་རལ་བ་དང་འགྲུམ་པ་འཆོས་པའི་སླད་དུ་དབྱར་ཟླ་བ་གསུམ་གནས་པར་ཁས་བླང་ངོ། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེསསྔགས་ལན་གསུམ་བརྗོད་པའོ། །འདུལ་བ་བདུད་རྩིའི་ཉིང་ཁུ་ལས། བཅོས་པའི་སླད་དུ། ཞེསཔའི་མཚམས་སུ། སྦྱིན་བདག་མིང་འདི་ཞེས་བྱ་བ་དང༌། ཞལ་ཏ་བ་མིང་འདི་ཞེས་བྱ་བ་དང༌།

སྤྱོད་ཡུལ་གྱི་གྲོང་ཁྱེར་མིང་འདི་ཞེས་བྱ་བ་དང༌། བྲོ་གཡོག་པ་མིང་འདི་ཞེས་བྱ་བ་ལ་བརྟེནནས་དབྱར་སྔ་མ་ཟླ་བ་གསུམ་དུ་གནས་པར་ཁས་བླང་ངོ༌། །ཞེས་གསུངས་སོ། །དམིགས་བསལཡོད་དེ། ཆོ་གས་ཁས་ལེན་མ་གྲུབ་ཀྱང་སྔོན་ནས་གནས་འདིར་ཟླ་བ་གསུམ་གནས་པར་བྱའོ། །

སྙམ་དུ་དམ་བཅས་པས་ཀྱང་དབྱར་གནས་ཀྱི་གོ་ཆོད་པའི་ཕྱིར་ཏེ། རྩ་བར། གནས་པར་ཁསམ་བླངས་པས་གནས་མི་གཏོང་ན་གནས་པ་ཉིད་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་མཇུགནི། ཐབས་ཡིན་ནོ། །ལེགས་སོ་ཞེས་བརྗོད་པའོ། །

དགུ་པ་དབྱར་གྱི་དམ་ཚིག་ཇི་ལྟར་བསྲུང་བ་ལ་དྲུག་སྟེ།

༡དམ་བཅའ་དང་གནས་སུའབྲེལ་བར་བྱ་བ་དང༌། ༢དབྱར་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱ་བ་དང༌། ༣དབྱར་ཚུལ་ནང་དུ་ཐོས་བསམ་ལ་སོགས་པ་བརྩོན་པར་བྱ་བ་སྟེ་འདི་ནི་དོན་གྱིས་བསྲུང་བའོ། །༤གནས་རལ་བ་དང་གྲུམ་པ་བཅོས་པར་བྱ་བ་དང༌། ༥གནས་དེར་ཡུན་རིང་དུ་གནས་པར་བྱབ་དང༌། ༦དབྱར་གྱི་ཚུལ་འདྲལ་བ་སྤང་བའོ། །ཕྱི་མ་འདི་ལ་གསུམ་སྟེ། འདྲལ་བ་དངོས་སྤངབ་དང༌། འདྲལ་བའི་རྒྱུ་སྤང་བ་དང༌། དབྱར་ཚུལ་བྱིན་གྱིས་བརླབ་ཚུལ་དང་གསུམ། དང་པོ་ནི། རྩ་བར། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་འཆར་བར་མི་བྱའོ། །ཞེསགསུངས་སོ། །འདི་ལ་དེང་དུས་སུ་ཕྱག་ལེན་ལ་མི་འདྲ་བ་གཉིས་ཡོད་དེ། དབྱར་ཚུལ་ཁས་བླང་བའི་དགེ་སློང་དག་གིས་སྐྱ་རེངས་མ་ཤར་བའི་སྔར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ཡང་དབྱར་བྱིན་གྱིས་མི་བརླབ་པར་འགྲོ་ཆོག་པའི་ལག་ལེན་དང༌། འགྲོ་མི་ཆོག་པའི་ལག་ལེན་གཉིས་ཡོད་པའི་ཕྱིར། འོན་ཀྱང་ཕྱི་མ་འཐད་པར་མངོན་ཏེ། ལུང་གཞི་ལས། མཚམས་ཀྱི་ཕྱི་རོལ་ཏུ་འགྲོབར་མི་བྱའོ། །ཞེས་གསུངས་ལ། གཞི་གསུམ་ཆོ་ག་ལས། དབྱར་གྱི་ནང་དུ་ཉི་མ་དེ་ཉིད་ལ་ཕྱིར་འོང་ཡང་དགོས་མེད་དུ་རང་དགར་མཚམས་ཀྱི་ཕྱི་རོལ་ཏུ་ལྗོངས་རྒྱུ་ཞིང་འགྲོ་བ་ལ་ལམ་དུ་ཞུགས་པའི་ཉེས་བྱས། རྒྱང་གྲགས་ཀྱི་མཐའ་འདས་ན་ནི་དངོས་གཞིའི་ཉེས་བྱས་བསྐྱེད་དོ། །ཞེས་གསུངས་པའི་ཁུངས་ནི། མཚོ་ཊཱིཀ་༧༥༧ལས། དགག་བྱ་ནི་དབྱར་འདྲལ་བའི་རྒྱུར་འགྱུརབའོ། །གཞུང་གི་དོན་ནི། དབྱར་གྱི་ནང་དུ་ཡུལ་ལྟ་བའི་ཕྱིར་ལྗོངས་རྒྱུ་ཞིང་རྒྱང་གྲགས་ཀྱི་མཐའ་ལས་འགྲོ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །རང་གཞན་གྱི་ཆོས་ལྡན་གྱི་བྱ་བ་སྒྲུབ་པའི་དབྱར་ཚུལ་ནང་དུ་དབྱར་བྱིན་གྱིས་བརླབས་ཏེ་འགྲོ་བ་ལ་ནི་ཉེས་པ་མེད་པར་ཊཱི་ཀ་ལས་བཤད་དོ། །ཞེས་དང༌། མཚོ་མཆན་༧༥༧ལས། མའི་སོ་ཐར་འགྲེལ་བ་ལས། དབྱར་ཟླ་བ་གསུམ་མ་ཚང་བརཚུལ་འདྲལ་ན་ལྟུང་བྱེད་དོ། །ཞེས་བཤད་ཀྱང་ཚུལ་དྲལ་བ་ནི་མཚོན་པ་སྟེ་ཉིན་མོ་ལྗོངས་རྒྱུ་ལ་ཡངལྟུང་བྱེད་དོ། ། ཊཱི་ཀ་ལས། འདི་དགེ་སློང་ལ་སོགས་པ་གཞན་ལ་ཉེས་བྱས་སོ། །ཞེས་གསུངསསོ། །འོ་ན་རྩ་བར། སྐྱ་རེངས་འཆར་བར་མི་བྱའོ། །ཞེས་དང༌། རང་འགྲེལ་ལས། སྐྱ་རེངས་ལསདུས་སྔར་མཚམས་ཀྱི་ཕྱི་རོལ་འདའ་བར་བྱེད་པ་ལ་ཉེས་པ་མེད་དོ། །ཞེས་གསུངས་པ་ནི་དགེ་སློངཕས་མཚམས་ཀྱི་ཕྱི་རོལ་ཏུ་སོང་ཡང་སྐྱ་རེངས་མ་ཤར་ན་ཉེས་བྱས་ལས་ལྟུང་བྱེད་དངོས་གཞི་མེདཔའམ་དབྱར་རལ་བའི་ཉེས་པ་མེད་པ་ལ་དགོངས་པར་སྣང་ངོ། །

གཉིས་པ་ལ་གསུམ་ལས། དབྱར་ཚུལ་ནང་དུ་རྙེད་པ་བགོད་པ་སྤོང་བ་ནི།

བརྟད་པ་ལས་བྱུངབའི་སྤང་བའི་སྐབས་སུ་བསྟན་ནོ། །ཚུལ་ནང་དུ་གླེང་དྲན་བྱེད་པ་སྤང་བ་ནི། ལུང་གཞི་ལས། སུསཀྱང་དབྱར་གྱི་ནང་དུ་གླེང་དྲན་མི་བྱའོ། །ཞེས་གསུངས་སོ། །ཚུལ་ནང་དུ་ནན་ཏུར་བྱེད་པ་སྤང་བནི།

རྩ་བར། གནས་པར་ཁས་བླངས་པ་ཉིད་ལ་གནས་པ་སྤང་བར་མི་བྱ་བ་ཉིད་དོ། །ཞེས་གསུངས་སོ། །

གསུམ་པ་དབྱར་ཚུལ་བྱིན་གྱིས་བརླབ་པ་ལ།

དངོས་དང༌། གནང་བ་ཐོབ་པའི་བྱིན་གྱིས་བརླབ་པ་དང་གཉིས། དང་པོ་ནི། རྩ་བར། ཆོས་དང་ལྡན་པའི་དོན་དུ་ཞག་བདུན་བྱིན་གྱིས་བརླབ་པརབྱའོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་དགུ་ལས། དང་པོ་དགོས་པའི་དོན་ནི་དབྱར་འདྲལ་བའི་ཉེས་པ་མི་འབྱུང་བ་དང༌། ཆོ་གས་བྱིན་གྱིས་བརླབས་པས་བཅས་པའི་ས་མཚམསཟིན་པའོ། །གཉིས་པ་རྟེན་གང་གིས་བྱིན་གྱིས་བརླབ་པ་ནི། ཆོས་ལྔ་ལྡན་གྱིས་ཏེ། ཆོས་འདི་པའིརབ་བྱུང་ཡིན་པ་དང་ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། གནས་ནས་མ་བྱུང་བ་དང༌། དབྱར་གནས་པར་དམ་བཅས་པ་དང་འབྲེལ་བའོ། །དབྱར་གནསཔར་ཁས་བླངས་པའམ་ཁས་མ་བླངས་ཀྱང་དབྱར་གནས་པར་དམ་བཅས་ཏེ་གནས་ན་དེསཀྱང་བྱིན་གྱིས་བརླབ་དགོས་ཏེ། ཊཱི་ཀ་ལས་བཤད་དོ། །

གསུམ་པ་ཡུལ་གང་གི་མདུན་དུ་བྱིན་གྱིས་བརླབ་པ་ནི།

དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །བཞི་བ་གནས་གང་དུ་བྱིན་གྱིས་བརླབ་པ་ནི། གང་དུ་དབྱར་གནས་པའི་མཚམས་ཀྱིནང་ཡིན་པ་སྟེ། དེ་ནི་མཚམས་ཀྱི་ནང་དུ་འཆགས་སོ་ཞེས་གསུངས་སོ། །གཞན་དུ་ན་དབྱར་གྱི་མཚམས་དང་མ་འབྲེལ་བའི་ཕྱིར་དེ་ལ་ལྟོས་པའི་ཆོ་ག་མི་འཆགས་སོ། །ལྔ་པ་དུས་གང་གི་ཚེ་བྱིན་གྱིས་བརླབ་པ་ནི། མཐའི་ཞག་དྲུག་གི་གོང་ཡན་ཆད་དེ། མཐའི་ཞག་དྲུག་ལ་ནི་བྱིན་གྱིསབརླབ་པ་མི་འཆགས་སོ། །ཞེས་གསུངས་སོ། །མཐའི་ཞག་དྲུག་ལ་ནད་པ་ཚབས་ཆེ་བ་ལ་སྨན་སྟོན་དུ་འགྲོ་དགོས་ན་དགག་དབྱེ་བྱ་དགོས་པར་སྣང་སྟེ། རྩ་བར། དབྱར་གྱི་ནང་དུ་བྱ་བས་འགྲོདགོས་ན་དགག་དབྱེ་བྱའོ། །ཞེས་གསུངས་སོ། །དྲུག་པ་ཡུན་ཇི་སྲིད་དུ་བྱིན་གྱིས་བརླབ་པ་ནི། གནང་བ་མ་ཐོབ་པས་ཞག་བདུན་ཚུན་ཆད་དང༌། གནང་བ་ཐོབ་ན་ཞག་བཞི་བཅུ་ཚུན་ཆད་བྱིནགྱིས་བརླབས་ཏེ། འདི་མཐར་ཐུག་པའི་མཐའ་ནི། ཞག་བདུན་ཚུན་ཆད་ཉིད་དོ། །ཞེས་པ་དང༌། གཞན་གྱིས་ནི་ཞག་བཞི་བཅུའོ། །ཞེས་གསུངས་སོ། །བདུན་པ་ཆེད་དུ་བྱ་བ་གང་གི་ཆེད་དུ་བྱིནགྱིས་བརླབ་པ་ནི། འདི་ཉིད་ལས། ཆོས་དང་ལྡན་པའི་དོན་དུ་ཞེས་སོ། །གཞན་དུ་ན་མི་འཆགསསོ། །བརྒྱད་པ་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་ནི། སྦྱོར་དངོས་མཇུག་གསུམ་གྱིས་ཏེ། སྦྱོར་བ་ནི། ཡུལ་དེ་བསླབ་པ་རྒན་ན་ཕྱག་འཚལ་བ་དང༌། འདུག་ཅིང་ཐལ་མོ་སྦྱར་བའི་སྤྱོད་ལམ་བསྟེནཔའོ། །དངོས་གཞི་ནི་སྔགས་ལན་གསུམ་བརྗོད་པ་སྟེ། མཇུག་ཐབས་ཡིན་ནོ་ལེགས་སོ་ཞེསསོ། །དགུ་བ་བྱིན་གྱིས་བརླབ་པ་འཇིག་པའི་རྒྱུ་ནི། ཞག་གྲངས་ཀྱི་འཕེན་པ་ཟད་པ་དང་བྱ་བམེད་པར་ཤེས་པ་དང༌། བྱ་བ་ཆོས་མི་ལྡན་དུ་ཤེས་པ་དང་ཁྱིམ་པར་བབས་པ་ལ་སོགས་པ། རྟེན་ཞིང་མ་ཡིན་པར་གྱུར་པའོ། །ལུང་ཞུ་བ་ལས། བཙུན་པ་མདོ་སྡེ་འཛིན་པ་དང་མ་མོ་ལྟ་བུའཛིན་པ་མ་མཆིས་པར་དབྱར་ཚུལ་དུ་འཇུག་པར་རུང་ངམ། ཨུ་པ་ལི་རུང་ངོ༌། །བཙུན་པ་འདུལབ་འཛིན་པ་མ་མཆིས་པར་དབྱར་ཚུལ་དུ་འཇུག་ཏུ་རུང་ངམ། ཨུ་པ་ལི་མི་རུང་ངོ༌། །དེ་སྟེ་འདུལ་བའཛིན་པ་མ་མཆིས་ན་སོ་སོ་ཐར་པའི་མདོ་འདོན་པའི་དགེ་སློང་བཙལ་འཚལ་ལམ། སོ་སོ་ཐརཔ་འདོན་པ་མེད་ན་དབྱར་ཚུལ་དུ་འཇུག་ཏུ་མི་གནང་ངོ། །ཞེས་གསུངས་སོ། །གཉིས་པ་གནངབ་ཐོབ་པའི་བྱིན་གྱིས་བརླབ་ནི། རྩ་བར། གཞན་གྱི་ཞག་བཞི་བཅུའོ། །དེ་སྦྱིན་ནོ་ཞེས་པ་འདིའིདོན་ལ་དྲུག་ལས། དང་པོ་དགོས་པའི་དོན་ནི་དབྱར་བྱིན་གྱིས་བརླབས་པ་འཆགས་པ་དང༌། བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་ཡུལ་གང་ལ་གནང་བ་སྦྱིན་པ་ནི། ཆོས་བཅུ་ལྡནཏེ། གཞན་ནི་ལས་གཞིར་འཆད་ལ་སྔར་གནང་བ་བྱིན་པ་དང་མ་འབྲེལ་བ་དང༌། དབྱར་དམབཅས་པ་དང་འབྲེལ་བ་སྟེ། གཞན་དུ་ན་དོན་མེད་པའི་ཕྱིར་རོ། །གསུམ་པ་རྟེན་གང་གིས་གནངབ་སྦྱིན་པ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། ། བཞི་པ་ཡུན་ཇི་སྲིད་དུ་གནང་བསྦྱིན་པ་ནི། ཞག་བཞི་བཅུའོ། །ཞེས་སོ། །དེ་ཡང་ཡ་མཐའི་ཚད་མཚོན་པ་ཙམ་སྟེ། ལུང་ཞུ་བ་ལས། ཞག་བཞི་བཅུར་བསྐོ་བར་བྱའོ། །ཞེས་གསུངས་ན། ཞག་སུམ་ཅུ་རྩ་དགུའམ་ཞག་སུམ་ཅུའམཞག་ཉི་ཤུར་བསྐོ་བར་རུང་ངམ། ཨུ་པ་ལི་རུང་ངོ། །ཞེས་གསུངས་སོ། ། ལྔ་པ་དོན་གང་གི་ཆེད་དུགནང་བ་སྦྱིན་པ་ནི། ཆོ་ག་ལས་དགེ་འདུན་གྱི་ཆེད་ལ་ཞེས་གསུངས་པ་ནི་གླེང་གཞིའི་དབངགིས་མཚོན་པ་ཙམ་སྟེ། ལུང་སིལ་བུ་ལས། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཕྱིར་ཞགབཞི་བཅུར་བྱིན་གྱིས་བརླབས་ལ། ཞེས་གསུངས་ཤིང༌། ལུང་ཞུ་བ་ལས། དགེ་འདུན་གྱི་དོན་གྱིསླད་དུ་ནི་ཞག་བཞི་བཅུའི་གནང་བ་བྱིན་ཅིག་ཅེས་གསུངས་ན། དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་དང་ཉེ་དུ་དང་མུ་སྟེགས་ཅན་སྤྱོད་པ་བ་དང་ཀུན་ཏུ་རྒྱུ་བ་རྣམས་ཀྱི་དོན་གྱི་སླད་དུ་ཞག་བཞི་བཅུའི་གནང་བ་བསྩལ་བར་བགྱིའམ། ཨུ་པ་ལི་རུང་ངོ། །ཞེས་གསུངསལ་ལུང་མ་མོ་ལས། དགེ་སློང་གི་དོན་ནམ་དགེ་སློང་མའི་དོན་ནམ་དགེ་བསྙེན་ནམ་དགེ་བསྙེན་མའི་དོན་ཀྱང་རུང་ཉེ་དུའི་དོན་ཀྱང་རུང་མུ་སྟེགས་ཀུན་ཏུ་རྒྱུ་བ་གཞན་དག་གི་དོན་ལ་ཡང་རུངསྟེ་ཞག་བདུན་ནམ་ཞག་བཞི་བཅུར་བྱིན་གྱིས་བརླབས་ལ་འགྲོ་བར་བྱ། ཞེས་གསུངས་སོ། །

མེ་ཏོག་ཕྲེང་རྒྱུད་ལས་ཀྱང༌། ལྷག་པར་བུ་དང་བུ་མོ་རྣམས། །བག་མར་གཏོང་ལེན་ལ་སོགསདང༌། །ཕ་མ་དཀོན་མཆོག་གསུམ་དང་ནི། །སློབ་དཔོན་ལ་སོགས་དགོས་སྒྲུབ་ལ། །ཞག་བདུན་བསླབས་སམ་ལྷག་ཀྱང་རུང༌། །མཚན་མོ་ཉི་ཤུ་སུམ་ཅུ་འམ། །ཉིན་ཞག་བཞི་བཅུ་ཡང་ནི་རུང༌། ཞེས་གསུངས་ཤིང༌། མདོ་རྩ་བ་ལས། དེ་སྦྱིན་ནོ་ཞེས་སྤྱིར་གསུངས་ཀྱི། དགེ་འདུན་གྱི་ཆེད་དུཞེས་ནི་མ་གསུངས་སོ། །དྲུག་པ་ཆོ་ག་གང་གིས་གནང་བ་སྦྱིན་པ་ནི། སྦྱོར་དངོས་མཇུག་གསུམལས། སྦྱོར་བ་ནི་འདུ་བའི་སྐབས་རྗེས་སུ་སྒྲུབ་པ་དང༌། ཕྱག་འཚལ་ཞིང་འདུག་པའི་སྤྱོད་ལམབསྟེན་པ་དང༌། ལས་བྱེད་པས་སྤྲོ་བ་འདྲི་བ་དང༌། རང་གིས་ལན་གསུམ་གསོལ་བ་གདབ་པའོ། །

དེ་ཡང་དགེ་འདུན་གྱི་ཆེད་ལ་འགྲོ་བ་དང་རང་རང་གི་དབྱར་འདྲལ་བ་སྤོང་བ་ཡིན་པས། ཀརྨཤ་ཏཾ་ལས། སྤྲོ་བ་འདྲི་བ་དང་གསོལ་བ་འདེབས་པ་གཉིས་ཀ་དགོས་པར་གསུངས་སོ། །འོནཀྱང་གང་ཟག་རང་དོན་དུ་ཞག་བཞི་བཅུའི་གནང་བ་ཞུ་བ་ན་ནི་སྤྲོ་བ་འདྲི་མི་དགོས་པར་དོནགྱིས་གོའོ། །དངོས་གཞི་གསོལ་གཉིས་ཀྱི་ལས་དང༌། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །

དེ་ལྟར་ཞག་བཞི་བཅུ་གནང་བ་དགེ་འདུན་གྱི་ལས་ཀྱིས་བྱིན་ནས། དེའི་འོག་ཏུ་དགེ་སློང་གཅིགགི་མདུན་དུ་ཞག་བཞི་བཅུར་དབྱར་བྱིན་གྱིས་རློབ་པའི་སྔགས་ལན་གསུམ་བརྗོད་པར་བྱའོ། །

ཞག་བཞི་བཅུ་བས་ལྷག་པ་མི་རུང་བ་ཡིན་ཏེ། ལུང་ཞུ་བ་ལས། ཞག་བཞི་བཅུའི་སྟེང་དུ་ཞག་བདུནདུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི་མི་རུང་ངོ༌། །དེའི་ཅིའི་ཕྱིར་ཞེ་ན། མཚམས་ཀྱི་ནང་དུ་ནིཞག་མང་དུ་གནས་པར་བྱའོ། །མཚམས་ཀྱི་ཕྱི་རོལ་ཏུ་ནི་ཞག་ཉུང་ངུ་གནས་པར་བྱའོ། །ཞག་སུམ་ཅུ་རྩ་དགུའི་སྟེང་དུ་ཞག་བདུན་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི་མི་རུང་ངོ། །ཞེསགསུངས་པའི་ཕྱིར་རོ། །དབྱར་གྱི་གཞིའི་རྣམ་པར་བཤད་པ་རྫོགས་སོ།། །།

གསུམ་པ་དགག་དབྱེའི་གཞི་བཤད་པ་ལ།

སྐབས་སྒྲུབ་པ་དང༌། དངོས་ཀྱི་དོནགཉིས་ལས། དང་པོ་ནི། ལུང་ལས། དགག་དབྱེ་དབྱར་དང་ཀོ་ལྤགས་གཞི། །ཞེས་གོ་རིམ་དེལྟར་གསུངས་ཀྱང༌། འདིར་ནི་དབྱར་གྱི་གཞིའི་སྐབས་ཀྱི་འོག་ཏུ་དགག་དབྱེའི་གཞི་བསྟན་ཏེ། དབྱར་གནས་པའི་མཐར་དགག་དབྱེ་བྱེད་པ་ཡིན་པས། བྱ་བ་ལ་འཇུག་པའི་གོ་རིམ་དང་མཐུནཔའི་ཕྱིར་རོ། །

གཉིས་པ་ལ་གཉིས་ལས། དང་པོ་སྐབས་སུ་ཡི་དམ་ངན་པ་སྤང་བ་ནི། མི་སྨྲ་བའི་ཡི་དམ་མིབཅའ་བ་སྟེ། རྩ་བར། མི་སྨྲ་བའི་ཡི་དམ་བཅའ་བར་མི་བྱའོ། །ཞེས་དང༌། ལུང་གཞི་ལས།

དགེ་སློང་གིས་མི་སྨྲ་བའི་ཡི་དམ་བཅའ་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངསསོ། །འོན་ཀྱང་ངག་གི་ཉེས་པ་ཚར་བཅད་པའི་ཕྱིར་ནི་མི་སྨྲ་བར་འདུག་ཀྱང་ཉེས་པ་མེད་དོ། །

གཉིས་པ་དགག་དབྱེ་བྱ་བའི་ཚུལ་ལུགས་ནི།

རྩ་བར། དབྱར་གནས་པས་དགེ་འདུན་ལ་མཐོངབ་དང་ཐོས་པ་དང་དོགས་པ་དག་གིས་དགག་དབྱེ་བྱའོ། །དབྱར་རྣམས་ཀྱི་ཐ་མའི་ཉི་མ་ལའོ། །

ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་བཅུ་ལས། དང་པོ་དགག་དབྱེ་བྱས་པའི་དགོས་པ་ལ། ཆོས་དག་པར་འགྱུར་བ་དང༌། ཚུལ་ཁྲིམས་དག་པར་འགྱུར་བ་དང༌། དགག་དབྱེ་མ་བྱས་པའིཉེས་པ་ཁེགས་པ་དང་གསུམ། དང་པོ་ནི་ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་དགག་དབྱེ་གསུངས་ཞེས་བཤད་དེ། དེ་ཡང་ཉོན་མོངས་པ་མངོན་དུ་གྱུར་བའི་ཆོས་དག་པར་འགྱུར་བ་སྟེ། དགེ་བའི་བསམ་པ་མངོན་འགྱུར་དང་བཅས་ཏེ་དགག་དབྱེ་བྱེད་པའི་ཕྱིར་རོ། །གཉིས་པ་ནི་ཚུལཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང་གསུངས་ལ་ཞེས་བཤད་ཅིང༌། འོད་ལྡན་ལས། གསོ་སྦྱོང་དང་དགག་དབྱེ་གཉིས་ཀྱི་དོན་ནི་གཅིག་པ་ཉིད་ཡིན་ནོ། །ཞེས་གསུངས་པསཚུལ་ཁྲིམས་དག་པ་དེ། དགག་དབྱེའི་ཡང་དགོས་པ་ཡིན་པར་གྲུབ་བོ། །དེ་ཡང་དགག་དབྱེའིགནས་སུ་འཇུག་པ་ན་དགེ་སློང་རྣམས་ལྟུང་བ་བཤགས་པ་དང་བསྡམ་པ་དང་ལྟུང་བ་བྱིན་གྱིསབརླབ་པ་བྱས་ནས་དགག་དབྱེ་བྱེད་པ་ཡིན་པས་ཚུལ་ཁྲིམས་དག་པར་འགྱུར་བའོ། །

གཉིས་པ་ཡུལ་གང་ལ་དགག་དབྱེ་བྱ་བ་ནི།

ཁྱེད་ཅག་ལས་གང་སུས་ལྟུང་བ་གླེང་ནགླེངས་ཤིག་ཅེས་པ་ཕྱོགས་བཅུ་ན་གནས་པའི་དགེ་འདུན་མཐའ་དག་ལ་སྟེ། ང་ལ་གཞན་གྱིསལྟུང་བ་གླེང་ཡང་གང་ཟག་ཤཱ་རིའི་བུས་ནི་མ་གླེང་ཞེས་ཟེར་བ་ལྟ་བུ་གང་ཟག་འཇོག་པ་དམིགསབསལ་དུ་གསུངས་པ་དང༌། མཐའ་དག་ལས་གཞན་དུ་ན་དགོས་པ་རྫོགས་པར་མི་འགྲུབ་པའིཕྱིར་རོ། །

གསུམ་པ་རྟེན་གང་གིས་དགག་དབྱེ་བྱ་བ་ནི།

ཆོས་དྲུག་ལྡན་ཏེ་རབ་ཏུ་བྱུང་བ་སྡེ་ལྔའིསྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། ལུསཐ་མལ་པར་གནས་པ་དང༌། གནས་ནས་མ་ཕྱུང་བ་དང༌། དགག་དབྱེ་བཞག་པ་མ་ཡིན་པ་དང༌། དབྱར་གནས་པར་ཁས་བླངས་པ་ཡིན་པའོ། །ཞེས་མཚོ་ཊཱིཀ་ཏུ་གསུངས་སོ། །ཐ་མ་གཉིས་ནིདགག་དབྱེ་བཞག་ན་དགག་དབྱེ་བཀག་པ་ཆད་ལས་དང་འབྲེལ་བའི་ཕྱིར་དང༌། འདི་ཉིད་ལས། དབྱར་གནས་པས་ཞེས་སོགས་གོང་དུ་བཀོད་པ་ལྟར་རོ། །གཞན་དུ་ན་དབྱར་གནས་ཁས་བླངསྟོབས་ཀྱིས་བཀག་པ་མེད་པས་ན། བཀག་པ་ལས་ཕྱེ་བ་མི་འབྱུང་བའི་ཕྱིར་རོ། །དབྱར་གནསན་དབྱར་རལ་ཀྱང་དགག་དབྱེ་བྱ་དགོས་ཏཻ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་དབྱར་རལ་བསཀྱང་དགག་དབྱེ་བྱ་དགོས་སོ། །ཞེས་གསུངས་སོ། །དེས་དགག་དབྱེ་བྱས་ན་ལྟུང་བའི་དགགདབྱེ་དང་རྫས་ཀྱི་དགག་དབྱེ་མཚན་ཉིད་པའོ། །

བཞི་བ་བྱེད་པ་པོ་གང་ལ་གོ་བར་བྱ་བ་ནི།

དགག་དབྱེ་བྱེད་པ་པོར་བསྐོས་པ་དང་འབྲེལབ་སྟེ། མེད་ན་གཞན་ལའོ་ཞེས་དམིགས་བསལ་དུ་གསུངས་པས་སོ། །

ལྔ་པ་གང་ལ་དགག་དབྱེ་བྱ་བའི་དངོས་པོ་ནི། ལྟུང་བའི་དགག་དབྱེ་ནི། རང་གི་བསླབཔའི་གཞི་མཐའ་དག་ལ་སྟེ། ང་ལ་ལྟུང་བ་གཞན་གླེང་ཡང་སྤང་ལྟུང་གིས་ནི་མ་གླེང་ཞིག་ཅེས་ཟེརབ་ལྟ་བུ་གཞི་འཇོག་པ་དམིགས་བསལ་དུ་གསུངས་པ་དང༌། ཕྱོགས་འགའ་ལ་དགག་དབྱེ་བྱསཔས་དགོས་པ་རྫོགས་པར་མི་འགྲུབ་པའི་ཕྱིར་རོ། །རྫས་ཀྱི་དགག་དབྱེ་བྱ་བའི་དངོས་པོ་ནི།ཁབ་ལ་སོགས་པ་རང་གི་རྫས་གང་ཡང་རུང་བའོ། །

དྲུག་པ་གང་དུ་དགག་དབྱེ་བྱ་བའི་གནས་ནི།

མཚམས་པོ་ཆེའི་ནང་ཡིན་པ་སྟེ། ལུངགཞི་ལས། མཚམས་ཆེན་པོ་བཅད་པ་དེར་དགེ་སློང་རྣམས་ཀྱིས་འདུག་སྟེ། གསོ་སྦྱོང་དང་དགགདབྱེ་བྱའོ། །ཞེས་གསུངས་ལ། དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ཀྱི་དགེ་སློང་རྣམས་དགག་དབྱེ་ལ་འདུས་པས་མཚམས་དེའི་དགེ་སློང་ཀུན་དག་པར་འགྱུར་བའི་དགོས་པ་ཡོད་པའི་ཕྱིར་རོ། །

གནས་ལ་བློ་མཐུན་བྱས་པ་དང་འབྲེལ་བ་སྟེ། ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ། །ཞེས་གསུངསཔས་སོ། །གཙང་ཞིང་ཡངས་པ་ཡིན་པ་དང༌། འཇིག་པའི་ཉེན་ཅན་མ་ཡིན་པ་སྟེ། གསོ་སྦྱོང་ལབཤད་པའི་གནད་ཀྱིས་སོ། །

བདུན་པ་གང་གི་ཚེ་དགག་དབྱེ་བྱ་བའི་དུས་ནི།

དབྱར་གནས་སྔ་ཕྱིའི་བྱེ་བྲག་གིསསྟོན་ཟླ་འབྲིང་པོའི་ཉའམ་ཐ་ཆུང་གི་ཉ་ལ་སྟེ། དབྱར་རྣམས་ཀྱི་ཐ་མའི་ཉ་ལའོ། །ཞེས་གསུངས་པས་སོ། །དུས་སྔ་རོལ་ཏུ་བྱ་བ་དང་དུས་འོག་རོལ་ཏུ་བྱ་བ་དམིགས་བསལ་ཡིན་པར་མཚོ་ཊཱིཀ་ལས་གསུངས་ལ། དེ་ཡང་རྩ་བར། གལ་ཏེ་གནས་པར་ཁས་བླངས་པ་དག་གིས་དགེ་སློང་འཐབཀྲོལ་བྱེད་པ་དག་འོང་བར་ཐོས་པར་གྱུར་ན་གལ་ཏེ་གསོ་སྦྱོང་གཉིས་སམ་གསུམ་ཐལ་བར་གྱུར་ན་དགག་དབྱེ་བྱའོ། །མ་གྲུབ་ན། ཞེས་པ་ནས། ༼དབྱར་ཟླ་གསུམ་གྱི་རྗེས་སུ་འཐབ་ཀྲོལ་ཅན་ཕྱིར་གནས་གཞན་དུ༽དོང་བ་དག་ན་༼གསོ་སྦྱོང་གི་དུས་ན༽དགག་དབྱེ་བྱའོ། །ཞེས་གསུངས་པ་དེ་ཡིན་ནོ། །དེ་འདྲ་དེ་དབྱར་ཟླ་བ་གསུམ་ལས་ལྷག་གནས་པ་ཡིན་པ་དང༌། དབྱར་ཟླ་བ་གསུམ་ལས་ལྷག་ཁས་མ་བླངས་པས་དབྱར་མི་འཇིག་པ་ཡིན་ན་དབྱར་གྱི་འཇིག་རྒྱུ་ལ་ཞག་གྲངས་ཀྱི་འཕེནཔ་ཟད་པ་བཞག་པ་ལ་དཔྱད་དོ། །

བརྒྱད་པ་ཚུལ་ཇི་ལྟར་དགག་དབྱེ་བྱ་བ་ནི།

སྦྱོར་དངོས་མཇུག་གསུམ་ལས། སྔོན་འགྲོ་སྦྱོར་བ་ལ། ཞག་བཅུའམ་ཟླ་བ་ཕྱེད་ན་ཇི་ལྟར་བསྒྲུབ་པ་དང༌། ཚེས་བཅུ་བཞི་ལ་ཇི་ལྟརབསྒྲུབ་པ་དང༌། ཚེས་བཅོ་ལྔའི་ལས་ཀྱི་མདུན་རོལ་ཏུ་ཇི་ལྟར་བསྒྲུབ་པ་དང་གསུམ། དང་པོ་ལགསུམ་སྟེ། སྤྱོད་ཡུལ་དུ་བརྗོད་པ་དང༌། གནས་དང་མཆོད་རྟེན་གྱི་བྱ་བ་བསྒྲུབ་པ་དང༌། འཁོནཡོད་ན་བཟོད་པར་གསོལ་བ་སྟེ། སྤྱོད་ཡུལ་དུ་བརྗོད་པར་བྱའོ། །ཞེས་པ་དང༌། གཙུག་ལགཁང་བརྒྱན་ཞེས་པ་ལ་སོགས་པ་དང༌། ནང་དང་བཅས་པས་བཟོད་པ་ཞེས་གོ་རིམ་བཞིན་ནོ། །

གཉིས་པ་ཚེས་བཅུ་བཞི་ལ་ཇི་ལྟར་བསྒྲུབ་པ་ལ་གསུམ་སྟེ། སེང་གེའི་ཁྲི་བརྒྱན་པ་དང༌། ཆོསབཤད་ཉན་འབྱུང་བ་སྤྱོད་ཡུལ་དུ་བརྗོད་པ་དང༌། མཚན་ཐོག་ཐག་ཉན་བཤད་བྱ་བ་སྟེ། གཞུངའདི་ཉིད་ལས་སེང་གེའི་ཁྲི་བརྒྱན་ཞེས་པ་དང༌། དོ་མོད་མཚན་ཐོག་ཐག་ཅེས་པ་དང༌། མདོ་སྡེདང་འདུལ་བ་དང་མ་མོ་འཛིན་པ་གསོལ་བ་བཏབ་པ་དེ་དག་གིས་ཚེས་བཅུ་བཞིའི་མཚན་ཐོག་ཐག་ཏུ་ཆོས་ཉན་པ་སྦྱིན་པར་བྱའོ། །ཞེས་གོ་རིམ་བཞིན་དུ་བསྟན་ཏོ། །གསུམ་པ་ཚེས་བཅོ་ལྔར་ལས་ཀྱི་མདུན་དུ་ཇི་ལྟར་བསྒྲུབ་པ་ལ་ལྔ་སྟེ། འདུས་པ་ཐམས་ཅད་ཀྱིས་ཕན་ཚུན་ཀུན་དགའ་བར་བྱེད་པ་དང༌། ཆོས་རྣམ་པར་གཏན་ལ་དབབ་པས་མཚན་འདའ་བར་བྱ་བ་དང༌། དགག་དབྱེབྱེད་པ་པོའི་དགེ་སློང་བསྐོ་བ་དང༌། དེས་རྩྭ་དུར་བ་དགེ་འདུན་ལ་བྲིམ་པ་དང༌། གཞན་གྱིས་གསོལབ་འབའ་ཞིག་པའི་ལས་བྱ་བ་སྟེ། དེའི་ཚེ་འདུས་པ་ཐམས་ཅད་ཀྱིས་ཕན་ཚུན་ཀུན་དགའ་བར་མ་བྱས་པར་མི་བྱ། ཞེས་དང༌། གཞན་ལ་ནི་དེ་དག་གིས་ལས་ཀྱི་མདུན། ཞེས་དང༌། དགེ་སློང་དགགདབྱེ་བྱེད་པ་བསྐོ། ཞེས་དང༌། དེས་རྩྭ་དུར་བ་བྲིམ། ཞེས་དང༌། དགག་དབྱེ་བྱ་བའི་ཕྱིར་གཞན་གྱིསདགེ་འདུན་ལ་གསོལ་བར་བྱའོ། །ཞེས་སོ། །དེ་ལྟར་ན་གསུམ་དང་གསུམ་དང་ལྔ་སྟེ་སྡོམ་པས་དགག་དབྱེའི་སྔོན་འགྲོའི་བྱ་བ་བཅུ་གཅིག་ཡོད་དོ། །དགེ་སློང་དགག་དབྱེ་བྱེད་པ་བསྐོ་བ་ནི།ཡུལ་གང་བསྐོ་བ་ནི་ཆོས་བཅོ་ལྔ་དང་ལྡན་པ་བསྐོ་སྟེ། བསྐོ་ཡུལ་ཐུན་མོང་བ་ཆོས་བཅུ་བཞི་སྤོངཔ་བའི་ཞལ་ཏ་བ་བསྐོ་བའི་སྐབས་སུ་སྔར་བཤད་པའི་སྟེང་དུ། སྐྱེས་པ་ཡིན་པ་སྟེ། བུད་མེད་ལ་ནིམ་ཡིན། ཞེས་གསུངས་པ་དང༌། གཞན་དུ་རྟེན་དམན་པས་དགོས་པ་རྫོགས་པར་མི་འགྲུབ་པའིཕྱིར་རོ། །རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །ཆོ་ག་གང་གིས་བསྐོ་བ་ནི། གསོལ་གཉིས་ཀྱི་ལས་ཀྱིས་སོ། །དགག་དབྱེ་དངོས་གཞིའི་ཆོ་ག་ནི་དུས་མཚན་མོ་བྱབ་ཡིན་ཏེ། དགག་དབྱེའི་སྔོན་འགྲོའི་བྱ་བ་ཚེས་བཅོ་ལྔའི་ནུབ་མོ་ཆོས་རྣམ་པར་གཏན་ལ་དབབ་པས་ལས་ཀྱི་མདུན་རོལ་ཚུན་ཆད་ཀྱི་མཚན་མོ་འདའ་བ་སྔོན་དུ་འགྲོ་བ་བྱས་ནས། རྩ་བར། དགགདབྱེའི་ལས་ནི་སྐྱ་རེངས་འཆར་བའི་མདུན་རོལ་ཏུའོ། །ཞེས་གསུངས་པ་ལྟར་བྱའོ། །གཉིསཔ་དགག་དབྱེ་དངོས་གཞིའི་ཆོ་ག་ནི། སྤྱོད་ལམ་དགག་དབྱེ་བྱེད་པ་པོ་བསྐོས་པའི་དགེ་སློང་གསུམ་གསུམ་གྱི་མདུན་དུ་བསླབ་པ་རྒན་ན་ཕྱག་གསུམ་འཚལ་ནས་ཙོག་པུར་བསྡད་དེ་རྩྭ་དུརབ་རྩེ་ཕན་ཚུན་བསྣོལ་པའི་རྩེ་མོ་གཞན་གྱིས་རྩ་བར་རང་རང་གི་རྐང་བས་མནན་ནས། སྙནགསན་ཞུས་ནས། གནས་བརྟན་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པའམབཅུ་བཞི་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་བཅོ་ལྔ་པའམ་བཅུབཞི་པ་ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དངདོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱི་ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམ་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེསསུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བཟུང་དུ་གསོལ། ཐུགསབརྩེ་བ་ཅན། ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛདདུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་སྔགསལན་གསུམ་གྱིས་སོ། །དེ་ལྟར་རྩྭ་དུར་བའི་འཛིན་ཚུལ་ལ་དགོས་པ་ཡོད་དེ། ཕན་ཚུན་གུས་པའིབརྡའ་ཡིན་པར་གཞི་འགྲེལ་ལས་གསུངས་པའི་ཕྱིར། གསུམ་པ་མཇུག་གི་ཆོ་ག་ནི་ཐབས་ཡིན་ནོལེགས་སོ་ཞེས་བརྗོད་དོ། །དེ་ནས་རྩྭ་ཆུན་བགྲངས་ཏེ། དགེ་སློང་འདི་སྙེད་ཀྱི་དགག་དབྱེ་མཛདདོ། །ཤིན་ཏུ་དགག་དབྱེ་མཛད་དོ། །ཞེས་དགག་དབྱེ་བྱས་པ་དགེ་འདུན་ལ་གོ་བར་བྱས་ནས།

གཞན་རྣམས་ཀྱིས་ཀྱང་ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་བརྗོད་དོ། །བྱེད་པ་པོས་ནད་པ་སོགས་དགག་དབྱེ་ལེན་དགོས་ཀྱི་སར་ཕྱིན་ཏེ། དགག་དབྱེ་ལེནཔའོ། །དེ་ལྟར་ལྟུང་བའི་དགག་དབྱེ་བྱས་ནས་རྫས་ཀྱི་དགག་དབྱེ་བྱ་བ་ནི། རྩ་བར། རང་གི་རྫསགང་ཡང་རུང་བ་ཐ་ན་ཁབ་ཙམ་གྱིས་ཀྱང་དགེ་འདུན་ལ་རྫས་ཀྱིས་དགག་དབྱེ་བརྩམ་པར་བྱ་སྟེ༼དགག་དབྱེ་བྱེད་པ་པོས་རྫས་༽དེ་བླངས་ནས་༼དགེ་འདུན་ལ༽ཚིག་གིས་སོ། །བཙུན་པ་རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་སློང་གི་དགེ་འདུན་ལ་དགག་དབྱེ་བགྱིར་རུང་ངོ་ཞེས་སོ། །དེའིའོག་ཏུ་དགེ་ཚུལ་རྣམས་ལ་དགག་དབྱེའོ། །དེའི་འོག་ཏུ་དགེ་སློང་མ་རྣམས་ལའོ། །ཞེས་གསུངསསོ། །ཀུན་མཁྱེན་འཇམ་བཞད་ཀྱི་འདུལ་བའི་ཡིག་ཆ་༥༨ལས། དེར་རྙེད་པ་བགོ་བ་དགག་པརབྱས་པ་དབྱེ་བར་བྱས་པས་ན་རྫས་ཀྱི་དགག་དབྱེ་དང༌། ཞེས་གསུངས་པ་ལྟར་འདོད་མཁན་ཡོད་དོ། །འོན་ཀྱང་དེར་རྫས་ཀྱི་དགག་དབྱེ་བྱེད་ཚུལ་གོང་དུ་བཤད་པ་ལྟར་གསུངས་ཡོད་དོ། །རྫས་ཀྱི་དགགདབྱེ་བྱས་པའི་ཕན་ཡོན་ནི་ཊཱི་ཀ་ལས། དགག་དབྱེ་བྱས་པའི་དགེ་སློང་གིས་དགེ་འདུན་ནི་དགེལེགས་ཀྱི་བསམ་པ་ཅན་ཡིན་པའི་ཕྱིར་དང་བྱམས་པའི་སེམས་དང་ལྡན་པ་ཡིན་པའི་ཕྱིར་བསོདནམས་ཀྱི་ཞིང་ཆེས་ཁྱད་པར་དུ་འཕགས་པ་ཡིན་པས། དེ་ལ་སྦྱིན་པ་བྱིན་ན་འབྲས་བུ་ཆེས་མང་པོར་འགྱུར་རོ། །ཞེས་སོ། །དེའི་འོག་ཏུ་དགེ་ཚུལ་རྣམས་ལ་ཞེས་པའི་སྐབས་སུ་ལུང་གཞི་ལས།དེའི་འོག་ཏུ་དགེ་སློང་མ་རྣམས་དང་དགེ་སློབ་མ་རྣམས་དང་དགེ་ཚུལ་ཕ་དང་དགེ་ཚུལ་མ་རྣམསདགག་དབྱེ་བྱེད་དུ་གཞུག་གོ་ཞེས་གསུངས་ཀྱང་གཞུང་དུ་བཀོད་པའི་གོ་རིམ་ཙམ་ཡིན་གྱི། ལགལེན་གྱི་གོ་རིམ་ནི་མདོ་རྩ་བར་དགེ་སློང་མའི་དགག་དབྱེའི་སྔོན་དུ་དགེ་ཚུལ་གྱི་དགག་དབྱེ་བྱབར་གསུངས་ཏེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས་རང་གི་ཕྱོགས་མ་རྫོགས་པར་ཕྱོགས་གཞནལ་འཇུག་པ་མི་རིགས་པས། ཞེས་སོ། །

དགུ་པ་དམིགས་ཀྱིས་བསལ་བའི་དོན་ལ་དྲུག་ལས།

ཡུལ་གྱི་དམིགས་བསལ་ནི་གང་ཟག་འཇོག་པའི་དགག་དབྱེ་བྱ་བའོ། །བྱེད་པ་པོའི་དམིགས་བསལ་ནི། དགག་དབྱེ་བྱེད་པ་པོ་སྐོས་པའི་དགེ་སློང་གཅིག་ལས་མེད་ན་དེས་མ་བསྐོས་པའི་དགེ་སློང་གཞན་གཅིག་གི་མདུན་དུ་དགག་དབྱེ་བྱ་སྟེ། རྩ་བར། མེད་ན་གཞན་ལའོ། །ཞེས་སོ། །དངོས་པོའི་དམིགསབསལ་ནི། གཞི་འཇོག་པའི་དགག་དབྱེ་བྱ་བའོ། །གནས་ཀྱི་དམིགས་བསལ་ནི། དཀྱིལ་འཁོརབར་བྱ་བའོ། །དུས་ཀྱི་དམིགས་བསལ་ནི། ལས་ལ་ནི་འདས་ན་ཉི་མ་ཤར་བའིའོ་ཞེས་པ་དང༌།

འཐབ་ཀྲོལ་ཅན་ལ་སོགས་པའི་རྐྱེན་གྱིས་དུས་ཀྱི་སྔ་རོལ་ལམ་འོག་རོལ་ཏུ་དགག་དབྱེ་བྱ་བའོ། །ཆོ་གའི་དམིགས་བསལ་ནི། རྐྱེན་དབང་གིས་ལན་གཉིས་སམ་ལན་ཅིག་བརྗོད་པ་དང༌། ཡོངསདག་འབུལ་བ་དང་དགག་དབྱེ་བྱིན་གྱིས་བརླབ་པའོ། །བྱིན་གྱིས་བརླབ་པའི་ཚུལ་ནི་སྔར་གསོ་སྦྱོང་བྱིན་གྱིས་བརླབ་པ་བཞིན་ཅི་རིགས་པར་སྦྱར་ཏེ། ཁྱད་པར་ནི་དགེ་སློང་བཞིས་གསོ་སྦྱོངབྱིན་གྱིས་མི་རློབ་པར་གསོ་སྦྱོང་དངོས་སུ་བྱེད་ཀྱང༌། ཊཱི་ཀ་ལས། དགེ་སློང་བཞིས་ཀྱང་དགགདབྱེ་བྱིན་གྱིས་བརླབས་པར་གསུངས་སོ། །

བཅུ་པ་དགག་དབྱེའི་སྒྲ་བཤད་པ་ནི།

དབྱར་གྱི་ཚུལ་ནང་དུ་ལྟུང་བ་གླེང་དྲན་བྱེདཔ་དང༌། ནན་ཏུར་བྱེད་པ་དང༌། དབྱར་གྱི་རྙེད་པ་བགོ་བ་དང༌། མཚམས་ཀྱི་ཕྱི་རོལ་ཏུ་མཚནམོ་འདའ་བ་སྟེ་བཞི་པོ་དེ་རྣམས་བཀག་པ་འབྱེད་པར་བྱེད་པས་ན་དགག་དབྱེ་ཞེས་བྱའོ། །དབྱར་ནང་དུ་ལྟུང་བ་གླེང་དྲན་བྱེད་པ་མེད་ན་དབྱར་ནང་དུ་དགེ་སློང་ཕ་ལ་གནས་ངན་ལེན་བཅབས་པའི་ལྟུང་བྱེད་དང༌། དགེ་སློང་མ་ལ་འཆབ་ཕམ་བྱུང་བ་མེད་པར་འགྱུར་བས་དཔྱད་དོ། །ནན་ཏུརམེད་ན་དགག་དབྱེ་བཞག་པའི་ནན་ཏུར་མེད་པར་མི་འགྱུར་རམ་ཞིབ་ཆ་བྱའོ། །དགག་དབྱེབྱིན་གྱིས་བརླབ་པ་ནི། འདུལ་བ་བདུད་རྩིའི་ཉིང་ཁུ་ལས། དེ་ན་དགེ་སློང་བཞི་ལས་མེད་ནདགག་དབྱེ་བྱེད་པ་བསྐོར་མི་རུང་པས་མི་བསྐོ་བར། གསོལ་བའི་ལས་དང་དགག་དབྱེ་དངོསགཞི་གོང་བཞིན་བྱ། དེ་མན་ཆད་དགག་དབྱེ་བྱིན་གྱིས་བརླབ་སྟེ། ཕན་ཚུན་བཙུན་པ་དགོངསསུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བས། དགགདབྱེ་བྱིན་གྱིས་བརླབ་པོ། གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ། བདག་ལ་མཐོང་བ་དངཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བྱའོ། །ཞེས་ལན་གསུམ་བརྗོད་རེས་བྱ། གཅིག་པུ་ཡིན་ན། དངོས་གཞི་ལན་གསུམ་བརྗོད། སྦྱོར་མཇུགགཉིས་མི་དགོས། དགེ་སློང་བཞི་ཙམ་ལས་མེད་ན་བྱིན་བརླབ་བྱེད་དགོས་པར་གསུངས་སོ། །

ཚོགས་ཀྱི་དགག་དབྱེ་ནི།

མཚོ་ཊཱིཀ་ལས། ལུང་གཞི་ལས། དགོན་པ་འཁྲུག་པའི་དམག་གིའཇིགས་པ་བྱུང་ནས་ཡུལ་མི་རྣམས་ཀྱང་དེ་དང་དེ་དག་ཏུ་བྲོས་སོ། །དགེ་སློང་རྣམས་ཀྱང་གཏུར་བུ་དག་ཏུ་ཆོས་གོས་རྣམས་ཐུམ་པོ་བྱས་ཏེ། ཚེ་དང་ལྡན་པ་དག་དང་དགེ་འདུན་གྱི་དགག་དབྱེ་བཅོལྔ་པ་ཡིན་མོད་ཀྱི་གང་གི་ཚེ་དགེ་འདུན་མཐུན་པ་རྙེད་པ་དེའི་ཚེ་དགག་དབྱེ་བྱའོ་ཞེས་བརྗོད་ནས་འདོང་བར་བྱའོ། །ཞེས་གསུངས་སོ། །ཆོ་ག་དེ་བས་ཚིག་མང་བ་ཞིག་ཊཱི་ཀ་ལས་བཤད་དེ། ཆོ་གདེ་གཉིས་གང་གིས་ཀྱང་རུང་ངོ༌། །ཞེས་གསུངས་ལ། འདུལ་བ་བདུད་རྩིའི་ཉིང་ཁུ་ལས། ཚོགས་ཀྱིདགག་དབྱེ་ནི། ཟླ་བ་ཕྱེད་དང་གཉིས་མ་སོང་གོང་ངམ། ཉ་སྟོང་མིན་པའི་དུས་སུ་འཇིགས་པ་སོགསཀྱི་རྐྱེན་གྱིས་གློ་བུར་དུ་དགེ་འདུན་འགྱེས་དགོས་པ་བྱུང་ན་དགེ་སློང་རྣམས་ཕན་ཚུན་གཅིག་ལ་གཅིག་རྒན་ན་ཕྱག་བྱས་ནས། བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅུབཞི་པའམ་བཅོ་ལྔ་པ་ལགས་ལ། བདག་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་ལགས་ན།

བདག་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམགྱིས་དབྱར་གནས་པའི་དགེ་འདུན་ལ་ཚོགས་པའི་དགག་དབྱེ་བགྱིད་ཀྱིས་ཚེ་དང་ལྡན་པརྣམས་ཀྱིས་བདག་ལ་རྗེས་སུ་གདམ་དུ་གསོལ། མན་ཆད་གཞན་དང་འདྲ་སྟེ། ལན་གསུམམོ། །དགེ་འདུན་ཀུན་མི་འགྱེས་ཀྱང་དགེ་སློང་གང་རུང་རྐྱེན་དབང་གིས་འགྲོ་དགོས་ནའང་འདིབྱར་རུང་ངོ༌། །ཞེས་གསུངས་པ་ལ། དེ་མི་འཐད་པར་ཐལ། ཚོགས་ཀྱི་དགག་དབྱེ་ཞེས་པ་སྐབསདེར་དམག་འཁྲུགས་སོགས་རྐྱེན་དབང་གིས་ཡུལ་གཞན་དུ་སོང་ནས་བདེ་བར་དགེ་འདུན་པཚོགས་པ་དེའི་ཚེ་དགག་དབྱེ་བྱེད་ཅེས་པའི་དོན་ཡིན་པའི་ཕྱིར་ཏེ། ལུང་གཞི་ལས། གང་གིཚེ་དགེ་འདུན་མཐུན་པ་རྙེད་པ་དེའི་ཚེ་དགག་དབྱེ་བྱའོ། །ཞེས་དང༌། རྩ་བར། གནས་པར་མི་ནུས་པ་ཡིན་ན་སྤྱོད་ཡུལ་དུ་གྱུར་བའི་དགེ་སློང་ལ་ཚོགས་ཀྱི་དགག་དབྱེ་གོ་བར་བྱའོ། །ཞེསགསུངས་པའི་ཕྱིར་དང༌། ཚོགས་ཀྱི་དགག་དབྱེ་དང་མི་འདྲ་བར་བྱ་བའི་དབང་གིས་དགག་དབྱེབྱེད་དུ་ཡོད་པ་ནི། རྩ་བར། དབྱར་གྱི་ནང་དུ་བྱ་བས་འགྲོ་དགོས་ན་དགག་དབྱེ་བྱའོ། །ཞེསགསུངས་པའི་ཕྱིར་ཟེར་བ་ལ། དེ་ཡང་མི་རིགས་པར་ཐལ། ཊཱི་ཀ་ལས། ཚེ་དང་ལྡན་པ་དགོངསསུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་ལགས་ཏེ། ཞེས་པ་ནས། དབྱར་གནས་པའི་དགེའདུན་ལ་ཚོགས་པའི་དགག་དབྱེ་བགྱིད། ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་བདག་གི་རྣམ་པར་རྟོག་པ་ལ་ལུང་གཞིའི་དགོངས་པ་ནི། ཐམས་ཅད་ཚོགས་ནས་ལག་བརྡ་ཙམ་ཡང་བྱེད་མ་ཁོམ་ན་གཅིག་གིས་གཅིག་བརྒྱུད་ནས་གོ་བར་བྱས་ནས་རྗེས་སུ་དགག་དབྱེ་བྱ་བ་དང༌། ཊཱི་ཀའིདགོངས་པ་ནི། ཁོམ་ན་སྐབས་དེར་ཚོགས་ཀྱི་དགག་དབྱེ་བྱེད་པ་དགོངས་པ་བླངས་ནས་ཚོགསཀྱི་དགག་དབྱེ་ལ་གཉིས་ཡོད་པ་འགལ་བ་མེད་པར་སྣང་ངོ། །སྤྱིར་བཏང་དུ་དབྱར་སྔ་ཕྱི་གངརུང་ཟླ་བ་གསུམ་དུ་དབྱར་གནས་པའི་སྟོན་འབྲིང་གི་ཉའམ། སྟོན་ཐའི་ཉ་ལ་དགག་དབྱེ་བྱ་ཞིང༌།

དམིགས་བསལ་དུ་རྐྱེན་དབང་གིས་གསོ་སྦྱོང་གཉིས་སམ་གསུམ་ཐལ་ནས་ཉ་ཤི་གང་རུང་ལ་དགག་དབྱེ་བྱར་རུང་སྟེ། རྩ་བར། གལ་ཏེ་གནས་པར་ཁས་བླངས་པ་དག་གིས་དགེ་སློངའཐབ་ཀྲོལ་བྱེད་པ་འོང་བ་ཐོས་པར་གྱུར་ན། གལ་ཏེ་གསོ་སྦྱོང་གཉིས་སམ་གསུམ་ཐལ་བརགྱུར་ན། དགག་དབྱེ་བྱའོ། །ཞེས་སོ། །དགག་དབྱེ་བྱིན་གྱིས་རློབ་པ་དང༌། ཚོགས་ཀྱི་དགགདབྱེ་ལ་སོགས་པ་ལ་དམིགས་བསལ་ལོ། །འོད་ལྡན་ལས། གསོ་སྦྱོང་དང་དགག་དབྱེ་གཉིསཀྱི་དོན་ནི་གཅིག་པ་ཉིད་ཡིན་ནོ། །ཞེས་གསུངས་པ་དང༌། འདུལ་བ་བདུད་རྩིའི་ཉིང་ཁུ་ལས།

དགག་དབྱེ་བྱས་ན་གསོ་སྦྱོང་ཡང་དེས་འགྲུབ་སྟེ། མདོར། དགག་དབྱེ་བྱས་ན་འདི་མི་འགྲུབཔ་མ་ཡིན་ནོ། །ཞེས་གསུངས་པ་སོགས་ལ་དགག་དབྱེའི་ཉིན་དེར་དགག་དབྱེ་ལས་གསོ་སྦྱོངལོགས་སུ་དགོས་པ་ཡིན་མིན་དང༌། གོང་དུ་མདོ་རྩ་དང་མཚོ་ཊཱིཀ་གི་གསུངས་ཟིན་ལ་དགགདབྱེ་བྱེད་པ་ལ་དབྱར་གནས་པ་དགོས་པར་གསུངས་པ་ལྟར་ན་གནས་དེར་གནས་པའི་དབྱརཚུལ་ཁས་མ་བླངས་པའི་དགེ་སློང་དག་གིས་ཉིན་དེར་གསོ་སྦྱོང་ཇི་ལྟར་བྱེད་དགོས་པ་ལ་དཔྱདཔར་བྱའོ། །དགག་དབྱེའི་གཞིའི་རྣམ་པར་བཤད་པ་རྫོགས་སོ།། །།


previousགཉིས་པ་བླང་བར་བྱ་བ་འཇུག་པའི་ཚུལ་ཁྲིམས་བསྟན་པ།next