Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐར་མའི་ཡུམ་ཞེས་བྱ་བའི་གཟུངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐར་མའི་ཡུམ་ཞེས་བྱ་བའི་གཟུངས།next

སྐར་མའི་ཡུམ་ཞེས་བྱ་བའི་གཟུངས།

༄༅། །སྐར་མའི་ཡུམ་ཞེས་བྱ་བའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ནཀྵ་ཏྲ་མཱ་ཏྲི་ཀ་ནཱ་མ་དྷ་ར་ནི། བོད་སྐད་དུ། སྐར་མའི་ཡུམ་ཞེས་བྱ་བའི་གཟུངས། དྲང་སྲོང་སྐར་མ་ལ་དགའ་བས་ཞུས་པ། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འབྲོག་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། གཟའ་བརྒྱད་དང༌། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པའི་འཁོར་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་དྲང་སྲོང་སྐར་མ་ལ་དགའ་བས་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་ནས་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །རྒྱུ་སྐར་མི་བཟད་པ་དྲག་ཤུལ་ཅན་སེམས་ཅན་རྣམས་ལ་ཚེ་ཐུང་ཞིང་མདངས་འཕྲོག་པ་དང༌། ཚེ་འཕྲོག་ཅིང་བཀྲ་མི་ཤིས་པ་བྱེད་པ་དང༌། སེམས་ཅན་རྣམས་ལ་གནོད་ཅིང་འཚེ་བ་དེ་དག་མི་བགྱིད་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་གང་གིས་སེམས་ཅན་རྣམས་ལ་ཕན་པར་འགྱུར་བ་བཤད་དུ་གསོལ་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐར་མ་ལ་དགའ་བ་ཁྱོད་ཀྱིས་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་ཞུས་པ་ལེགས་སོ། །ངས་བཤད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཞིག །རྒྱུ་སྐར་དྲག་པོ་མི་བཟད་པ་གདུག་པ་ཅན་རྣམས་ཀྱིས་མཆོད་པ་དང་བཟླས་བརྗོད་བཟང་པོའི་གསང་བ་བས་ཀྱང་ཆེས་གསང་བ་ངས་བཤད་དོ། །དེ་དག་མཆོད་པས་ལྷ་སྲིན་གདུག་པ་ཅན་རྣམས་དང༌། རྒྱུ་སྐར་དྲག་པོ་ཁྲོས་པའི་གནོད་པ་ཞི་བར་བྱེད་པའི་མཆོད་པའི་རིམ་པ་བཤད་པར་བྱའོ། །རྒྱུ་སྐར་གྱི་གནས་ཉི་ཤུ་རྩ་བརྒྱད་ལ་ཕྱག་འཚལ་ལོ། །གཟའ་རྣམས་ལ་ཕྱག་འཚལ་ལོ། །དྲང་སྲོང་རྣམས་ལ་ཕྱག་འཚལ་ལོ། །ལྷ་རྣམས་ལ་ཕྱག་འཚལ་ལ་ལོ། །ཀླུ་རྣམས་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་བ་ལས། རྒྱུ་སྐར་རྣམས་འདི་ལྟ་སྟེ། ཐ་སྐར་དང་ནི་བྲ་ཉེ་དང༌། །སྨིན་དྲུག་དང་ནི་སྣར་མ་དང༌། །མགོ་དང་ལག་དང་ནབ་སོ་དང༌། །རྒྱལ་དང་སྐག་དང་ཆུ་དང་ནི། །གྲེ་དང་དབོ་དང་མེ་བཞི་དང༌། །ནག་པ་ས་རི་ས་ག་དང༌། །ལྷ་མཚམས་དང་ནི་སྣྲོན་སྣྲུབས་དང༌། །ཆུ་སྟོད་དང་ནི་ཆུ་སྨད་དང༌། །གྲོ་བཞིན་དང་ནི་མོན་གྲེ་དང༌། །མོན་གྲུ་དང་ནི་ཁྲུམ་སྟོད་དང༌། ཁྲུམ་སྨད་དང་ནི་ནམ་གྲུ་འོ། །དེ་རྣམས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་དི་སྐད་ཅེས་སྨྲ་ཞིང་འཁོད་དོ། །འདི་ལྟ་སྟེ། ཚ་ཡེ་སིང༌། བྷ་ཡེ། སྣར་དྷ་ཡེ། མ་ཚ་ཡེ། ཧང་ཚ་ཡེ། ཀུ་ར་ཙྪ་ཡེ། ཛ་ཡ་ཡེ། བེ་ར་ཙ་ཡེ། བདག་ཅག་རྣམས་ནི་ཤར་ཕྱོགས་ན་རྒྱུ་ཞིང་གནས་པའོ་ཞེས་འཁོད་པར་གྱུར་ཏོ། །མ་ཚུ་ན་ཡ། ཨེན་ཏྲ་ཡེ། བྷོ་ཡེ། ཙ་ར་ཨག་ཡེ། ཏྲ་ཧྲུང་ཡེ། ཨཏ་བྷ་ཡེ། ཨ་ཏྲི་བྷ་ཡེ། བདག་ཅག་རྣམས་ནི་ལྷོ་ཕྱོགས་ན་གྱུ་ཞིང་གནས་པའོ་ཞེས་འཁོད་པར་གྱུར་ཏོ། །མན་ཏྲ་རི་ཡེ། མནྟྲ་ར་ཡེ། སྣུ་བྷ་ས་ཡེ། བ་ཡུ་ཡེ། བ་ཤམ་ཡེ། ཧ་དེ་དྷ་ཡེ། གྷོ་ན་ཤི་ཡེ། བདག་ཅག་རྣམས་ནི་ནུབ་ཕྱོགས་ན་རྒྱུ་ཞིང་གནས་པའོ་ཞེས་འཁོད་པར་གྱུར་ཏོ། །པུས་དྷརྨ་ཡེ། མོན་དྲེ་ནེ་ར་ཡེ། ཁྲུམས་ཝ་ར་ཏ་ཡེ། ཁྲུམས་རལ་པུ་ར་ཡེ། ནམ་གྲུ་ཧུ་ར་ཡེ། ཐ་སྐར་གུ་ར་ནམ་གྲུ་ཧུ། པྲ་ཏེ་བྷེ་ར་ཡེ། བདག་ཅག་རྣམས་ནི་བྱང་ཕྱོགས་ན་རྒྱུ་ཞིང་གནས་པའོ་ཞེས་འཁོད་པར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་སོགས་པ་དང༌། དྲང་སྲོང་སྐར་མ་ལ་དགའ་བ་དང༌། སྐར་མའི་གནས་ཉི་ཤུ་རྩ་བརྒྱད་ལ་བཀའ་སྩལ་པ། གཟུངས་སྔགས་འདི་ཀློག་པ་ཙམ་གྱིས་སྐར་མའི་གདོན་དང་གནོད་པ་ཀུན་ལས་རབ་ཏུ་བསྲུངས་ནས་བདེ་བ་རྒྱ་ཆེན་པོ་འཕེལ་བར་འགྱུར་རོ། །དེ་ནས་དེ་རྣམས་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། ཨོཾ་ར་མ་ལེ་ར་མ་ལེ། ཨ་དྷེ་དྷ་ར་དྷྱ། ཨ་ཀཱ་ན། བི་མ་ལེ། སརྦ་བཛྲ་ར་ཏི་དུརྣ། མ་ཤ་མ་ཤེ་ཡེ། མ་མ་ས་པཱ་རི་ས་ར་ས་ར། བྷ་དྷ་མ་སྭཱ་ཧཱ། གང་ཞིག་གཟུངས་སྔགས་འདི་ལན་གཅིག་བརྗོད་པས་སྐར་མ་ངན་པའི་གནོད་པ་རྣམས་ཞི་བར་འགྱུར་རོ། །འདི་ལ་ཐེ་ཚོམ་མེད་དོ། །རྒྱུ་སྐར་ངན་པ་གང་ལ་ཡང༌། །སྐྱེས་དང་ཤི་དང་མནའ་ཤོ་དང༌། །གཤིན་བག་མཁར་ལས་གཏད་མནན་སོགས། །དྲག་པོ་གང་བྱས་ལས་རྣམས་དུས། །གང་ཞིག་གཟུངས་འདི་བརྗོད་གྱུར་ན། །དེ་དག་ཐམས་ཅད་དགེ་ལེགས་འགྱུར། །རྨི་ལམ་ངན་དང་བཀྲ་མི་ཤིས། །གནོད་པ་ཀུན་ལས་ཐར་བར་འགྱུར། །སྡེ་དཔོན་ཆེན་པོ་གསན་དུ་གསོལ། །དུས་གསུམ་མཆོད་པའི་བྱེ་བྲག་ལས། །ཕྱོགས་བཞིར་གཏོར་མ་བརྒྱ་རྩ་ཕུལ། །ཆོ་ག་བཞིན་དུ་རྒྱུ་སྐར་མཆོད། །བསྲུང་བ་དུས་སུ་བསྩལ་བར་བགྱི། །ན་མ་པྲི་ཏ་ཧྲིང༌། ཙ་ར་ཧྲིང༌། སུརྻ་བི་དྷ་ཡེ། ཀྲོ་དྷ་ཡ། ཛ་ལ་ཛ་ལ། ན་མ་ཀ་ར་ཛ་ཡ། ཨ་ཊ་ཛ་ལ། པུ་ཏ་པུ་ཏ། ཙ་ག་ཎ། ས་ར་ས་ར། བི་ས་ར། སརྦ་བི་ཤ་ན། བིནྡྷ་བིནྡྷ། ཚིནྡྷ་ཚིནྡྷ། ཤོ་དྷ་ཤོ་དྷ། ནཱ་ག་ཏ། སརྦ་པྲ་ཏྱཾ་གི་ར་ཧཱུཾ་ཕཊ་སྭཱ་ཧཱ། གཟུངས་སྔགས་འདི་ལན་ཅིག་བརྗོད་པས། ལྷའི་གདོན་དང༌། ལྷ་མ་ཡིན་གྱི་གདོན་དང༌། གནོད་སྦྱིན་གྱི་གདོན་དང༌། འབྱུང་པོའི་གདོན་དང༌། གདོན་ཐམས་ཅད་བཟློག་པར་འགྱུར་རོ། །གཟའ་སྐར་ངན་པ་དང༌། རྨི་ལམ་ངན་པ་དང༌། བཀྲ་མི་ཤིས་པ་ཐམས་ཅད་བཟློག་པར་འགྱུར་རོ། །སྟག་དང་དོམ་དང༌། སྦྲུལ་དང་སྲོག་ཆགས་མ་རུངས་པ་རྣམས་སྒྲོལ་བར་འགྱུར་རོ། །ནད་དང་རིམས་ཐམས་ཅད་ལས་སྲུང་བར་བྱེད་དོ། །ལམ་དུ་འཇུག་པ་ན་ཡང་བདེ་བར་འགྲོ་ཞིང་བདེ་བ་ཉིད་དུ་ལྡོག་པར་བྱེད་དོ། །དུས་མ་ཡིན་པར་འཆི་བ་དང༌། སེམས་རྣམ་པར་གཡེང་བ་དང༌། དྲན་པ་ཉམས་པ་ཡང་དྲན་བཞིན་དུ་བདེ་བར་འགྱུར་རོ། །གཟུངས་འདི་ལ་ཡོན་ཏན་དཔག་ཏུ་མེད་པར་ཤེས་པར་བྱའོ། །གང་ཞིག་གཟུངས་འདི་འབྲི་འམ་འཆང་ངམ། ཀློག་གམ། འཛིན་ཏམ། མཐོང་བ་དང༌། མཆོད་པ་དང༌། བཀུར་བསྟི་བྱེད་པ་དེ་དག་གི་བར་ཆད་དང་རྐྱེན་རྣམས་ཞི་ནས། མི་མཐུན་པའི་ངན་པ་ཐམས་ཅད་ལས་གྲོལ་ཏེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །རྒྱུ་སྐར་རྣམས་ཀྱང་ཇི་ལྟར་བསྒོ་བ་བཞིན་དུ་བྱེད་པར་འགྱུར་རོ། །ཏདྱ་ཐཱ། ཨོཾ་བྷི་ཧ་ར་ནི། ཧེ་ར་ཧེ་ར། ས་ཧེ་ས་ར་ས་ཧེ་ར། ཀུཎྜ་ལི། ཏ་ཏ་ལི། ཙརྟ་རི་སྭཱ་ཧཱ། །ཞེས་ལན་གཅིག་བརྗོད་པས་རྒྱུ་སྐར་གྱིས་གནོད་པར་མི་འབྱུང་ངོ༌། །ལོ་བརྒྱའི་བར་དུ་འཆི་བའི་འཇིགས་པ་མི་འབྱུང་ངོ༌། །རྒྱུ་སྐར་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་བསྩལ་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། རྒྱུ་སྐར་གྱི་ལྷ་རྣམས་ཀྱིས་ལེགས་སོ་ལེགས་སོ་ཞེས་གསོལ་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དྲང་སྲོང་སྐར་མ་ལ་དགའ་བས་ཞུས་པའི་མདོ་ལས་སྐར་མའི་ཡུམ་ཞེས་བྱ་བ། སྐར་མ་ངན་པ་ཐམས་ཅད་ཟློག་པར་བྱེད་པའི་མདོ་རྫོགས་སོ།། །།


previousསྐར་མའི་ཡུམ་ཞེས་བྱ་བའི་གཟུངས།next