Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
   
  expand section
  collapse section
   
   
   
   
   
   
བསལ་བྱ་ལོག་སྒྲུབ་བཤད་པ།
  expand section
  expand section
  expand section


 
previousབསལ་བྱ་ལོག་སྒྲུབ་བཤད་པ།next

བསལ་བྱ་ལོག་སྒྲུབ་བཤད་པ།


GLG013_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བྱ་ལོག་སྒྲུབ་བཤད་པ། གཉིས་པ་ལ། མཚམས་སྦྱར་བ། རྩ་བ་། འགྲེལ་པ་གསུམ་ལས། དང་པོ་ནི། བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་རྩེ་སྦྱོར་བཤད་པའི་འོག་ཏུ། དེའི་བསལ་བྱ་ལོག་པར་རྟོག་པ་གསུངས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། བདེན་གཉིས་ཀྱི་ཆོས་ཕྱིན་ཅི་མ་ལོག་པར་རབ་ཏུ་འབྱེད་པའི་བློ་ཡི་ནོར་ཅན་རྣམས་ཀྱིས་དང་པོར་བསལ་བྱ་ལོག་པར་རྟོག་པ་ཇི་ལྟ་བུ་ཞིག་བསལ་བས། བར་ཆད་མེད་པའི་ཏིང་ངེ་འཛིན་དེ་བསྐྱེད་པར་བྱ་ཞེ་ན་དེ་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐར་དཔྱད་པ་གཉིས་ལས། དང་པོ་ནི། རྣམ་པ་ཀུན་མཁྱེན་ཉིད་རྩེ་སྦྱོར་གྱི་དམིགས་རྣམ་ལ་བརྟེན་པ་ཅན་གྱི་བདེན་གཉིས་འགལ་བར་སྨྲ་བ་རྣམས་ཀྱི་ལོག་པར་རྟོག་པ་ཆོས་ཅན། རྣམ་པ་བཅུ་དྲུག་དག་ཏུ་བཞེད་དེ། བར་ཆད་མེད་རྩེའི་དམིགས་པ་ཐ་དད་པ་ལ་ལོག་པར་རྟོག་པ་དང་དེ་ཡི་ནི་ངོ་བོ་ཉིད་བདེན་སྟོང་དུ་ངེས་གཟུང་གི་རྣམ་པ་ལ་དང་འབྲས་བུ་རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ལ་དང་། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་ལ་དང་། ཞི་ལྷག་ཟུང་འབྲེལ་གྱི་སྦྱོར་བ་ལ་དང་། དཀོན་མཆོག་གསུམ་པོ་ལ་དང་། ཐབས་མཁས་དང་བཅས་པའི་ཐུབ་པའི་མངོན་པར་རྟོགས་པ་གཉིས་ལ་དང་། སྤང་བྱ་ཕྱིན་ཅི་ལོག་དེ་ནི་དེ་སྤོང་བྱེད་ལམ་གྱི་ངོ་བོ་དང་བཅས་པ་གཉིས་ལ་དང་། གཉེན་པོ་དང་མི་མཐུན་ཕྱོགས་དག་གི་དབྱེ་བ་དང་། རང་སྤྱིའི་མཚན་ཉིད་དང་ནི། དེ་སྒོམ་པ་ལ་ལོག་པར་རྟོག་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །འདིར་བསྟན་བདེན་གཉིས་ངོ་བོ་གཅིག་ལ་གཞི་མཐུན་དུ་འདུར་མི་རུང་བར་འཛིན་པའི་ས་བོན་དང་། མངོན་གྱུར་བ་གང་རུང་འདིར་བསྟན་བསལ་བྱ་ལོག་སྒྲུབ་ཀྱི་མཚན་ཉིད་ཟེར་ན། འོ་ན། དེ་གཉིས་ཀ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་


GLG013_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དེའི་ཕྱིར། ཁ་ཅིག །བསལ་བྱ་ལོག་སྒྲུབ་ཡིན་ན། བསལ་བྱ་ལོག་རྟོག་ཡིན་པས་ཁྱབ་ཟེར་ན། ས་བོན་གྱིས་མྱུ་གུ་སྐྱེད་པ་དོན་དམ་པར་གྲུབ་པར་ཐལ། དེ་རང་ངོས་ནས་གྲུབ་པའི་ཕྱིར་ཞེས་དངོས་སྨྲ་བས་དབུམ་པ་ལ་འཕངས་པའི་སུན་འབྱིན་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། ཤེས་པ་ཡིན་པར་ཐལ། འདོད་མི་ནུས། ཁ་ཅིག །བདེན་གཉིས་འགལ་འཛིན་གྱི་རྟོག་པ་དེ་བསལ་བྱ་ལོག་རྟོག་གི་མཚན་ཉིད་ཟེར་ན། དེ་བསལ་བྱ་ལོག་རྟོག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཁྱོད་དེ་མ་ཡིན་པར་ཐལ། ཁྱོད་འཛིན་སྟངས་དོན་མཐུན་གྱི་ཤེས་པ་ཡིན་པའི་ཕྱིར། ཁ་ཅིག །ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ཡིན་ན། དབུ་མ་པའི་ཀུན་རྫོབ་ཀྱི་ཁས་ལེན་དངོས་སུ་རྟགས་སུ་བཀོད་ནས་དོན་དམ་སུན་འབྱིན་པའི་ཀླན་ཀ་ཡིན་པས་ཁྱབ། དོན་དམ་ཀུན་རྫོབ་གཉིས་གོ་ས་སྤོས་ནས་ཁྱབ་ཟེར་ན། དབུ་མ་པས་ས་བོན་གྱིས་མྱུ་གུ་སྐྱེད་པ་རང་ངོས་ནས་གྲུབ་པར་ཁས་བླངས་པ་ལ་བསམས་ནས། ས་བོན་གྱིས་མྱུ་གུ་སྐྱེད་པ་དོན་དམ་པར་གྲུབ་པར་ཐལ། དེ་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མིན་པའི་སྡོད་ལུགས་ཀྱི་སྒོ་ནས་གྲུབ་པའི་ཕྱིར། ཞེས་དངོས་སྨྲ་བས་དབུ་མ་པ་ལ་འཕངས་པའི་སུན་འབྱིན་ཆོས་ཅན། དམ་བཅའ་དང་པོ་དེར་ཐལ། དེའི་ཕྱིར། དེར་ཐལ། དབུ་མ་པས་ས་བོན་གྱིས་མྱུ་གུ་སྐྱེད་པ་རང་ངོས་ནས་གྲུབ་པར་ཁས་བླངས་པ་ལ་བསམས་པའི་ཕྱིར། འདོད་མི་ནུས་ཏེ། ས་བོན་གྱིས་མྱུ་གུ་སྐྱེད་པ་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ་ཀུན་རྫོབ་ཏུ་གྲུབ་ཚད་མ་ཡིན་པའི་ཕྱིར། དེར་ཐལ། དེ་མེད་པའི་ཕྱིར།


GLG013_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་། དབུ་མ་བས་ས་བོན་གྱིས་མྱུ་གུ་སྐྱེད་པ་རང་ངོས་ནས་གྲུབ་པར་ཁས་བླངས་པར་བསམས་ནས་ས་བོན་གྱི་མྱུ་གུ་སྐྱེད་པ་རང་ངོས་ནས་མ་གྲུབ་པར་ཐལ། དེ་མེད་པའི་ཕྱིར་ཞེས་དངོས་སྨྲ་བས་དབུ་མ་པ་ལ་འཕངས་པའི་སུན་འབྱིན་དེ་ཆོས་ཅན། དམ་བཅའ་གཉིས་པ་དེར་ཐལ། དེའི་ཕྱིར། དེ་དབུ་མ་པས་ས་བོན་གྱིས་མྱུ་གུ་སྐྱེད་པ་བདེན་པར་མེད་པར་ཁས་བླངས་པ་ལ་བསམས་པའི་ཕྱིར། འདོད་མི་ནུས་ཏེ། ས་བོན་གྱིས་མྱུ་གུ་སྐྱེད་པ་མེད་པ་དོན་དམ་བདེན་པ་མ་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། འདིར་བསྟན་བདེན་གཉིས་ངོ་བོ་གཅིག་ལ་གཞི་མཐུན་དུ་འདུར་མི་རུང་བར་འཛིན་པའི་ཕྱོགས་སུ་གཏོགས་པ་ཡང་ཡིན་འདིར་བསྟན་བར་ཆད་མེད་རྩེའི་མི་མཐུན་ཕྱོགས་ཀྱང་ཡིན་པའི་གཞི་མཐུན་པར་ཚད་མས་དམིགས་པ་དེ་འདིར་བསྟན་བསལ་བྱ་ལོག་སྒྲུབ་ཀྱི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །བསལ་བྱ་ལོག་རྟོག་ལ་ལོག་སྒྲུབ་ཀྱིས་མ་ཁྱབ་པར་ཐལ། ཚུར་མ་ཁྱབ་པའི་ཕྱིར་ན་མ་ཁྱབ་བོ། །གསུམ་པ་ལ་གཉིས། བསལ་བྱ་ལོག་རྟོག་ངོས་གཟུང་བ་དང་། དེ་བསལ་ནས་བར་ཆད་མེད་པའི་རྩེ་སྦྱོར་བསྐྱེད་པར་གདམས་པའོ། །དང་པོ་ནི། སྐྱེ་བོ་བྱང་ཆུབ་སེམས་དཔའི་ཤེས་བྱ་བདེན་གཉིས་སམ་དྲང་ངེས་འབྱེད་བྱེད་ཀྱི་ཐབས་ལ་མཁས་པ་མི་ཤེས་པར་དེ་དག་འགལ་བར་རབ་ཏུ་སྨྲ་བ་ཐམས་ཅད་ཀྱི་ལོག་པར་རྟོག་པ་ཆོས་ཅན། སུན་འབྱིན་པ་ཡང་དག་གི་རྒྱུ་ཡིན་ཏེ། ཁྱོད་ཀྱིས་ཀུན་ནས་བསླང་བའི་སུན་འབྱིན་དེ་ཇི་ཙམ་འཕངས་ནས་དཔྱད་ཀྱང་ཐེ་ཚོམ་གྱི་མཐའ་ཅན་གྱི་ངོ་བོ་ཡིན་པའི་ཕྱིར་ཏེ། ཁྱོད་བར་ཆད་མེད་རྩེའི་དམིགས་པ་དང་བདེན་སྟོང་ཕན་ཚུན་འགལ་བའི་དོན་སྒྲུབ་པའི་སྒོ་ནས་དེ་གཉིས་གཞི་མཐུན་དུ་འདུ་བ་


GLG013_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཐད་པར་ཞེན་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་བློ་ཡིན་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བར་ཆད་མེད་པར་དངོས་སུ་སྐྱེད་པའི་རྩེ་སྦྱོར་གྱི་དམིགས་པ་མི་འཐད་པ་སོགས་ལ་བརྟེན་པ་ཅན་གྱི་ཇི་སྐད་བཤད་པའི་ཡུལ་ཅན་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་ལོག་པར་རྟོག་པ་ཆོས་ཅན། ཁྱོད་ལ་རྣམ་པ་བཅུ་དྲུག་ཡོད་དེ། དམིགས་ཡུལ་གྱི་སྒོ་ནས་བཅུ་དྲུག་ཡོད་པའི་ཕྱིར། དེ་རྣམས་གང་ཞེ་ན། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་དག་བདེན་པའི་དངོས་པོ་མེད་པ་ཉིད་ཀྱི་བར་ཆད་མེད་རྩེའི་དམིགས་པ་འཐད་པ་མ་ཡིན་སྙམ་པའི་བར་ཆད་རྩེའི་དམིགས་པ་ལ་ལོག་པར་རྟོག་པ་ཆོས་ཅན། ལོག་རྟོག་དང་པོ་ཡིན་ཏེ། བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པ་མངོན་གྱུར་རམ་ས་བོན་གང་རུང་ཡིན་པའི་ཕྱིར། ཆོས་ཅན་ཀྱི་མཇུག་གི་ཁྱད་པར་དང་རྟགས་ཆོས་གཉིས་ལྷག་མ་རྣམས་ལའང་སྦྱར་རོ། །ཆོས་ཀུན་རྣམ་པ་ཐམས་ཅད་དུ་དོན་དམ་པར་རང་བཞིན་མེད་པར་དམིགས་པའི་ངོ་བོ་ཉིད་བདེན་སྟོང་དུ་ངེས་པར་བཟུང་བའི་དེའི་རྣམ་པ་ལ་ཆོས་ཅན། དངོས་པོ་དང་དངོས་པོ་མེད་པ་དོན་དམ་པར་མི་དམིགས་པས་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ཆོས་ཅན། དེ་བཞིན་ཉིད་ཀྱི་ངོ་བོ་བདེན་པར་མེད་པ་ཉིད་ཀྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་ཆོས་ཅན། སྦྱིན་པ་ལ་སོགས་པ་དོན་དམ་པར་མི་དམིགས་པས་དེ་སྒོམ་བྱེད་ཀྱི་ཞི་ལྷག་ཟུང་འབྲེལ་ཀྱི་སྦྱོར་བ་ལ་ཆོས་ཅན། ཤེས་བྱ་ལ་བློ་རྒྱས་པའི་རྟོགས་པར་བྱ་བ་མེད་པས་སངས་རྒྱས་དཀོན་མཆོག་ལ་ཆོས་ཅན། ཆོས་ཐམས་ཅད་མིང་དུ་བཏགས་པ་ཙམ་དུ་ཟད་པས་ཆོས་དཀོན་མཆོག་ལ་ཆོས་ཅན། དགེ་འདུན་གྱི་གདགས་གཞི་གཟུགས་ལ་སོགས་དོན་དམ་པར་དམིགས་པ་བཀག་པས་དགེ་འདུན་དཀོན་མཆོག་ལ་ཆོས་ཅན།


GLG013_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ་ལ་སོགས་པ་དོན་དམ་པ་ལ་མི་དམིགས་པས་ཐབས་ལ་མཁས་པ་ཆོས་ཅན། རྟོགས་བྱ་དངོས་པོ་དང་དངོས་པོ་མེད་པ་དང་གཉིས་ཀའི་ངོ་བོར་བདེན་པར་རྟོག་པ་བཀག་པས་དེ་བཞིན་གཤེགས་པའི་མངོན་པར་རྟོགས་པ་ལ་ཆོས་ཅན། སྤྲོས་པ་རྣམ་པར་དག་པའི་མི་རྟག་པ་ཉིད་ལ་སོགས་པར་བདེན་པར་འཛིན་པ་ཕྱིན་ཅི་ལོག་པ་ཉིད་ཀྱིས་ཕུང་པོ་རྟག་པ་ལ་སོགས་པར་འཛིན་པ་ཕྱིན་ཅི་ལོག་ལ་ཆོས་ཅན། དོན་དམ་པར་ལམ་རྣམ་པར་བསྒོམས་པའི་འབྲས་བུ་བྱང་ཆུབ་མངོན་སུམ་དུ་མི་བྱེད་པས་ལམ་གྱི་ངོ་བོ་ལ་ཆོས་ཅན། དོར་བར་བྱ་བ་དང་བླང་བར་བྱ་བ་དོན་དམ་པར་མེད་པས་མི་མཐུན་པའི་ཕྱོགས་དང་གཉེན་པོ་དག་གི་དབྱེ་བ་ལ་ཆོས་ཅན། མཚན་གཞི་ཆོས་ཅན་མེད་པས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་བསྒོམ་བྱ་ལ་ཆོས་ཅན། རང་དང་སྤྱིའི་མཚན་ཉིད་མི་འཐད་པས་དེ་སྒོམ་པ་ལ་མི་འཐད་སྙམ་པའི་ཆོས་ཅན། གཉིས་པ་ནི། བྱང་ཆུབ་སེམས་དཔའ་དོན་གཉིས་ཕུན་ཚོགས་ཀྱི་དགེ་བ་འདོད་པ་རྣམས་ཆོས་ཅན། བདེན་གཉིས་ཀྱི་རྣམ་དབྱེ་ལ་མཁས་པར་བྱས་ནས་རང་རྒྱུད་ལ་བར་ཆད་མེད་པའི་ཏིང་ངེ་འཛིན་བསྐྱེད་པར་བྱ་དགོས་ཏེ། ཁྱོད་ཀྱི་ཚོགས་གཉིས་ཀྱི་ཡུལ་བདེན་པ་གཉིས་ཀ་ལ་བརྟེན་པའི་ཐབས་ལ་མཁས་པས་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་ལོག་རྟོག་རྣམ་པ་སྟོང་དུ་བསལ་བ་སྔོན་དུ་འགྲོ་བའི་སྒོ་ནས་བར་ཆད་མེད་རྩེའི་དམིགས་རྣམ་ཕྱིན་ཅི་མ་ལོག་པར་ངེས་པ་རྣམ་པ་ཐམས་ཅད་དུ་ཡང་དག་པར་བསྐྱེད་ནས་བར་ཆད་མེད་རྩེ་བསྐྱེད་དགོས་པའི་ཕྱིར། དེ་ཆོས་ཅན། གཞན་རྒྱུད་ལ་ཏིང་ངེ་འཛིན་དེ་སྐྱེད་པ་ལ་ཡང་དེ་ལ་མཁས་པར་བྱ་དགོས་ཏེ། གོ་རིམ་བཞིན་དུ་གཞན་གྱིས་ཀུན་རྫོབ་རྟགས་སུ་བཀོད་ནས་དོན་དམ་སུན་འབྱིན་པ་ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ལ་དོན་


GLG013_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་སྒོ་ནས་དང་། དོན་དམ་རྟགས་སུ་བཀོད་ནས་ཀུན་རྫོབ་སུན་འབྱིན་པ་དོན་དམ་པའི་སྒོ་ཅན་གྱི་ཀླན་ཀ་ཀུན་རྫོབ་ཀྱི་སྒོ་ནས་ལན་གདབ་དགོས་པ་གང་ཞིག །དེ་ལ་ཡང་བདེན་གཉིས་ཀྱི་རྣམ་དབྱེ་ལ་ཤིན་ཏུ་མཁས་དགོས་པ་དེས་ནའི་ཕྱིར། དང་པོ་གྲུབ་སྟེ། གཞན་གྱིས་བདེན་གཉིས་ངོ་བོ་ཐ་དད་པའི་ཀླན་ཀ་རྒྱུད་མར་འབྱུང་བ་དེ་ལ་བདེན་གཉིས་ངོ་བོ་གཅིག་པའི་ལན་གདབ་དགོས་པ་དེ་བས་ནའི་ཕྱིར། གསུམ་པ་སྐབས་བསྡུ་བ་ནི། ཤེས་བྱ་ཆོས་ཅན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་ལྔ་པའི་འགྲེལ་པའོ་སྟེ་ལྔ་པའི་ཚིག་དོན་མཐའ་དཔྱོད་གཏན་ལ་ཕབ་པ་ཡིན་ཏེ། རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད་ཀྱི་སྒོ་ནས་དེ་ལྟར་གཏན་ལ་ཕབ་པའི་ཕྱིར། སྨྲས་པ། ཚད་པས་གདུངས་ལ་བསིལ་བའི་ཆུ་ཀླུང་དང་། །ཕྲ་རྒྱས་ཅན་ལ་སྐེད་མེད་གཞོན་ནུ་ལྟར། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ་ལུགས་ལ། །མོས་རྣམས་སྔོན་མེད་འདི་ནི་ལེགས་པའི་ལམ། །ཟས་གཙང་སྲས་པོའི་རིང་ལུགས་མ་རྟོགས་ཤིང་། །བློ་བཟང་རྒྱལ་བ་གཉིས་པའི་བསྟན་པ་ལ། །ཞུགས་ཀྱང་གང་དེའི་གསུང་རབ་མི་ཤེས་པ། །ཉིན་མོར་བྱེད་དང་བྱང་བསྟན་བྲག་ཁུང་བཞིན། །བློ་གྲོས་ན་ཆུང་འགྲམ་ཆང་གཟེགས་མ་ཡིས། །ལྔ་པའི་སྐབས་ཀྱི་བ་ཀུ་ལ་ཡི་ཁ། །ཕྱེ་བའི་གེ་སར་ལས་འོངས་སྙིང་པོའི་བཅུད། །ཤེས་ལྡན་རྐང་དྲུག་ཚོགས་ཀུན་ཐུངས་ཤིག་ཀྱེ། །རྣམ་དག་བསྟན་བཅོས་སྒོ་འཕར་བརྒྱ། །རྣམ་མང་ཐོས་པའི་ལྡེ་མིག་གིས། །རྣམ་གྲོལ་དོན་གཉིས་སླད་ཕྱེ་ནས། །རྣམ་མཁྱེན་ནོར་གྱི་འདོད་པ་འཇོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་
མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་གསལ་བར་བྱེད་པ་བློ་བཟང་དགོངས་རྒྱན་གདོངས་ལྔའི་དབང་པོའི་སྒྲ་དབྱངས་ཞེས་བྱ་བ་ལས། སྐབས་ལྔ་པའི་ཚིག་དོན་མཐའ་དཔྱོད་ཇི་སྙེད་པ་བཤད་ཟིན་ཏོ།། །།མངྒལཾ།། །།


previousབསལ་བྱ་ལོག་སྒྲུབ་བཤད་པ།next