Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐུ་གསུམ་ཡེ་ཤེས་དང་བཅས་པའི་རྣམ་པར་ངེས་པ་ཤིན་ཏུ་རྣལ་འབྱོར་གྱི་སྙིང་པོ།


 
previousསྐུ་གསུམ་ཡེ་ཤེས་དང་བཅས་པའི་རྣམ་པར་ངེས་པ་ཤིན་ཏུ་རྣལ་འབྱོར་གྱི་སྙིང་པོ།no next

སྐུ་གསུམ་ཡེ་ཤེས་དང་བཅས་པའི་རྣམ་པར་ངེས་པ་ཤིན་ཏུ་རྣལ་འབྱོར་གྱི་སྙིང་པོ།

༈ སྐུ་གསུམ་ཡེ་ཤེས་དང་བཅས་པའི་རྣམ་པར་ངེས་པ་ཤིན་ཏུ་རྣལ་འབྱོར་གྱི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །

འདི་ལ་གཞི་ལམ་འབྲས་གསུམ་གྱི་གནས་ལུགས་ཡོད་པས། སྤྱི་ཁྱབ་གོ་བའི་དབྱིངས་འཇལ་བ་དང༌། བྱེ་བྲག་གི་རྣམ་གྲངས་རྣམ་པར་འབྱེད་པ། དེ་དག་གི་དོན་བསྡུ་བ་དང་གསུམ་ལས། དང་པོ་ནི། ཆོས་སྐུ་ཡེ་ཤེས་ཀྱི་ཐུགས་ནང་གསལ་གྱི་ཆ་ནས་བཤད་པ་ཡིན་ལ། གཟུགས་སྐུ་གཉིས་དེའི་ཕྲིན་ལས་ཕྱི་གསལ་གྱི་ངོས་ནས་བཤད་པ་ཡིན་བྱས་ན་གོ་བ་བློ་ལ་བཟུང་བདེ་ཡང༌། རང་སྣང་ལོངས་སྐུ་ནི་ཆོས་སྐུ་དང་ཐ་དད་མེད་པས་ཤིན་ཏུ་རྣམ་དག་གི་སྣང་བ་ཡིན་པས་ཅུང་ཟད་མི་འཇུག་གོ །དེ་ལྟར་ན་ཆོས་སྐུ་ཞེས་བྱ་བ་གཞིའི་ངོས་ནས་སེམས་ཀྱི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་ཆོས་སྐུའི་ཆོས་སྐུ། ཆོས་སྐུའི་ལོངས་སྐུ། ཆོས་སྐུའི་སྤྲུལ་སྐུ་སྟེ། མི་འགྱུར་རྡོ་རྗེའི་སྐུ་དང༌། མངོན་པར་བྱང་ཆུབ་ཡེ་ཤེས་ཆོས་སྐུ་གསུམ་དུ་བཤད་དོ༑ ༑ལོངས་སྐུའི་ཆོས་སྐུ་ནི་ཡེ་ཤེས་ལྔ་ཡིན་ནོ། །ལོངས་སྐུའི་ལོངས་སྐུ་ནི་འོད་ལྔའོ། །ལོངས་སྐུའི་སྤྲུལ་སྐུ་ནི་སྐུ་ལྔའོ། །ཞེས་གསུངས་ཀྱང༌། དེ་ལའང་སོ་སོར་ཕྱེ་ན། ཆོས་དབྱིངས་ཡེ་ཤེས་ནི་ལོངས་སྐུའི་ཆོས་སྐུའི་ཡེ་ཤེས་དེའི་རང་གདངས་ནི་འོད་མཐིང་ཀ་དེའི་འབྲས་བུ་གཟུགས་བརྙན་དུ་ཤར་བའི་སྐུ་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་དུ་མེ་ལོང་དང་མཉམ་ཉིད་ནི་ལོངས་སྐུའི་ལོངས་སྐུའི་ཡེ་ཤེས་དེའི་རང་གདངས་འོད་དཀར་བོ་དང་སེར་པོ་འབྲས་བུ་སྐུ་ནི་རྡོར་སེམས་དང་རིན་འབྱུང་ངོ༌། །སོར་རྟོགས་དང་བྱ་གྲུབ་ནི་ལོངས་སྐུའི་སྤྲུལ་སྐུའི་ཡེ་ཤེས་དེའི་རང་གདངས་འོད་དམར་པོ་དང་ལྗང་གུ འབྲས་བུ་སྐུ་ནི་སྣང་མཐའ་དང་དོན་གྲུབ་པོ། སྤྲུལ་སྐུའི་ཆོས་སྐུའི་ཡེ་ཤེས་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཡིན་ལ་སྤྲུལ་སྐུའི་ལོངས་སྤྲུལ་གཉིས་ཀྱི་ཡེ་ཤེས་ནི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏེ། དེ་ཡང་སངས་རྒྱས་རང་སྣང་རྣམ་པར་དག་པ་མཐོང་བའི་ཆ་ནས་ལོངས་སྐུ་ཡིན་ལ། སེམས་ཅན་གྱི་ཁམས་དབང་བསམ་པ་མཁྱེན་པའི་ཆ་ནས་སྤྲུལ་སྐུའི་ཡིན་ནོ། །འོད་ནི་འདོམ་གང་ལ་སོགས་པའོ། །སྐུ་ནི་རང་བཞིན་སྤྲུལ་སྐུ། འགྲོ་འདུལ་བེམ་པོ་སྐྱེ་བ་བཟོ་སྤྲུལ་སྐུ་དང་བཅས་པའོ། །དེ་ལྟར་སྐུ་གསུམ་ཡེ་ཤེས་དང་བཅས་བའི་འཆར་ཚུལ་ཀྱང་ཆོས་སྐུ་ལས་ལོངས་སྐུ་དེའི་གཟུག་བརྙན་ལས་སྤྲུལ་སྐུ་འཆར་བ་ཡིན་པས་སྐུ་གསུམ་གྱི་ངོ་བོ་དབྱིངས་ནང་གསལ་གྱི་སྐུ་གསུམ་ཡིན་ལ། རོལ་བ་ནི་ཡེ་ཤེས་རྒྱ་མཚོ་དང་རིགས་ལྔ་ཡེ་ཤེས་ལྔ་དང་གང་ལ་གང་འདུལ་རྣམས་ཡིན་པར་བཤད་དོ། །གཞི་དུས་ན་སྐུ་གསུམ་པོ་ས་བོན་ནམ་རྒྱུའི་ཚུལ་དུ་ལུས་ལ་ཡོད། ལམ་དུས་སུ་མངོན་སུམ་གོང་འཕེལ་གཉིས་སུ་སྤྲུལ་སྐུ་མངོན་དུ་གྱུར། ཚད་ཕེབས་ལོངས་སྐུ། ཆོས་ཟད་ལ་ཆོས་སྐུ། དེ་ནས་ཤེས་སྒྲིབ་ཕྲ་བ་ཡང་དག་ནས་མངོན་བྱང་དང་མི་འགྱུར་རྡོ་རྗེའི་ས་ལ་གནས་པ་ནི། རང་དོན་སྐུ་ལྔ་ལྷུན་འགྲུབ་ལུགས་ལྡོག་ཏུ་འཆར་ཚུལ་ཡིན་ནོ། །གཞན་དོན་དུ་ཆོས་སྐུ་ལས་གཟུགས་སྐུ་འབྱུང་བ་སྔ་མ་ལྟར་རོ། །གཉིས་པ་ལ། གཞི་ལ་གནས་ཚུལ། ལམ་དུ་སྣང་ཚུལ། འབྲས་བུ་མངོན་དུ་གྱུར་ཚུལ་ལོ། །དང་པོ་ལ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གཞི་ལ་གནས་ཚུལ་གསུམ་ལས། དང་པོ་ནི། ད་ལྟ་གཞི་སེམས་ཅན་གྱི་དུས་ན་ཆོས་སྐུ་ནི་ཡེ་ཤེས་གསུམ་ལྡན་དུ་སྙིང་ནང་དུ་ཡེ་ཤེས་སེམས་དཔའི་ཚུལ་དུ་ཡོད་དོ། །གཉིས་པ་ལོངས་སྐུ་ནི་གསེར་གྱི་རྩ་ཆེན་གྱི་དབུས་སུ་དྭངས་མ་ལྔ་ལྡན་འོད་ལྔའི་ཐིག་ལེའི་དབུས་སུ་རྣམ་སྣང་ལ་སོགས་པའི་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་སྐུ་ཆ་ཕྲ་ལ་བལྟ་དཀའ་བའི་ཚུལ་དུ་ཡོད་ལ། དེ་ནས་སྟོང་བ་རང་གྲོལ་གྱི་ཡར་རྩེ་རུ་འོད་ཟེར་རམ་རིགས་བདག་གི་ཚུལ་དུ་ཡང་ཁྲོ་བོའི་སྐུ་འོད་ཡེ་ཤེས་སུམ་བརྩེགས་སུ་ཡོད་དོ། །གཞན་ཡང་འཁོར་ལོ་ལྔ་རུ་མཁའ་འགྲོའི་དཀྱིལ་འཁོར་ཡོད་དོ། །དེ་དག་ནི་ལོངས་སྐུའི་གཞི་གནས་ཚུལ་ལོ། །སྤྲུལ་སྐུའི་ཁྱབ་ཚུལ་ཁྱད་པར་ཆེན་པོའི་རྩ་བཞིའི་ཡལ་འདབ་ཕྲ་བ་སྡོང་པོ་དང་བཅས་པ་རྣམས་སུ་སྐུའི་རང་གདངས་ལུ་གུ་རྒྱུད་དང༌། ཐུབ་དྲུག་གི་སྐུ་དང༌། རང་བཞིན་སྤྲུལ་སྐུ་གྲངས་མེད་པ། གསུང་གི་རང་གདངས་འོད་ལྔ། ཐུགས་ཀྱི་རང་གདངས་ཐིག་ལེ་གསུམ་འདུ་འབྲལ་མེད་པར་སུམ་བརྩེགས་སུམ་བརྩེགས་སུ་ཡོད་པའོ། །དེ་དག་གི་ཡེ་ཤེས་ཆོས་སྐུའི་ཡེ་ཤེས་ཀྱི་རང་རྩལ་དུ་ལོངས་སྐུའི་ཡེ་ཤེས་རང་བཞིན་ཤུགས་ཀྱིས་རྫོགས། རྩལ་ལས་རོལ་བར་ཤར་བས་སྤྲུལ་སྐུའི་ཡེ་ཤེས་ཀྱི་སྤྲིན་འཕྲོ་བའོ། །རྩ་ནང་ཀུན་དང་ཤེས་བྱ་ཐམས་ཅད་ལའང་འཇུག་པར་བཤད། ཆོས་སྐུའི་ཡེ་ཤེས་འཆར་གཞིའི་ཚུལ། ལོངས་སྐུ་འཆར་བ་འོད་ཀྱི་ཚུལ། སྤྲུལ་སྐུ་འོད་ལས་ཟེར་གྱི་ཚུལ་དུ་འཕྲོ་བའོ། །སྙིང་དང་དུང་ཁང་ནང་དུ་གནས་པ་ནི་གཞིའི་དབྱིངས་རིག་ཐིག་ལེ་སུམ་བརྩེགས་རྩ་བཞི་དང་ཡང་ཕྲན་དང་བཅས་པ་ནས་གནས་པ་ནི་ལམ་གྱི། དེ་གཉིས་ཀའི་འབྲས་བུ་ཡུལ་ལ་སྣང་བའི་དབྱིངས་རིག་ཐིག་ལེ་རྣམས་ནི་ནམ་མཁའ་ལ་དབྱིངས་ཐིག་ལུ་གུ་རྒྱུད་དུ་སྣང་བའོ། །ཡང་ངོ་བོ་གང་དུའང་མ་གྲུབ་པས་ཆོས་དབྱིངས་ཡེ་ཤེས་སམ་སྟོང་བ་ཉིད་ཀྱི་ཡེ་ཤེས། གསལ་ལ་རྟོག་པ་མེད་པ་མེ་ལོང་ཡེ་ཤེས། སྣང་སྟོང་མཉམ་པར་བརྡལ་བས་མཉམ་ཉིད་ཡེ་ཤེས། མ་འདྲེས་སོ་སོར་མཁྱེན་པས་སོར་རྟོགས། བདག་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་དངོས་མཁྱེན་པས་བྱ་གྲུབ་ཡེ་ཤེས་ཏེ་ཡེ་ཤེས་ལྔའོ། །གཞུང་ལུགས་སྤྱིའི་ཆོས་སྐད་དུ་ཡེ་ཤེས་ལྔ་ལས་མེད་པས་དེ་སྐུ་ལྔ་ལ་སྦྱར་དུས། ཆོས་དབྱིངས་རྡོ་རྗེའི། མེ་ལོང་ཆོས་སྐུའི། མཉམ་ཉིད་ལོངས་སྐུའི། སོར་རྟོགས་མངོན་བྱང་གི བྱ་གྲུབ་སྤྲུལ་སྐུའི་ཡེ་ཤེས་སོ། །ཞེས་བཤད་དོ། །ཡང་ཡེ་ཤེས་དེ་དག་གི་རྩལ་གཞིར་གནས་ཀྱི་ཤེས་རབ་ཆོས་དབྱིངས་ཀྱི། བསྐྱོད་བྱེད་མེ་ལོང་གི སྡུད་བྱེད་མཉམ་ཉིད་ཀྱི། འབྱེད་བྱེད་སོར་རྟོགས་ཀྱི། སྒྲོལ་བྱེད་བྱ་གྲུབ་ཀྱི་རྩལ་ཡིན་ལ། ཤེས་རབ་ལྔའི་རྟ་དྭངས་མ་ཡེ་ཤེས་ཀྱི་རླུང་ལྔ་ནི། སྲོག་རླུང་གཞིར་གནས། གྱེན་རྒྱུ་བསྐྱོད་བྱེད། མཉམ་གནས་སྡུད་བྱེད། ཐུར་སེལ་འབྱེད་བྱེད། ཁྱབ་བྱེད་སྒྲོལ་བྱེད་ཀྱི་རྟ་ཡིན་ནོ། །ཆོས་ཉིད་སྤྲོས་པ་དང་བྲལ་དེ་བཞིན་རིགས། མི་འགྱུར་བ་རྡོ་རྗེའི་རིགས། ཡོན་ཏན་འབྱུང་བ་རིན་པོ་ཆེའི་རིགས། སྐྱོན་གྱིས་མ་གོས་པ་པདྨའི་རིགས། རང་གཞན་གྱི་དོན་གཉིས་སྒྲུབ་པ་ལས་ཀྱི་རིགས་ཏེ་རིགས་ཀྱི་ཆོས་ལྔ། སྐུ་ལྔ་ཡེ་ཤེས་ལྔའི་ངང་སྟོང་བར་གནས་པས་ངོ་བོ་ལྔ། རང་བཞིན་མ་འགགས་པར་གསལ་བས་རང་བཞིན་ལྔ། བདག་ཉིད་ཐུགས་རྗེ་ཆེན་པོའི་རོལ་བ་མ་འགགས་པས་ཐུགས་རྗེ་ལྔ་ཞེས་སམ་རྟག་པ་རྒྱུན་གྱི་ཐུགས་རྗེ། རང་བཞིན་ཤུགས་ཀྱི། རྐྱེན་དང་འཕྲད་པའི། བསྐུལ་ཞིང་གསོལ་བ་བཏབས་པའི་ཐུགས་རྗེ་བཞི། ཇི་ལྟ་ཇི་སྙེད་ནང་ལྟར་མཁྱེན་ནས་རང་རྒྱུད་གྲོལ་བའི་ཐུགས་རྗེ་དབྱིངས་ཡེ་སྣང་སྟོང་དབྱེར་མེད་པ་རྡོ་རྗེའི་སྐུ། སྤང་རྟོགས་མཐར་ཕྱིན་པ་དང་སྐུ་གསུམ་སྣང་ཆ་མ་འདྲེས་ནང་གསལ་མངོན་བྱང་གི་སྐུ། དབྱིངས་ལ་ཡེ་ཤེས་ཤར་བ་ཆོས་སྐུ། མཚན་དཔེའི་ཡོན་ཏན་རྫོགས་པ་ལོངས་སྐུ། སྤྲུལ་བ་གང་འདུལ་དུ་བྱུང་བས་སྤྲུལ་སྐུ་ཞེས་བྱའོ། །ཆོས་སྐུའི་གསུང་བརྗོད་དུ་མེད་པ་སྐྱེ་མེད་མཚོན་པ་ནམ་མཁའ་ལྟ་བུའི་གསུང༌། ལོངས་སྐུའི་གསུང་འགག་མེད་རང་གསལ་ལམ་དགོངས་བརྡའི་གསུང་གི་བྱིན་གྱིས་རླབས་ཀྱིས་བཤད། སྤྲུལ་སྐུ་བརྗོད་པ་ཚིག་གི་གསུང་སྡེབས་སྦྱོར་ལེགས་པས་བཤད། མངོན་བྱང་རིག་པ་བྱང་ཆུབ་ཀྱི་བྱིན་གྱི་རླབས་ཀྱིས་བཤད་དོ། །རྡོ་རྗེ་གྲགས་སྟོང་དབྱེར་མེད་པའི་གསུང་གིས་རང་བཞིན་སྤྲོས་བྲལ་དུ་སྟོན་ནོ། །ཐུགས་ནི་ཡེ་ཤེས་ལྔའོ། །རྡོ་རྗེའི་རིགས་ཀྱིས་ཕྲིན་ལས་ཞི་བ། རིན་ཆེན་གྱིས་རྒྱས་པ། པདྨའི་དབང་དང༌། ལས་རིགས་ཀྱི་དྲག་པོ། བུདྡྷའི་ལྷུན་གྲུབ་ཀྱི་ཕྲིན་ལས། ཡོན་ཏན་ལྔ་ནི་རིགས་ཀུན་ལ་ཡོད་པས། རྣམ་པར་དག་པའི་ཞིང་ཁམས། རྒྱ་ཚད་དང་བྲལ་བའི་གཞལ་ཡས། གསལ་ཞིང་དག་བའི་འོད་ཟེར། ཁྱད་པར་འཕགས་པའི་གདན་ཁྲི། དགྱེས་དགུར་རོལ་བའི་འདོད་ཡོན་ནོ། །གསུམ་པ་ནི༑ དེ་དག་ཀུན་ཀྱང་བྲལ་གཞི་ད་ལྟ་རིག་པའི་ཡེ་ཤེས་གཅིག་ལའང་རྫོགས་པས་ན་སོ་སོའི་བྲལ་རྒྱུུ་ལ་གོམས་པ་མཐར་ཕྱིན་པས། བྲལ་འབྲས་སངས་རྒྱས་ཀྱི་དུས་སུ་ཡེ་ཤེས་གཅིག་གི་ཆོས་ཉིད་དང༌། ཡོན་ཏན་དང༌། ཕྲིན་ལས་ལ་ལྷུན་གྱིས་གྲུབ་པར་འབྱུང་ཞིང་རང་གཞན་གྱི་དོན་གཉིས་འབྱུང་བའོ། །དེ་ལྟར་རྒྱུད་ལུང་མན་ངག་སྙིང་པོའི་དོན། །ཚིག་ཉུང་དོན་འདུས་ངོ་བོར་དྲིལ་བ་འདི། །ཆོས་ཉིད་བདེན་པ་མཐོང་བའི་ལག་རྗེས་སུ། །ག་ག་ཨ་བྷྱེ་སྨྱོན་པས་སྨྲས་ནས་སོ། །དམ་བའི་རིགས་ཅན་རཏྣའི་མཚན་ཅན་སོགས། །ཆོས་ཚུལ་འདི་ལ་ཡང་དག་རིག་པ་བཞིའི། །རྡུལ་བྲལ་དྲི་མ་མེད་པའི་མིག་ཐོབ་ནས། །མཐར་ཐུག་གོ་ས་སྙོགས་པའི་རྒྱུར་གྱུར་ཅིག །ཅེས་པ་འདི་ཡང་གནམ་བསྐོས་གོང་མ་ཆེན་པོའི་ཁབ་ཀྱི་རྒྱལ་ཕྲན་རཏྣ་ཨཱ་ཡུཿརཱ་ཛའི་བཀའ་ཕེབས་སྤྱི་བོར་བླངས་ཏེ་སྔགས་བཙུན་ནམ་མཁའ་འཇིགས་མེད་པས་སྨྲས་པ་དགེའོ། །མངྒ་ལམ། །

༈ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང༌། བརྒྱུད་པ་དགུ་ལྡན་གྱི་བླ་མ་ཐམས་ཅད་ཀྱིས། ཐུགས་རྗེ་བརྩེ་བ་ཆེན་པོས་མི་འདི་ལ་བཀའ་ལུང་དབང་ཁྲིད་རྗེས་གནང་དང་བཅས་པ་ཐམས་ཅད་ཡོངས་སུ་ཐོབ་པར་སྩལ་དུ་གསོལ། རྗེས་སུ་བཟུང་དུ་གསོལ། སྨིན་ཅིང་གྲོལ་བར་མཛད་དུ་གསོལ། ཞེས་ཀྱང་ག་གཱས་སོ། །

༈ བསྟན་པ་རྒྱས་བྱེད་སྨོན་ལམ་བཞུགས། པདྨའི་རང་ལུགས་སྔ་འགྱུར་རྫོགས་པ་ཆེ། །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང༌། །གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་བསྒྲུབ་པས་འཛིན་གྱུར་ཅིག །ཅེས་པའང་གང་གི་སློབ་འབང་པྲཛྙཱའི་མིང་འཛིན་གྱི་བསྐུལ་ངོར་སྤྲུལ་མཁྱེན་བརྩེ་མྱུ་གུའི་བྲིས་པ་དགེ་པར་གྱུར་ཅིག །

༈ བསྟན་པ་རྒྱས་བྱེད་ཉིན་མོའི་མགོན་པོ་ཞེས་བྱ་བ་བཞུགས་སོ༔ རིག་འཛིན་སྡེ་སྣོད་ཡོངས་ཀྱི་སྤྱི་ཕུད་མཆོག༔ འོད་གསལ་ཐིག་ལེ་ཉག་གཅིག་དམ་པའི་དོན༔ གསལ་མཛད་གྲུབ་ཆེན་ནམ་མཁའ་འཇིགས་མེད་ཀྱི༔ བསྟན་པ་དར་རྒྱས་ཡུན་རིང་གནས་གྱུར་ཅིག༔ ཅེས་ཀྱང་ཤྲཱི་བས་སོ། །

༈ ཆེ་བ་རྟ་དང་གླང་པོ་མན་ཆད་ནསཿ ཆུང་བ་ཁབ་དང་སྐུད་པ་ཡན་ཆོད་ཀྱིཿ ཟང་ཟིང་ནོར་ཀྱི་འབྲེལ་ཐོགས་གང་ཡོད་པཿ ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེས་ནས་ཀྱངཿ ཕྱིར་མི་ལྡོག་པའི་ས་ཆེན་ཐོབ་པར་ཤོགཿ བདུད་འཇོམས་པས་ཞལ་འདོན་སྐབས་སུ་གསུང་གནང་མཛད་སྐད།

༈ སྣང་ལ་རང་བཞིན་མེད་པའི་དགེ་རྩ་འདི། །སྣང་ལ་རང་བཞིན་མེད་པའི་སེམས་ཅན་ལ། །སྣང་ལ་རང་བཞིན་མེད་བའི་རྣལ་འབྱོར་ངས། །སྣང་ལ་རང་བཞིན་མེད་པའི་ངང་ནས་བསྔོ། །སྣང་ལ་རང་བཞིན་མེད་པའི་སྐུ་གཉིས་ཀྱི། །སྣང་ལ་རང་བཞིན་མེད་པའི་འབྲས་ཐོབ་ཤོག །ཅེས་ཀྱང་ག་གཱས་སོ། །དགེའོ། །དགེའོ། །དགེའོ།


previousསྐུ་གསུམ་ཡེ་ཤེས་དང་བཅས་པའི་རྣམ་པར་ངེས་པ་ཤིན་ཏུ་རྣལ་འབྱོར་གྱི་སྙིང་པོ།no next