Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས།next

འཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས།

༄༅། །འཕགས་པ་ལྕགས་མཆུ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་ལོ་ཧ་དུཎྜ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷ་ན་རྒྱུ་ཞིང༌། ཨ་མྲའི་ཚལ་དུ་གཤེགས་ཏེ་བྱོན་ནས། ཨ་མྲའི་ཚལ་དུ་ལུས་འཕགས་རིའི་དབང་པོའི་བྲག་ཕུག་ན་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་མ་ཡིན་དང༌། མི་རྣམས་ནི་བསྟན་པ་ལ་གནོད་པ་བགྱིད་པ་སྟེ། བཅོམ་ལྡན་འདས་ལྷ་མ་ཡིན་དང༌། མི་འཁོར་དུ་གཏོགས་པའི་བསྟན་པ་ལ་ཡུན་རིང་པར་གནོད་པའི་ཕྱིར་རྒོལ་བའི་དགྲ་ལགས་ན། དེ་ལ་བཅོམ་ལྡན་འདས་ཀྱིས་ཞི་བས་མི་འདུལ་ན། བདག་ལ་དྲག་པོས་འདུལ་བའི་ཆོས་བསྟན་དུ་གསོལ། ཐེག་པའི་ཆོས་དགྲ་བསྲུང་དུ་གསོལ། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ལྷའི་དབང་པོ་ཁྱོད་ཀྱིས་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་ལྕགས་མཆུའི་གཟུངས་མ་རུངས་པ་འཇོམས་པ། དོན་ཐམས་ཅད་བྱེད་པ། དམ་པའི་ཆོས་བསྲུང་བ། འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། དུག་ཐམས་ཅད་འཇིག་པ། མཚོན་ཐམས་ཅད་རེངས་པར་བྱེད་པ། ཐེག་པའི་ཆོས་དགྲ་བསྲུང་བ། རྐང་མེད་པ་དང༌། རྐང་གཉིས་དང༌། རྐང་བཞི་ཐམས་ཅད་རེངས་པར་བྱེད་པ། རྐང་གཉིས་ཐམས་ཅད་སྐྲག་ཏུ་འཇུག་པ། དགྲ་ཐམས་ཅད་ཕུང་བར་བྱེད་པ། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། སྦྱིན་བྱེད་མའི་བུ་དང༌། ཤ་ཟ་དང༌། བརྗེད་བྱེད་དང༌། སྨྱོ་བྱེད་དང༌། བྲམ་ཟེ་དང༌། སྲིན་པོ་དང༌། འབྱུང་པོ་དང༌། རོ་ལངས་དང༌། བྱའི་གདོན་དང༌། སྲུལ་པོ་དང༌། ནམ་གྲུ་དང༌། གནོན་པོའི་གདོན་དང༌། གནོན་པོ་དང༌། བརྗེད་བྱེད་ཀྱི་གདོན་དང༌། ལྷའི་གདོན་དང༌། ཀླུའི་གདོན་དང༌། གནོད་སྦྱིན་ཀྱི་གདོན་དང༌། དྲི་ཟའི་གདོན་དང༌། མིའམ་ཅིའི་གདོན་དང༌། ལོག་འདྲེན་ཀྱི་གདོན་དང༌། མ་མོའི་གདོན་ཕུང་བར་བྱེད་པ། ཟས་ཀྱི་རིགས་མི་མཐུན་པ་ཟ་བ་ཕུང་བར་བྱེད་པ། རིམས་ནད་ཐམས་ཅད་དང༌། རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པ་དང༌། འགྲོ་བ་དྲག་ཤུལ་དུ་སྤྱོད་པ་ཕུང་བར་བྱེད་པ། འཐབ་པ་དང༌། རྩོད་པ་དང༌། མཚང་འབྲུ་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ལྕགས་ཀྱི་མཆུའི་གཟུངས། ནམ་མཁའ་ལྡིང་དྲག་པོའི་གཟུངས་འདི་ཟུངས་ཤིག །བསྟན་པ་ལ་གནོད་པ་སྐྲག་པར་བྱེད་པ། ཆར་དྲག་པོ་དང༌། སེར་བ་དྲག་པོ་འབེབས་པར་བྱེད་པའི་གཟུངས་བརྗོད་པར་བྱའོ། །ཏདྱ་ཐཱ། ཨེ་ཏ་མེ་ཏེ། པྲ་མེ་ཏི་ཏི་ཏྲ། གོ་ལེ། བོ་ལེ་བོ་ས་སེ། མོད་ཏེ། བད་ཏེ། ཁཱ་རང་ཏེ། ཁཱ་ར་ནེ་ཀཱ་ན་ཀཱ་ནེ། ནཱ་ག་པུ་ག་ན། མོ་ན་པྲ་ཏི་མོ་ནེ། ཀཱ་ལི་བྲ་ག་ལེ་ཙན་ཏེ། མ་ཧཱ་ཙན་ཏེ་ན་པྲ་ཏི་ཙན་ཏེ། པེ་གེ་སོ་ན། གོ་ན་མོ་ཧཱ། པྲ་མོ་ཧ། མ་ཧཱ་མོ་ཊཱ། པྲ་མོ་ཏཱ། ན་ཤཱ་ནི། པྲན་ཤ་ན་དྷི་པ་ནི། བ་ལ་ཀཱ་ཎི་པྲ་བ་ལ་ག་ཎི་ནི་ར་དྱ་ནི། བེ་ནི་ད་ཐཱ་ནི། ཀྲོ་དྷ་ནི་པྲི་ད་ཀྲོ་དྷ་ནི། ཧ་ན་ཧ་ན་བི་ཧ་ན་བི་ཧ་ན། སརྦ་དུཥྚ་པྲ་དུཥྚན། ནཱ་ཤ་ཡ་སརྦ་ཨ་བྷ་ཡ་པྲ་དེ་ཧཱུཾ་ཕཊ། སྔགས་འདི་བརྗོད་པ་ཙམ་གྱིས་ཕྱོགས་ཀུན་ཏུ་གཡོས། རབ་ཏུ་གཡོས། འགུལ་རབ་ཏུ་འགུལ་ལོ། གནོད་པ་ཐམས་ཅད་ཁ་བུབ་ཏུ་བརྒྱལ་ལོ། །སྐེ་ཚེ་དང་ཡུངས་ནག་ཏུ་བསྲེས་ལ། ཆུ་བོ་དང༌། རྒྱ་མཚོ་དང༌། རི་བོར་གཏོར་རོ། །དེ་ཕྱིན་ཆད་ཆར་འབེབས་པར་བྱེད་དོ། །ཡང་ཆུ་བོ་དང༌། རྒྱ་མཚོ་དང༌། རྫིང་བུལ་མ། འབབ་ཆུ། མཉན་དགུར་བུ་རམ། སྦྲང་ཤིང་དང་ར་ཤ་ཀ་ར་ཀླུ་སྨན་སྣ་ཚོགས་འོ་མ་ལ་བསྔགས་ལ་གཏོར་རོ། །དེའི་ཕྱིར་སེར་བ་ཆེན་པོ་འབེབས་སོ། །ཡིད་བཟློས་བགྱིས་ཏེ་སྤྲིན་ལ་བལྟས་ལ་ཕྱག་བྱ་ཞིང་བཟླས་ན། ཇི་ལྟར་འདོད་པའི་སེར་བ་ཆེན་པོ་འབབ་པར་འགྱུར་རོ། །ཤེས་རབ་ཅན་གྱིས་འཕགས་པ་ལྕགས་མཆུའི་གཟུངས་འདི་ཟུངས་ཤིག །ཆོངས་ཤིག །རྗོད་ཅིག །གཞན་ལ་མ་སྤེལ་ཅིག་སྦོས་ཤིག །ཐུན་མོང་དུ་མིན་ནོ། །རྒྱ་མཚོའི་ཆུ་རྡོ་བཞིན་མི་མངོན་པར་སྦོས་ཤིག །གཞན་གྱིས་མི་ཐུབ་པ་དྲག་པོའི་གཟུངས་འདིས། འཐབ་པའམ། རྩོད་པའམ། འགྱེད་པའམ། གང་དུ་འགྲོ་ཡང་རུང་སྟེ། ཐམས་ཅད་རྒྱལ་བར་འགྱུར་རོ། །རྒྱལ་མཚན་གྱི་རྩེ་མོ་ལ་བྱང་བུ་གཟུགས་སོ། །སྔགས་པ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དང་གང་གིས་ཡིད་རྩེ་གཅིག་ཏུ་བྱའོ། །དགེ་སློང་ཕ་དང༌། དགེ་སློང་མ་དང༌། དགེ་ཚུལ་ཕ་དང༌། དགེ་ཚུལ་མ་དང༌། དགེ་བསྙེན་ཕ་དང༌། དགེ་བསྙེན་མ་གང་ཡང་རུང་བས་བསྟན་པ་ལ་གནོད་པ་བསྲུང་བའི་ཕྱིར་ཡིད་ལ་ཟུངས་ཤིག །ཆོངས་ཤིག །དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ་དང༌། ལྷའི་དབང་པོ་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།


previousའཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས།next