Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
expand section
  
  
  
 collapse section
  
  
 expand section
 expand section
 expand section
 expand section
 expand section
 expand section
 collapse section
གནས་བདུན་པ་ཡེ་ཤེས་བསྟན་པ།
  
  
  
  
  
 expand section
  
  


4 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousགནས་བདུན་པ་ཡེ་ཤེས་བསྟན་པ།next

གནས་བདུན་པ་ཡེ་ཤེས་བསྟན་པ།


GLG014_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་ཤེས་བྱའི་ཕུང་པོ་མ་ལུས་པ། །བློ་གྲོས་ཤིང་རྟ་གཅིག་གིས་འདྲེན་པ་ལ། །མ་སྨད་སྙིང་སྟོབས་བཟང་པོའི་གྱད་ཀྱི་རིགས། །གྲགས་པའི་དབང་ཕྱུག་འཇམ་དབྱངས་བླ་མ་རྗེ། །རྗེ་བཙུན་མཆོག་དེའི་བསྟན་པ་དྲི་མ་མེད། །བསྲེ་བསླད་མིང་བསྒྱུར་སྤངས་ཏེ་འཆད་རྩོད་ཀྱི། །དགའ་ལྡན་པ་ཞེས་འཁྲུལ་མེད་གྲུབ་པའི་


GLG014_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ། །འཛིན་མཁས་འཇམ་མགོན་དཀོན་མཆོག་ཆོས་འཕེལ་ཞེས། །དཀའ་གནད་རྒྱལ་བའི་གསུང་རབ་འཆད་པའི་ཚེ། །སྨྲ་མཁས་ངག་གི་དབང་པོར་འགྲན་བཟོད་དེའི། །དྲིན་ལས་སྙོམ་ལས་བདག་འདྲའི་སྤོབས་པས་ཀྱང་། །གཞུང་ལུགས་འདི་འདྲ་འཆད་པའི་ཁུར་ཆེན་བླངས། །མཁས་པར་བྱ་བའི་ཡོན་ཏན་མ་ལུས་པ། །གཅིག་ཏུ་གཏན་ལ་འབེབས་པའི་ཡེ་ཤེས་ཀྱི། །ཚུལ་རྣམས་འཕགས་ཡུལ་མཁས་པའི་གསུང་སྒྲོས་ལྟར། །གསལ་བར་འཆད་དོ་སྒྲ་འཛིན་དབང་པོ་ཉོན།གཉིས་པ་དེ་ལྟར་མཁས་པར་བྱས་པའི་ཡོན་ཏན་གཏན་ལ་དབབ་པ་ལ། ཤེས་པའི་ཡོན་ཏན་གཏན་ལ་དབབ་པ་དང་། སྙོམས་འཇུག་གི་ཡོན་ཏན་གཏན་ལ་དབབ་པ་གཉིས། དང་པོ་ལ། ཡེ་ཤེས་ཀྱི་རང་བཞིན་གཏན་ལ་དབབ་པ། ལྡན་ཚུལ། འཐོབ་པའི་ཚུལ། ཁྱད་པར་གྱི་ཆོས་དང་བཞི། དང་པོ་ལ། བཟོད་ཤེས་ལྟ་བའི་ཁྱད་པར། ཤེས་པ་བཅུ་ངོས་གཟུང་། དེ་དག་གི་ཁྱད་ཆོས་དང་གསུམ། དང་པོ་ནི། དྲི་མེད་ཟག་མེད་ཀྱི་བཟོད་པ་རྣམས་ཆོས་ཅན། ཤེས་བཟོད་གཉིས་ཀྱི་ནང་ནས་ཤེས་པ་མིན་ཏེ། ངོ་སྐལ་གྱི་སྤང་བྱ་ཐེ་ཚོམ་མ་སྤངས་པའི་ཕྱིར། ལྟ་བ་ཡིན་ཏེ། ཡང་དག་པར་རྟོག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར། ཟད་པ་དང་མི་སྐྱེ་བ་ཤེས་པའི་བློ་ཆོས་ཅན། ལྟ་བ་མ་ཡིན་ཏེ། ཡང་དག་པར་རྟོག་པ་མེད་པའི་ཕྱིར། དེ་ལས་གཞན་པའི་འཕགས་པའི་བློ་ཆོས་ཅན། དེ་གཉིས་ཀ་ཡིན་ཏེ། ཡུལ་ལ་དེས་རྟོག་པའི་ཡེ་ཤེས་པ་ཡིན་པའི་ཕྱིར། ཟག་མེད་ལས་གཞན་པའི་འཇིག་རྟེན་པའི་ཤེས་རབ་རྣམས་ཤེས་པ་ཡིན་ཏེ། ཀུན་རྫོབ་ཤེས་པའི་འཇིག་ཚོགས་ལ་ལྟ་བ་སོགས་ལྔ་དང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྟེ་དྲུག་ནི་ཆོས་ཅན། ལྟ་བའང་ཡིན་ཏེ། ཡང་དག་པར་རྟོགས་པ་ཡིན་པའི་ཕྱིར། གཉིས་པ་ལ། མདོར་བསྟན་པ། རྒྱས་པར་བཤད་པ་གཉིས། དང་པོ་ནི།


GLG014_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དེ་ལ་གཉིས་ཡོད་དེ། ཟག་བཅས་དང་། ཟག་པ་མེད་པ་གཉིས་ཡོད་པའི་ཕྱིར། གཉིས་པ་ལ། སྤྱི་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། དེ་ཆོས་ཅན། ཀུན་རྫོབ་ཤེས་པ་ཞེས་བྱ་སྟེ། བུམ་སྣམ་སོགས་ཀུན་རྫོབ་ལ་དམིགས་པའི་བློ་ཡིན་པའི་ཕྱིར། ཤེས་པ་ཟག་མེད་ཆོས་ཅན། རྣམ་པ་གཉིས་ཡོད་དེ། ཆོས་ཤེས་པ་དང་ནི་རྗེས་སུ་ཤེས་པ་ཁོ་ནར་ཡོད་པ་དང་འགོག་ལམ་ཡིན་པའི་ཕྱིར། ཀུན་རྫོབ་ཤེས་པ་ཆོས་ཅན། ཡུལ་ལ་དམིགས་པ་ཡིན་ཏེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་དེ་ཐམས་ཅད་ལ་དམིགས་པའི་ཕྱིར། ཆོས་ཤེས་པ་ཞེས་བྱ་བའི་བློ་ཆོས་ཅན། སྤྱོད་ཡུལ་ནི་ཡོད་དེ། འདོད་པའི་སྡུག་བསྔལ་ལ་སོགས་པ་ཀུན་འབྱུང་དང་འགོག་ལམ་ལ་དམིགས་པའི་ཕྱིར། གཉིས་པ་ལ། ཕ་རོལ་སེམས་ཤེས་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་གཉིས། དང་པོ་ནི། རྗེས་སུ་ཤེས་པ་ཆོས་ཅན། ཁྱོད་ཀྱི་སྤྱོད་ཡུལ་ཡོད་དེ། ཁམས་གོང་མའི་སྡུག་བསྔལ་དང་སོགས་པས་ཀུན་འབྱུང་དང་འགོག་ལམ་ལ་དམིགས་པའི་ཕྱིར། ཆོས་ཤེས་དང་རྗེས་ཤེས་དེ་དག་ཉིད་ནི་བདེན་པ་ལ་དམིགས་པའི་བྱེ་བྲག་གིས་བཞི་བཞི་ཡོད་དེ། སྡུག་བསྔལ་ཤེས་པ་ནས་ལམ་ཤེས་པའི་བར་དུ་ཡོད་པའི་ཕྱིར། བདེན་པ་ཤེས་པ་རྣམ་པ་བཞི་པོ་དེ་དག་ནི་ཆོས་ཅན། མི་སྐྱེ་བ་དང་ཟད་པ་ཤེས་པ་ཞེས་བྱ་སྟེ། རང་གི་ངོ་སྐལ་གྱི་སྤང་བྱ་མི་སྐྱེ་བ་དང་། ཉོན་མོངས་འགགས་པ་ཤེས་པའི་བློ་ཡིན་པའི་ཕྱིར། དང་པོར་སྐྱེས་པའི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་དེ་ནི་ཆོས་ཅན། སྡུག་བསྔལ་དང་རྒྱུ་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ཞེས་བཤད་དེ། སྲིད་རྩེའ་ིསྡུག་ཀུན་གང་རུང་ལ་རྗེས་སུ་ཞུགས་པའི་རྣམ་པས་དམིགས་པ་ཡིན་པའི་ཕྱིར། ཕ་རོལ་པོའི་སེམས་རིག་པའི་ཤེས་པ་ད་ལྟར་བ་ནི་ཆོས་ཅན། བཞི་ལས་བྱུང་སྟེ། ཆོས་ཤེས་དང་། རྗེས་ཤེས། ལམ་ཤེས་པ་དང་། ཀུན་རྫོབ་ཤེས་པ་ལས་བྱུང་བའི་ཕྱིར། དེས་ནི་ཆོས་ཅན། ཆོས་ཀུན་རིག་པ་


GLG014_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། ས་དང་། དབང་པོ་དང་། གང་ཟག་དང་། ཞིག་པ་འདས་པ་དང་། མ་སྐྱེས་པ་མ་འོངས་པ་རྣམས་མི་རིག་པའི་ཕྱིར། ཤེས་བྱ་ཆོས་ཅན། ཆོས་ཤེས་རྗེས་ཤེས་ཀྱི་བློ་ཡི་ཕྱོགས་དང་མཐུན་པ་ནི་ཕན་ཚུན་གཅིག་གིས་གཅིག་སྤྱོད་ཡུལ་དུ་བྱེད་པ་མིན་ཏེ། སྔ་མ་ནི་འདོད་པ་དང་། ཕྱི་མ་ནི་ཁམས་གོང་ཁོ་ན་ལ་དམིགས་པའི་ཕྱིར། ཉན་ཐོས་ཀྱི་ཕ་རོལ་གྱི་སེམས་ཤེས་ཀྱིས་མཐོང་ལམ་སྐད་ཅིག་མ་གཉིས་རིག་སྟེ། སྡུག་བསྔལ་ལ་ཆོས་ཤེས་དང་ཆོས་བཟོད་གཉིས་རིག་པའི་ཕྱིར། རང་རྒྱལ་བསེ་རུ་ལྟ་བུས་ཕ་རོལ་སེམས་ཤེས་ཀྱིས་མཐོང་ལམ་སྐད་ཅིག་མ་གསུམ་རིག་སྟེ། སྔ་མ་གཉིས་དང་ཀུན་འབྱུང་ལ་རྗེས་ཤེས་རིག་པའི་ཕྱིར། སངས་རྒྱས་ཀྱིས་འབད་རྩོལ་གྱི་སྦྱོར་བ་མེད་པར་མཐོང་ལམ་སྐད་ཅིག་མ་ཀུན་རིག་སྟེ། དེས་ཆོས་ཐམས་ཅད་མཁྱེན་པའི་ཕྱིར། གཉིས་པ་ནི། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་བློ་གཉིས་ལ་ཁྱད་པར་ཡོད་དེ། སྔ་མས་ནི་སྡུག་བསྔལ་བ་ཡོངས་སུ་ཤེས། ལ་སོགས་པ་ཀུན་འབྱུང་སྤངས་ཤིང་འགོག་པ་མངོན་དུ་བྱས་ལམ་བསྒོམས་སོ་ཞེས་ངེས་པའི་ཆ་ནས་བཞག །སྡུག་བསྔལ་ཡོངས་སུ་ཤེས་ཏེ་ཤེས་པར་བྱར་མེད། ཀུན་འབྱུང་སོགས་ལ་ཡང་དེས་མཚོན་པའི་ཆ་ནས་མི་སྐྱེ་བ་ཤེས་པའི་བློར་འདོད་པའི་ཕྱིར། གསུམ་པ་ཁྱད་ཆོས་ལ། ཤེས་པ་བཅུར་འཇོག་པའི་རྒྱུ་མཚན། གཉེན་པོའི་ཁྱད་པར། རྣམ་པའི་ཁྱད་པར་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། ཤེས་པ་དེ་ལ་བཅུར་ཡོད་དེ། རང་བཞིན་ལས་ནི་ཀུན་རྫོབ་ཤེས་པ་དང་། གཉེན་པོ་ལས་ཆོས་ཤེས་རྗེས་ཤེས་དང་། རྣམ་པ་ལས་སྡུག་བསྔལ་དང་། ཀུན་འབྱུང་ཤེས་པ་དང་། རྣམ་པ་དང་སྤྱོད་ཡུལ་གཉིས་ཀ་ལས་འགོག་པ་དང་། ལམ་ཤེས་དང་། སྦྱོར་བ་ལས་ཕ་རོལ་གྱི་སེམས་ཤེས་དང་། བྱ་བ་བྱས་པ་ཉིད་ལས་ཟད་པ་ཤེས་པ་དང་། རྒྱུ་རྒྱས་པ་ལས་མི་སྐྱེ་བ་ཤེས་པ་རྣམས་ཡོད་


GLG014_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། གཉིས་པ་ནི། སྒོམ་པའི་ལམ་ལ་འགོག་པ་འམ་ལམ་ལ་ཆོས་ཤེས་པ་གང་ཡིན་པ་ཆོས་ཅན། ཁམས་གོང་ཁོ་ན་ལ་མ་དམིགས་ཏེ། འདོད་པ་དང་། གཟུགས་གཟུགས་མེད་ཀྱི་གཉེན་པོ་ཡིན་པའི་ཕྱིར། རྗེས་ཤེས་ཆོས་ཅན། ཁྱོད་ཀྱིས་འདོད་ཁམས་ཀྱི་གཉེན་པོ་བྱེད་པ་ཡོད་པ་མ་ཡིན་ཏེ། དེ་ལ་ཆགས་པ་དང་བྲལ་བའི་རྗེས་སུ་སྐྱེས་པའི་ཕྱིར། གསུམ་པ་ལ། ཤེས་པ་སོ་སོའི་རྣམ་པའི་ངོ་བོ། རྣམ་པའི་གྲངས་ངེས། དེ་དག་གི་ཁྱད་པར། ཆོས་གཞན་བཤད་པ་དང་བཞི། དང་པོ་ནི། ཆོས་ཤེས་པ་དང་རྗེས་སུ་ཤེས་པ་ཆོས་ཅན། རྣམ་པ་ཁྱད་པར་ཅན་དང་ལྡན་པ་ཡིན་ཏེ། མི་རྟག་སོགས་རྣམ་པ་བཅུ་དྲུག་གི་རྣམ་པ་ཅན་ཡིན་པའི་ཕྱིར། ཀུན་རྫོབ་ཤེས་པ་ནི་ཆོས་ཅན། རྣམ་པ་གཉིས་དང་ལྡན་ཏེ། སྔོན་མ་དེ་བཞིན་དུ་དམིགས་ལ། དེ་ལས་གཞན་དུ་ཡང་ཆོས་རྣམས་ཀྱི་རང་སྤྱིའི་རྣམ་པ་ལ་དམིགས་པའི་ཕྱིར། བདེན་པ་བཞི་ཤེས་པ་ཆོས་ཅན། རྣམ་པ་ཁྱད་པར་ཅན་དང་ལྡན་ཏེ། རང་རང་གི་བདེན་པའི་རྣམ་པ་བཞི་བཞི་ལ་དམིགས་པའི་ཕྱིར། བདེན་པའི་རྣམ་པ་བཞི་བཞི་ཡོད་དེ། སྡུག་བདེན་ལ་མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི་སོགས་ཡོད་པའི་ཕྱིར། ཕ་རོལ་ཡིད་ཤེས་དྲི་མེད་ཀྱང་ཆོས་ཅན། ལྡན་ཏེ། སྔ་མ་དེ་བཞིན་དུ་ལམ་གྱི་བདེན་པའི་རྣམ་པ་ལ་དམིགས་པའི་ཕྱིར། ཕ་རོལ་སེམས་ཤེས་དྲི་མ་དང་བཅས་པ་ནི་ཆོས་ཅན། རྣམ་པ་ཁྱད་པར་ཅན་དང་ལྡན་ཏེ། སེམས་སེམས་བྱུང་ལ་སོགས་པའི་ཤེས་བྱ་རང་རང་གི་མཚན་ཉིད་ལ་དམིགས་པའི་ཕྱིར། དེར་ཐལ། སེམས་སེམས་བྱུང་གི་རྫས་རེ་རེ་ཞིག་ཁོ་ན་སྤྱོད་ཡུལ་དུ་བྱེད་པའི་ཕྱིར། ཤེས་པ་དེ་དག་གི་ལྷག་མ་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཆོས་ཅན། རྣམ་པ་བཅུ་བཞི་ལ་དམིགས་པ་ཅན་ཡིན་ཏེ། སྟོང་པ་དང་བདག་མེད་པ་མ་གཏོགས་པ་ལ་དམིགས་པའི་ཕྱིར། གཉིས་པ་ནི། ཁ་ཆེ་བྱེ་བྲག་སྨྲ་བ་རྣམས་ནི་བདེན་པའི་རྣམ་པ་དྲི་མ་མེད་པ་དེ་ལ་བཅུ་དྲུག་ཏུ་


GLG014_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ངེས་ཏེ། གཞན་ཟག་མེད་ཀྱི་རྣམ་པ་མེད་པའི་ཕྱིར། དེ་ལས་གཞན་ཉི་འོག་པ་ན་རེ། རང་གི་མཚན་ཉིད་ཀྱི་རྣམ་པ་ཡོད་ཅེས་སྨྲ་སྟེ། བསྟན་བཅོས་ལས་རིགས་པས་སྐྱེ་བའི་སྒོ་ནས་མི་རྟག་པ་ལ་སོགས་པ་ཤེས་པ་འདི་ནི་གནས་ཡོད་དོ། འདི་ནི་གཞི་ཡོད་དོ། ཞེས་འབྱུང་བས། སྔ་མ་མཚན་ཉིད་དང་། ཕྱི་མ་རྒྱུ་སྟེ། དེ་ལྟ་བུའི་རྣམ་པ་ཡོད་པའི་ཕྱིར་ཟེར་རོ། །བདེན་པའི་རྣམ་པ་དེ་ལ་རྫས་སུ་ནི་རྣམ་པ་བཅུ་དྲུག་ཡོད་དེ། དེ་དག་ཤེས་རབ་ཀྱིས་སོ་སོར་མངོན་དུ་བྱེད་དགོས་པའི་ཕྱིར། གསུམ་པ་ནི། རྣམ་པ་འཛིན་པར་བྱེད་པ་ཡོད་དེ། ཤེས་རབ་དང་བཅས་པའི་བློ་དམིགས་པ་དང་བཅས་པས་འཛིན་པར་བྱེད་པའི་ཕྱིར། གཟུང་བྱ་ཡོད་དེ། ཤེས་བྱ་གཞི་ལྔ་ཐམས་ཅད་ཤེས་རབ་ཀྱིས་གཟུང་བར་བྱ་བ་ཡིན་པའི་ཕྱིར། བཞི་པ་ལ། ངོ་བོ། རྟེན་གྱི་ཁྱད་པར། དྲན་པ་ཉེར་གཞག་གི་ཁྱད་པར། དམིགས་པའི་ཁྱད་པར་དང་བཞི་ལས། དང་པོ་ནི། ཀུན་རྫོབ་ཤེས་པ་ཆོས་ཅན། རྣམ་པ་གསུམ་ཡོད་དེ། དགེ་མི་དགེ་ལུང་མ་བསྟན་གསུམ་དུ་ཡོད་པའི་ཕྱིར། གཞན་དགུ་པོ་རྣམས་ཆོས་ཅན། མི་དགེ་བ་དང་ལུང་མ་བསྟན་གཉིས་མེད་དེ། དགེ་བ་ཁོ་ན་ཡོད་པའི་ཕྱིར། །གཉིས་པ་ལ། སེམས་ཀྱི་རྟེན་དང་། ལུས་ཀྱི་རྟེན་གཉིས། དང་པོ་ནི། དང་པོ་ཀུན་རྫོབ་ཤེས་པ་ཆོས་ཅན། ས་ཁྱད་པར་དང་ལྡན་ཏེ། ས་རྣམས་ཐམས་ཅད་ན་ཡོད་པའི་ཕྱིར། ས་དྲུག་ན་ཡོད་དེ། བསམ་གཏན་ས་དྲུག་ན་ཡོད་པའི་ཕྱིར། རྗེས་ཤེས་བྱ་བ་ཆོས་ཅན། ས་ལ་བརྟེན་ཚུལ་ཡོད་དེ། ཟག་མེད་ས་དགུ་ན་ཡོད་པའི་ཕྱིར། དེ་བཞིན་དུ་བདེན་བཞི་ཤེས་པ་དང་། ཟད་མི་སྐྱེ་ཤེས་པ་སྟེ་དྲུག་པོ་ཡང་ཆོས་ཅན། ཡོད་དེ། དགུ་ན་ཡོད་པའི་ཕྱིར། གཞན་ཡིད་ཤེས་པ་ཆོས་ཅན། ཡོད་དེ། བསམ་གཏན་བཞི་ཁོ་ན་ན་ཡོད་པའི་ཕྱིར། །གཉིས་པ་ནི། སེམས་ཤེས་པ་དེ་ནི་ཆོས་ཅན། རྟེན་ཡོད་དེ། འདོད་པ་དང་གཟུགས་ཀྱི་རྟེན་ཅན་ཡིན་པའི་ཕྱིར། ཆོས་ཤེས་པ་ཞེས་བྱ་བ་ཆོས་ཅན།


GLG014_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། འདོད་པའི་རྟེན་ཅན་ཡིན་པའི་ཕྱིར། དེ་གཉིས་ལས། ཤེས་པ་གཞན་བརྒྱད་ཆོས་ཅན། ཡོད་དེ། ཁམས་གསུམ་པའི་རྟེན་ཅན་ཡིན་པའི་ཕྱིར། །གསུམ་པ་ནི། འགོག་པ་ཤེས་པའི་བློ་ཆོས་ཅན། དྲན་པ་ཉེར་གཞག་དང་བཅས་ཏེ། ཆོས་དྲན་པ་ཉེར་གཞག་གཅིག་པུ་ཡོད་པའི་ཕྱིར། ཕ་རོལ་སེམས་ཤེས་པའི་བློ་ནི་ཆོས་ཅན། དེ་ལྟར་བཅས་ཏེ། ལུས་མ་གཏོགས་པའི་དྲན་པ་ཉེར་གཞག་གསུམ་ཡོད་པའི་ཕྱིར། ལྷག་མ་བརྒྱད་ཆོས་ཅན། དྲན་པ་ཉེར་གཞག་དང་བཅས་ཏེ། དེ་བཞི་ག་ཡོད་པའི་ཕྱིར། །བཞི་པ་ལ། ཤེས་པ་ནང་ཕན་ཚུན་ཡུལ་དུ་གྱུར་པའི་ཚུལ། ཆོས་བཅུ་དང་ཡུལ་ཡུལ་ཅན་དུ་སྦྱར་བ། ཆོས་གང་རིག་པའི་ཚུལ་དང་གསུམ། དང་པོ་ནི། ཆོས་བློ་ཆོས་ཅན། ཁྱོད་ཀྱི་སྤྱོད་ཡུལ་དུ་ཤེས་པ་དགུ་ཡོད་དེ། རྗེས་ཤེས་མ་གཏོགས་ཡོད་པའི་ཕྱིར། ལམ་ཤེས་པ་དང་རྗེས་ཤེས་བློའི་སྤྱོད་ཡུལ་དུ་ཤེས་པ་དགུ་ཡོད་དེ། སྔ་མ་ལ་ཀུན་རྫོབ་ཤེས་པ་མ་གཏོགས་པ་དང་། ཕྱི་མ་ལ་ཆོས་ཤེས་མ་གཏོགས་ཡོད་པའི་ཕྱིར། སྡུག་བསྔལ་དང་རྒྱུ་ཀུན་འབྱུང་ཤེས་པའི་བློའི་ཡུལ་ཆོས་ཅན། གཉིས་ཡོད་དེ། ཀུན་རྫོབ་དང་སེམས་ཤེས་པ་ཟག་བཅས་གཉིས་ཡོད་པའི་ཕྱིར། ཀུན་རྫོབ་དང་། སེམས་དང་། ཟད་མི་སྐྱེ་ཤེས་པ་བཞིའི་དམིགས་པ་བཅུ་ཡིན་ཞིང་། འགོག་ཤེས་གཅིག་པུ་དམིགས་པ་ནི་ཤེས་པ་མིན་ཏེ། དེས་འགོག་པ་ཁོ་ན་ཡུལ་དུ་བྱེད་པའི་ཕྱིར། །གཉིས་པ་ནི། ཤེས་པ་བཅུ་དང་ཆོས་བཅུ་དག་ནི་ཆོས་ཅན། སྦྱོར་ཚུལ་ཡོད་དེ། ཡུལ་ཡུལ་ཅན་དུ་སྦྱར་བར་བྱ་བ་ཡིན་པའི་ཕྱིར།གསུམ་པ་ནི། ཆོས་བཅུ་ཡོད་དེ། ཁམས་གསུམ་པའི་ཆོས་དང་། དྲི་མ་མེད་པའི་ཆོས་བཞི་ལ་མཚུངས་ལྡན་ཡིན་མིན་གཉིས་སུ་ཕྱེ་བས་བརྒྱད། འདུས་མ་བྱས་རྣམས་ལ་དགེ་བ་དང་ལུང་མ་བསྟན་གཉིས་སུ་ཕྱེ་བས་དེ་ལྟར་ཡོད་པའི་ཕྱིར། གསུམ་པ་ནི། ཀུན་རྫོབ་ཤེས་པ་གཅིག་པུ་རང་གི་ངོ་བོ་དང་ཚོགས་རྣམས་མི་འཛིན་ཏེ། རང་ཉིད་ལ་བྱེད་པ་འགལ་བའི་ཕྱིར་དང་ཤིན་ཏུ་ཉེ་
བའི་ཕྱིར། དེ་ལས་གཞན་པའི་ཆོས་རྣམས་ནི་དེས་རིག་ཅིང་རིག་ཚུལ་ཡོད་དེ། བདག་མེད་པ་ཉིད་དོ་ཞེས་རིག་པར་འགྱུར་བའི་ཕྱིར། གཉིས་པ་ལྡན་ཚུལ་ནི། ཟག་མེད་སྐད་ཅིག་དང་པོ་ལ་གནས་པའི་འཕགས་པ་ཆགས་ཅན་སྡུག་བསྔལ་ཆོས་བཟོད་པ་ནི་ཤེས་པ་གཅིག་དང་ལྡན་ཏེ་ཀུན་རྫོབ་ཤེས་པ་གཅིག་པུ་ཁོ་ན་དང་ལྡན་པའི་ཕྱིར། གཉིས་པ་སྡུག་བསྔལ་ཆོས་ཤེས་ཀྱི་བཟོད་པ་ལ་ནི་ཆོས་ཅན། ཤེས་པ་གསུམ་དང་ལྡན་ཏེ། ཀུན་རྫོབ། ཆོས། སྡུག་བསྔལ་ཤེས་པ་དང་ལྡན་པའི་ཕྱིར། དེ་ཡན་ཆད་ཀྱི་ཤེས་པ་ནི་ཆོས་ཅན། ལྡན་ཚུལ་ཡོད་དེ། སྐད་ཅིག་མ་བཞི་ག་ལ་རེ་རེ་འཕོས་པ་དང་ལྡན་པའི་ཕྱིར།

འཐོབ་ཚུལ་བཤད་པ།


GLG014_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་འཐོབ་ཚུལ་ལ། མཐོང་ལམ་འཐོབ་ཚུལ། ལམ་གཞན་འཐོབ་ཚུལ། ཤེས་པ་གཞན་འཐོབ་ཚུལ་དང་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། འཐོབ་ཚུལ་ཡོད་དེ། མཐོང་ལམ་ལ་བཟོད་པ་བརྒྱད། ཤེས་པ་བདུན་ཇི་ལྟར་སྐྱེས་པ་རྣམས་དང་། རྣམ་པ་འདྲ་བའི་མ་འོངས་པ་ཁོ་ན་ཐོབ་པར་འགྱུར་བའི་ཕྱིར། དེར་མ་ཟད་མཐོང་ལམ་དེ་ཉིད་ལ་ལམ་མ་གཏོགས་པའི་རྗེས་ཤེས་གསུམ་ནི་ཀུན་རྫོབ་ཤེས་པ་ཉིད་ཀྱང་ཐོབ་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་མངོན་རྟོགས་མཐའ་ལས་བྱུང་བའི་ཤེས་པ་ཞེས་བྱ་སྟེ། བདེན་པ་རེ་རེ་མངོན་པར་རྟོགས་པའི་རྗེས་ལ་ཐོབ་པའི་ཤེས་པ་ཡིན་པ་དེའི་ཕྱིར། མཐའ་ལས་བྱུང་བའི་ཤེས་པ་དེ་ནི་ཆོས་ཅན། མི་སྐྱེ་བའི་ཆོས་ཅན་ཞེས་བྱ་སྟེ། སྙེད་པ་ལས་ཐོབ་པ་ཙམ་སྐྱེས་པའི་ཕྱིར། མཐོང་ལམ་གྱི་ས་དུ་མའི་ཀུན་རྫོབ་ཤེས་པ་འཐོབ་སྟེ། རང་ས་དང་འོག་སའི་ཀུན་རྫོབ་ཤེས་པ་འཐོབ་པའི་ཕྱིར། དེ་དག་དྲན་པ་ཉེར་གཞག་དང་གཅིག་ཡིན་ཞེ་ན། འགོག་པ་ཤེས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་ནི་ཆོས་དྲན་པ་ཉེར་བཞག་དང་། གཞན་གཉིས་དྲན་པ་ཉེར་བཞག་བཞི་གང་ཡིན་ལ་དེ་གསུམ་གའི་རྣམ་པ་དང་དམིགས་པ་ཡོད་དེ། དེ་གསུམ་རང་སའི་བདེན་པ་གང་མངོན་པར་རྟོགས་པས་ཐོབ་


GLG014_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེན་པ་དེའི་རྣམ་པ་དང་དམིགས་པ་ཅན་ཡིན་པའི་ཕྱིར། དེ་ཆོས་ཅན། སྐྱེས་ཐོབ་མ་ཡིན་ཏེ། འབད་པའི་སྦྱོར་བ་ལས་བྱུང་བའི་ཕྱིར། གཉིས་པ་ནི། འདོད་པའི་ཆགས་པ་དང་བཅས་པའི་བཅུ་དྲུག་པ་ལམ་རྗེས་ཤེས་ཆོས་ཅན། ཤེས་པ་དྲུག་མ་འོངས་པ་འཐོབ་སྟེ། ཆོས་ཤེས་དང་། རྗེས་ཤེས། བདེན་བཞི་ཤེས་པ་མ་འོངས་པ་འཐོབ་པའི་ཕྱིར། འདོད་པ་ལ་ཆགས་པ་དང་བྲལ་བ་དག་ཆོས་ཅན། ཤེས་པ་བདུན་འཐོབ་སྟེ། སྔ་མ་དྲུག་གི་སྟེང་དུ་སེམས་ཤེས་པ་འཐོབ་པའི་ཕྱིར། བཅུ་དྲུག་པོ་དེའི་གོང་མ་འདོད་པའི་ཆགས་བཅས་བར་ཆད་མེད་ལམ་དགུ་པ་ཡན་ཆད་ཀྱི་སྒོམ་པའི་ལམ་ལ་ཆོས་ཅན། ཤེས་པ་བདུན་འཐོབ་སྟེ། སེམས་ཤེས་པ་དང་། ཟད་མི་སྐྱེ་ཤེས་པ་གསུམ་མ་གཏོགས་པ་འཐོབ་པའི་ཕྱིར། བསམ་གཏན་བཞི་དང་། གཟུགས་མེད་དང་པོ་གསུམ་གྱི་ས་སྟེ་བདུན་ལས་འདོད་ཆགས་དང་བྲལ་ཞིང་རྒྱལ་བའི་སློབ་ལམ་མངོན་ཤེས་ལྔ་དང་། རྟོགས་པའི་སྐལ་པ་ཅན་མི་གཡོ་བ་འཐོབ་པའི་བར་ཆད་མེད་ལམ་དང་། བསམ་གཏན་སྤེལ་ཏེ་སྒོམ་པའི་བར་ཆད་མེད་ལམ་དག་ལ་ཤེས་པ་བདུན་འཐོབ་པ་དང་། ས་བདུན་གྱི་གོང་མ་སྲིད་རྩེ་ལས་འདོད་ཆགས་དང་བྲལ་བའི་གྲོལ་བའི་ལམ་དང་པོ་བརྒྱད་ལའང་བདུན་འཐོབ་སྟེ། ཆོས་ཤེས་རྗེས་ཤེས་བདེན་བཞི་ཤེས་པ་སེམས་ཤེས་རྣམས་འཐོབ་པའི་ཕྱིར། སློབ་པ་ཆགས་བཅས་དབང་པོ་སྦྱོང་བའི་གྲོལ་བའི་ལམ་ལ་ཤེས་པ་དྲུག་དང་། ཆགས་བྲལ་ལ་ཕ་རོལ་སེམས་ཤེས་བསྣན་ཏེ་བདུན་འཐོབ་སྟེ། དང་པོས་ཆོས་ཤེས་རྗེས་ཤེས་བདེན་བཞི་ཤེས་པ་རྣམས་འཐོབ། ཕྱི་མས་སེམས་ཤེས་ཀྱང་འཐོབ་པའི་ཕྱིར་འམ་ཞེས་སྨོས་པ་ལ་དགོས་པ་ཡོད་དེ། ཁ་ཅིག་དེ་གཉིས་ཀས་ཀུན་རྫོབ་ཤེས་པའང་འཐོབ་བོ་ཞེས་ཟེར་བའི་ལུགས་ཐ་དད་པ་བསྡུ་བའི་ཆེད་ཡིན་པའི་ཕྱིར། །སློབ་པ་དབང་པོ་སྤོང་བའི་བར་ཆད་མེད་ལམ་འཐོབ་ཚུལ་ཡོད་དེ། སྔ་མ་ལྟར་དྲུག་འཐོབ་པའི་ཕྱིར། དེ་བཞིན་དུ་གཞན་ཡང་ཡོད་དེ། སྲིད་རྩེའི་འདོད་ཆགས་ལས་རྣམ་པར་


GLG014_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་བར་ཆད་མེད་ལམ་ལའང་སྔར་ལྟར་འཐོབ་པའི་ཕྱིར། སྲིད་རྩེ་ལས་འདོད་ཆགས་དང་བྲལ་བ་རྣམ་གྲོལ་ལམ་དགུ་པ་ཟད་པ་ཤེས་པ་ལ་ཆོས་ཅན། ཤེས་པ་དགུ་འཐོབ་སྟེ། མི་སྐྱེ་བ་ཤེས་པ་མ་གཏོགས་འཐོབ་པའི་ཕྱིར། མི་གཡོ་བ་ཤེས་པས་ནི་ཆོས་ཅན། ཤེས་པ་ཐམས་ཅད་འཐོབ་སྟེ། ཤེས་པ་བཅུ་ག་འཐོབ་པའི་ཕྱིར། མི་གཡོ་བ་དེར་འཕོ་བའི་གྲོལ་བའི་ལམ་ཐ་མའང་ཆོས་ཅན། རྟགས་གསལ་སྔར་ལྟར། བཤད་པའི་ལྷག་མ་རྣམས་ལ་ཟད་མི་སྐྱེ་ཤེས་པ་མ་གཏོགས་བརྒྱད་མ་འོངས་པ་འཐོབ་སྟེ། འདོད་པ་ལ་ཆགས་བྲལ་གྱི་ལམ་དགུ་དང་། ས་བདུན་ལས་འདོད་ཆགས་དང་བྲལ་བ་དང་། མངོན་ཤེས་དང་པོ་གསུམ་དང་། སྤེལ་སྒོམ་གྱི་རྣམ་གྲོལ་ལམ་དང་། མི་གཡོ་བ་རྟོགས་བྱེད་རྣམ་གྲོལ་ལམ་དང་པོ་བརྒྱད། འདོད་ཆགས་བྲལ་བའི་སྦྱོར་བ་དང་། ཁྱད་པར་གྱི་ལམ་ཐམས་ཅད་ལ་དེ་ལྟར་འཐོབ་པའི་ཕྱིར།གསུམ་པ་ཤེས་པ་གཞན་འཐོབ་ཚུལ་ནི། ས་གང་ལས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་དུ་ལམ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་གང་ཟག་གང་གིས་ཐོབ་པ་དེར་ཡང་ས་ཁོ་ན་འཐོབ་པར་མ་ཟད་དེ། འོག་མའི་ཟག་མེད་ཀྱི་ཤེས་པའང་འཐོབ་པའི་ཕྱིར། ཟད་པ་ཤེས་པ་ཆོས་ཅན། ཟག་མེད་ཙམ་འཐོབ་པ་མ་ཡིན་ཏེ། ཟག་བཅས་མི་སྡུག་པ་སོགས་དང་དྲན་པ་ཉེར་གཞག་སོགས་ཀྱང་འཐོབ་པའི་ཕྱིར། འཐོབ་ཚུལ་ཡོད་དེ། ས་ཀུན་གྱི་སྔོན་མེད་ཀྱི་རྙེད་པ་འཐོབ་ཀྱི། རྙེད་ཟིན་པ་མ་འཐོབ་པའི་ཕྱིར། འཐོབ་པ་ཆོས་ཅན། ཁྱོད་ལ་བཞི་ཡོད་དེ། རྙེད་པ། བསྟེན་པ། གཉེན་པོ། ཐག་བསྲིང་བའི་འཐོབ་པ་དང་བཞི་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྔར་མེད་གསར་དུ་རྙེད་པ་དེ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། དེ་སྐད་ཅིག་གཉིས་པ་ཕན་ཆད་དང་ལྡན་པའི་ཕྱིར། གསུམ་པ་ཡོད་དེ། སྤང་བྱ་སྤོང་བཞིན་པའི་གནས་སྐབས་ཀྱི་ཐོབ་པ་དེ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། སྤང་བྱ་ལས་གྲོལ་བའི་གནས་སྐབས་ཀྱི་ཐོབ་པ་
དེ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། བཞི་པོའི་ཁྱད་པར་ཡོད་དེ། སྔོན་མ་གཉིས་ནི་དགེ་བ་འདུས་བྱས་ཀྱི་ཐོབ་པ་ཡིན་ལ། ཕྱི་མ་གཉིས་ནི་ཟག་པ་དང་བཅས་པའི་ཆོས་ཀྱི་ཐོབ་པ་ཡིན་པའི་ཕྱིར། སྨྲས་པ། འདིར་ན་ཐབས་མཁས་རྩི་ཡི་བྱེད་པོ་ཡིས། །ལྕགས་ཀུན་གསེར་དུ་སྒྱུར་བ་ཇི་བཞིན་དུ། །བླང་དང་དོར་བྱའི་ཚུལ་ལ་མ་རྨོངས་ན། །སོ་སོ་སྐྱེ་བོ་དགྲ་བཅོམ་པ་ལ་དབང་། །གང་ཞིག་ཐོབ་ན་འཁོར་བའི་དུཿཁ་ལས། །འཇིགས་བྲལ་ཐེག་པ་གསུམ་གྱི་མི་སློབ་པ། །ཡོད་ཀྱང་སྐྱོན་ཟད་ཡོན་ཏན་ཀུན་ལྡན་པ། །སངས་རྒྱས་ཉག་གཅིག་ཡིན་ཕྱིར་དེ་ཉིད་མཆོག །མ་འདྲེས་ཆོས་དང་སྟོབས་བཅུ་མི་འཇིགས་སོགས། །རྒྱལ་བའི་ཡོན་ཏན་མ་ལུས་འདིར་བཤད་ཚེ། །སྙན་འགྱུར་དྲི་ཟའི་རྒྱུད་ཀྱི་པི་ཝང་ཡང་། །བརྗོད་བྱའི་དོན་གྱིས་སྟོང་ཕྱིར་གུས་པ་ལྷོད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

ཁྱད་པར་གྱི་ཆོས་བཤད་པ།


GLG014_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཁྱད་པར་གྱི་ཆོས་ལ། ཐུན་མོང་མ་ཡིན་པའི་ཡོན་ཏན་དང་། ཐུན་མོང་གི་ཡོན་ཏན་གཉིས། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་གསུམ། དང་པོ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཆོས་ཅན། བཅོ་བརྒྱད་དུ་ཡོད་དེ། སྟོབས་བཅུ་དང་། ལ་སོགས་མི་འཇིགས་པ་བཞི། དྲན་པ་ཉེ་བར་གཞག་པ་གསུམ། ཐུགས་རྗེ་ཆེན་པོ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ། མཁྱེན་པའི་སྟོབས་དང་། སྐུའི་སྟོབས་གཉིས། དང་པོ་ལ། སོ་སོའི་ངོ་བོ་དང་། གང་ལ་བརྟེན་ནས་འཐོབ་ཚུལ། སྒྲ་བཤད་པ་དང་གསུམ། དང་པོ་ནི། གནས་དང་གནས་མིན་པ་མཁྱེན་པའི་སྟོབས་ནི་ཆོས་ཅན། ཤེས་པ་དང་བཅས་ཏེ། ཁྱོད་ལ་ཤེས་པ་བཅུ་ཆར་ཡོད་པའི་ཕྱིར། ལས་དང་ལས་ཀྱི་འབྲས་བུ་རྣམ་སྨིན་མཁྱེན་པའི་སྟོབས་དེ་དགུ་ཆོས་ཅན། ཁྱོད་ལ་ཤེས་པ་བརྒྱད་ཡོད་དེ། ཁྱོད་ལ་འགོག་ལམ་ཤེས་པ་གཉིས་མ་གཏོགས་དེ་རྣམས་ཡོད་པའི་ཕྱིར། བསམ་གཏན་རྣམ་ཐར་སོགས་མཁྱེན་པ་དང་། དབང་པོ་དང་། མོས་པ་དང་། ཁམས་མཁྱེན་པའི་སྟོབས་རྣམས་ལ་ནི་ཆོས་ཅན། དགུ་ཡོད་དེ། འགོག་ཤེས་མ་གཏོགས་དེ་དགུ་


GLG014_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་ཕྱིར། ཀུན་འགྲོའི་ལམ་ཉེ་ཚེ་མཁྱེན་པའི་སྟོབས་དང་འབྲས་བུ་དང་བཅས་པ་དང་མཁྱེན་པ་ཆོས་ཅན། དེ་ཡོད་དེ། ཤེས་པ་དགུ་འམ་བཅུ་གའི་ངོ་བོ་ལས་སྐྱེས་པ་ཡིན་པའི་ཕྱིར། སྔོན་གནས་མཁྱེན་པ་དང་། འཆི་འཕོ་བ་དང་། སྐྱེ་བ་མཁྱེན་པའི་སྟོབས་ཆོས་ཅན། མཐའ་གཅིག་ཏུ་ངེས་ཏེ། ཀུན་རྫོབ་ཤེས་པ་ཁོ་ན་ཡིན་པའི་ཕྱིར། ཟག་པ་ཟད་པ། ངོ་བོ་མཁྱེན་པ་ནི་ཆོས་ཅན། ཤེས་པ་དྲུག་གི་ངོ་བོར་སྐྱེ་སྟེ། ཆོས་ཤེས། རྗེས་ཤེས། ཟད་མི་སྐྱེ་ཤེས་པ་གཉིས། འགོག་པ་ཤེས་པ། ཀུན་རྫོབ་ཤེས་པ་རྣམས་ཀྱི་ངོ་བོར་སྐྱེ་བའི་ཕྱིར། ཟད་ཤེས་ཟག་ཟད་ཀྱི་རྒྱུད་ལ་ཡོད་པའི་དབང་དུ་བྱས་ན་བཅུ་ཡོད་དེ། ཤེས་པ་བཅུ་གའི་ངོ་བོར་སྐྱེ་བའི་ཕྱིར། གཉིས་པ་ནི། སྔོན་གནས་དང་འཆི་འཕོ་བ་སྐྱེ་བ་མཁྱེན་པའི་སྟོབས་ཆོས་ཅན། ས་ལ་བརྟེན་ཏེ། བསམ་གཏན་བཞི་པོའི་དངོས་གཞིའི་ས་དག་ལ་བརྟེན་ཅིང་ཡོད་པའི་ཕྱིར། ལྷག་མ་བརྒྱད་ནི་ཆོས་ཅན། ས་ལ་བརྟེན་ཏེ། ཉེར་བསྡོགས་ཕྱི་མ་བདུན་མ་གཏོགས་འདོད་པ་ལ་སོགས་པ་བཅུ་གཅིག་པོ་རྣམས་ཀུན་ན་ཡོད་པའི་ཕྱིར། གསུམ་པ་ནི། ཅིའི་ཕྱིར་འདི་དག་ལ་སྟོབས་ཞེས་བྱ་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། གང་གི་ཕྱིར་ཆོས་ཐམས་ཅད་ལ་ཐོགས་པ་མི་མངའ་བའི་ཕྱིར། གཉིས་པ་སྐུའི་སྟོབས་ནི། ཤེས་བྱ་ཆོས་ཅན། བྱེ་སྨྲ་བའི་འདོད་ཚུལ་ཡོད་དེ། སྐུ་ལ་སྲེད་མེད་ཀྱི་བུའི་སྟོབས་ཡོད་པའི་ཕྱིར། མདོ་སྡེ་པའི་འདོད་ཚུལ་ཡོད་དེ། ཚད་གཟུང་བར་མི་ནུས་པར་འདོད་པའི་ཕྱིར། གཞན་དག་གི་འདོད་པ་ཡོད་དེ། སྐུ་ལ་སྲེད་མེད་ཀྱི་བུའི་སྟོབས་ཡོད་པའི་ཕྱིར། སྲེད་མེད་ཀྱི་བུའི་སྟོབས་ཡོད་དེ། གླང་པོ་ཆེ་ཕལ་པ་དང་། སྤོས་གླང་དང་། ཚན་པོ་ཆེ་དང་། རབ་གནོན་དང་། ཡན་ལག་མཆོག་དང་། སྟོབས་མཆོག་དང་། སྲེད་མེད་བུ་དང་བདུན་པོ་རིམ་བཞིན་བཅུས་བླགས་པས་སྟོབས་ཆེ་བའི་ཕྱིར། སྟོབས་དེ་ནི་རེག་བྱའི་སྐྱེ་མཆེད་ཡིན་ཏེ། དེ་འབྱུང་བའི་ཁྱད་པར་ཅན་ཡིན་པའི་ཕྱིར། མི་


GLG014_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་ནི་ཆོས་ཅན། རྣམ་པ་བཞི་ཡོད་དེ། རང་དོན་རྟོགས་པ་ཕུན་ཚོགས། རང་དོན་སྤངས་པ་ཕུན་ཚོགས། གཞན་དོན་བར་ཆད་ཀྱི་ཆོས་སུ་དམ་བཅས་པ། གཞན་དོན་ངེས་འབྱུང་གི་ལམ་དུ་དམ་བཅས་པ་ལ་མི་འཇིགས་པ་བཞི་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཇི་ལྟར་སྟོབས་དང་པོ་གནས་དང་གནས་མིན་པ་མཁྱེན་པའི་སྟོབས་དང་འདྲ་བར་ཤེས་པ་བཅུ་གའི་ངོ་བོར་སྐྱེ་བའི་ཕྱིར། གཉིས་པ་ཡོད་དེ། སྟོབས་བཅུ་པ་ཟག་པ་ཟད་པའི་སྟོབས་བཞིན་ཏེ་དེ་དང་ཚུལ་འདྲ་བར་ཟག་པ་ཟད་པར་རང་གི་ངོ་བོ་རིག་པའི་དབང་དུ་བྱས་ན་ཤེས་པ་དྲུག་གི་ངོ་བོར་སྐྱེ། འཁོར་བཅས་རིག་པའི་དབང་དུ་བྱས་ན་བཅུ་གའི་ངོ་བོར་སྐྱེ་བའི་ཕྱིར། གསུམ་པ་ཡོད་དེ། སྟོབས་གཉིས་པ་ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས་དང་འདྲ་བར་འགོག་ལམ་ཤེས་པ་མ་གཏོགས་པ་ཤེས་པ་བརྒྱད་ཀྱི་ངོ་བོར་སྐྱེ་བའི་ཕྱིར། བཞི་པ་ཡོད་དེ། བདུན་པ། ལམ་མཁྱེན་པའི་སྟོབས་ལྟར་ཤེས་པ་བཅུ་གའི་ངོ་བོར་སྐྱེ་བའི་ཕྱིར། གཉེན་པོ་དྲན་པ་དང་བླང་དོར་ཤེས་པའི་ཤེས་བཞིན་གྱི་བདག་ཉིད་ཅན་གྱི་དྲན་པ་ཉེར་གཞག་ཆོས་ཅན། གསུམ་ཡོད་དེ། ཆོས་གུས་པས་ཉན་པ་ལ་འདོད་ཆགས་ཀྱིས་དབེན། ཆོས་མ་གུས་པས་ཉན་པ་ལ་ཞེ་སྡང་གིས་དབེན། གུས་མ་གུས་གཉིས་ཀས་ཉན་པ་ལ་ཆགས་སྡང་གིས་དབེན་པའི་ཕྱིར། ཐུགས་རྗེ་ཆེན་པོ་ནི་ཆོས་ཅན། ཁྱོད་ཀྱི་ངོ་བོ་ཡོད་དེ། ཀུན་རྫོབ་བློ་ཡེ་ཤེས་པའི་བློའི་བདག་ཉིད་ཡིན་པའི་ཕྱིར། དེ་ཆོས་ཅན། དེ་སྐད་ཅེས་བྱ་སྟེ། ཚོགས་ཆེ་བ། རྣམ་པ་ཆེ་བ། སྤྱོད་ཡུལ་ཆེ་བ། མཉམ་པ་ཆེ་བ། ཆེས་ཆེ་བ་དང་ལྔ་ཡོད་པའི་ཕྱིར། སྙིང་རྗེ་དང་ཐུགས་རྗེ་ཆེན་པོ་ལ་ཐ་དད་དུ་བྱ་བ་རྣམ་པ་བརྒྱད་ཡོད་དེ། ཐུགས་རྗེ་ཆེན་པོ་ནི་གཏི་མུག་མེད་པ་ཁམས་གསུམ་གྱི་སེམས་ཅན་ལ་དམིགས་པ་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན། བསམ་གཏན་བཞི་པ་ལ་བརྟེན་པ། སངས་རྒྱས་ཁོ་ནའི་རྒྱུད་ལ་ཡོད་པ། སྲིད་རྩེ་ལས་ཆགས་བྲལ་གྱི་ཚུལ་གྱིས་འཐོབ་པ། ཁམས་གསུམ་གྱི་སྐྱོབ་པ་འཕྲིན་ལས་ཀུན་ལ་འཇུག་པ་ཡིན་ལ། སྙིང་རྗེ་ཆེན་པོ་ནི། ཞེ་སྡང་མེད་པ། འདོད་པའི་སེམས་
ཅན་ཙམ་ལ་དམིགས་པ། སྡུག་བསྔལ་གྱི་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན། བསམ་གཏན་བཞི་ལ་བརྟེན་པ་ཉན་ཐོས་ཀྱི་རྒྱུད་ལ་ཡོད་པ། འདོད་པ་ལ་འདོད་ཆགས་དང་བྲལ་བས་འཐོབ་པ། འདོད་ཁམས་ཀྱི་སེམས་ཅན་ཙམ་སྐྱོབ་པ། འཕྲིན་ལས་ཀྱང་དེ་ལ་འཇུག་པ་རྣམས་ཡིན་པའི་ཕྱིར། གསུམ་པ་དོན་བསྡུ་བ་ནི། སངས་རྒྱས་ཐམས་ཅད་མཉམ་པ་ཉིད་གསུམ་དང་ལྡན་ཏེ། རྒྱུ་ཚོགས་གཉིས་བསགས་པ། མཚན་ཉིད་ཆོས་སྐུ་ཐོབ་པ། ཕྲིན་ལས་འགྲོ་བའི་དོན་སྤྱོད་པ་ལ་མཉམ་ཉིད་ཡིན་པའི་ཕྱིར། སྐུ་ཚེ་དང་རིགས་དང་གདུང་དང་སྐུའི་བོངས་ཚོད་ཀྱི་སྒོ་ནས་མཉམ་པ་ནི་མིན་ཏེ། སྐུ་ཚེ་ལ་རིང་ཐུང་། རིགས་ལ་བྲམ་ཟེ་དང་རྒྱལ་རིགས། གདུང་ལ་འོད་སྲུངས་དང་ཤཱཀྱ་སོགས་སྐུ་བོངས་ལ་ཆེ་ཆུང་ཡོད་པའི་ཕྱིར།

ཐུན་མོང་གི་ཡོན་ཏན་བཤད་པ།


GLG014_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཐུན་མོང་གི་ཡོན་ཏན་བཤད་པ་ལ། མདོར་བསྟན་པ་རྒྱས་པར་བཤད་པ་གཉིས། དང་པོ་ནི། སངས་རྒྱས་ཀྱི་ཆོས་གཞན་ཐུན་མོང་བའི་ཡོན་ཏན་ལ་གཉིས་ཡོད་དེ། ཉོན་མོངས་མེད་པ་དང་སྨོན་ནས་ཤེས་པ་སོགས་སློབ་པ་ཉན་ཐོས་དང་ཐུན་མོང་བ་ཡོད་ལ། ཡོན་ཏན་ཁ་ཅིག་སོ་སོ་སྐྱེ་བོ་དང་ཐུན་མོང་བ་ཡོད་པའི་ཕྱིར། དེ་ཡོད་དེ། ཉོན་མོངས་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། མངོན་པར་ཤེས་པ་དང་། སོགས་པས་བསམ་གཏན་གཟུགས་མེད། རྣམ་ཐར་ཟིལ་གནོན་སོགས་ཡོད་པའི་ཕྱིར། གཉིས་པ་ལ། སློབ་པ་འཕགས་པ་དང་ཐུན་མོང་བའི་ཡོན་ཏན་བཤད། སོ་སོ་སྐྱེ་བོ་དང་ཐུན་མོང་བའི་ཡོན་ཏན་བཤད་པ་གཉིས། དང་པོ་ལ། ཉོན་མོངས་མེད་པའི་ཏིང་ངེ་འཛིན། སྨོན་ནས་མཁྱེན་པའི་ཏིང་ངེ་འཛིན། སོ་སོར་ཡང་དག་རིག་པ་ཞར་བྱུང་བསམ་གཏན་གྱི་རབ་མཐའ་ངོས་གཟུང་བ་དང་བཞི། དང་པོ་ནི། ཉོན་མོངས་མེད་པའི་ཏིང་ངེ་འཛིན་ཆོས་ཅན། ཤེས་པ་ཡིན་ཏེ། ཀུན་རྫོབ་ཤེས་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ས་ལ་བརྟེན་ཏེ། བསམ་


GLG014_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱི་ཡ་མཐའ་བཞི་པ་ཁོ་ན་ལ་བརྟེན་པའི་ཕྱིར། སྒོམ་པའི་རྟེན་ཡོད་དེ། མི་གཡོ་བ་ཁོ་ནས་སྒོམ་པའི་ཕྱིར། གསར་དུ་སྐྱེད་པའི་རྟེན་ཡོད་དེ། གླིང་གསུམ་གྱི་མིས་གསར་དུ་སྐྱེད་པའི་ཕྱིར། སྤྱོད་ཡུལ་ཡོད་དེ། འདོད་པའི་སར་གཏོགས་པའི་ཉོན་མོངས་པ་མ་སྐྱེས་སྟེ་མ་འོངས་པ་གཞིར་བཅས་ལ་དམིགས་པའི་ཁྱད་ཆོས་ཅན་ཡིན་པའི་ཕྱིར། གཉིས་པ་ནི། འདིར་ཤེས་པར་བྱའོ་སྙམ་དུ་སྨོན་ནས་ཤེས་པའང་ཉོན་མོངས་པ་མེད་པ་དེ་བཞིན་ནོ། །དེའི་དམིགས་པ་ཡོད་དེ། ཆོས་ཐམས་ཅད་ལ་དམིགས་པའི་ཕྱིར། གསུམ་པ་ནི། དེ་ཆོས་ཅན་ཁྱོད་ཀྱི་རྟེན་ཡོད་དེ། མི་གཡོ་བ་དང་མིའི་རྟེན་ལ་ཡོད་པའི་ཕྱིར། དབྱེ་ན་བཞི་ཡོད་དེ། ཆོས། དོན། ངེས་ཚིག །སྤོབས་པ་སོ་སོར་ཡང་དག་པར་རིག་པ་བཞི་ཡོད་པའི་ཕྱིར། ངོ་བོ་ཡོད་དེ། དང་པོ་གསུམ། གོ་རིམ་བཞིན་དུ། མིང་དང་། དོན་དང་། ངག་སོ་སོར་རིག་པ་དང་། བཞི་པ་ནི། རིག་པ་དང་ཐགས་ཐོགས་མེད་པར་མངོན་པར་བརྗོད་པ་ཉིད་ལམ་ཏིང་ངེ་འཛིན་ལ་དབང་བ་རིམ་པ་བཞིན་གསལ་བར་བྱ་བ་ཐོགས་པ་མེད་པར་ཤེས་པ་ཡིན་པའི་ཕྱིར། དེའི་དམིགས་པ་ཡོད་དེ། ངག་དང་ལམ་ལ་དམིགས་པའི་ཕྱིར། སྤོབས་པ་སོ་སོར་བ་ཆོས་ཅན། ཤེས་པ་དགུ་ཡོད་དེ། འགོག་ཤེས་མ་གཏོགས་དགུ་ཡོད་པའི་ཕྱིར། ཡང་དག་པའི་དོན་སོ་སོར་རིག་པ་ནི་ཆོས་ཅན། དོན་ཆོས་ཀུན་ཡིན་ན་ཤེས་པ་བཅུ་འམ་དོན་མྱང་འདས་ཡིན་ན་དྲུག་ཡོད་དེ་ཆོས་ཤེས་རྗེས་ཤེས་འགོག་ཤེས་ཟད་ཤེས་མི་སྐྱེ་ཤེས་པ་ཀུན་རྫོབ་ཤེས་པ་རྣམས་ཡོད་པའི་ཕྱིར། དོན་རིག་པ་དེ་ནི་ཆོས་ཅན། ས་ཀུན་ན་ཡོད་དེ། འདོད་པ་ནས་སྲིད་རྩེའི་བར་ན་ཡོད་པའི་ཕྱིར། དེ་ལས་གཞན་ཆོས་དང་ངེས་པའི་ཚིག་སོ་སོ་ཡང་དག་རིག་པ་ཆོས་ཅན། ཀུན་རྫོབ་ཤེས་པ་ཡོད་དེ། རིམ་པ་བཞིན་མིང་གི་ཚིག་དང་གང་ལ་དམིགས་པའི་ཕྱིར། ཆོས་སོ་སོར་ཡང་དག་རིག་པ་གཉིས་ཆོས་ཅན། ཡོད་དེ། དེ་འདོད་ཁམས་དང་བསམ་
གཏན་བཞི་ན་ཡོད་པའི་ཕྱིར། ངག་སོ་སོར་ཡང་དག་རིག་པ་ཆོས་ཅན། ཡོད་དེ། འདོད་པ་དང་བསམ་གཏན་དང་པོ་ན་ཡོད་པའི་ཕྱིར། བཞི་པོ་ཆོས་ཅན། ལྷན་ཅིག་ཏུ་འཐོབ་སྟེ། མ་ཚང་ན་གཞན་ཐོབ་པ་མེད་པའི་ཕྱིར། བཞི་པ་དང་། ཉོན་མོངས་མེད་པ་དང་། སྨོན་ནས་ཤེས་པ་པོ་དེ་དག་ནི་ཆོས་ཅན། ཐོབ་བྱེད་ཡོད་དེ། རབ་མཐའི་བསམ་གཏན་ལ་བརྟེན་ནས་འཐོབ་པའི་ཕྱིར། དེ་ནི་ཆོས་ཅན། རྣམ་པ་དྲུག་ཡོད་དེ། ཉོན་མོངས་མེད་པ་དང་། སྨོན་ནས་ཤེས་པའི་ཏིང་ངེ་འཛིན་དང་། ངག་མ་གཏོགས་སོ་སོར་ཡང་དག་རིག་པ་དང་། རབ་མཐའ་དེ་དེ་རྣམས་ཡོད་པའི་ཕྱིར། དེ་ནི་ཆོས་ཅན། རབ་མཐའ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ས་ཀུན་གྱིས་མཐུན་པར་བྱས་ཤིང་འཕེལ་བའི་རབ་ཏུ་ཕྱིན་པར་བྱ་བ་ཡིན་པའི་ཕྱིར། །ཡོན་ཏན་དེ་དག་ཀྱང་སངས་རྒྱས་ལས་གཞན་པའི་གང་ཟག་ལ་ནི་སྦྱོར་བའི་སྟོབས་ལས་སྐྱེས་པ་ཡིན་ཏེ། འབད་མེད་དུ་འགྲུབ་པ་མ་ཡིན་པའི་ཕྱིར།

སོ་སོའི་སྐྱེ་བོ་དང་ཐུན་མོང་གི་ཡོན་ཏན་བཤད་པ།


GLG014_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སོ་སོ་སྐྱེ་བོ་དང་ཐུན་མོང་གི་ཡོན་ཏན་བཤད་པ་ལ། མངོན་ཤེས་དྲུག་གི་ངོ་བོ་དང་། ཁྱད་པར་གྱི་ཆོས་གཉིས། དང་པོ་ནི། མངོན་ཤེས་ཆོས་ཅན། རྣམ་པ་དྲུག་ཡོད་དེ། རྫུ་འཕྲུལ་གྱི། ལྷའི་རྣ་བའི། གཞན་གྱི་ཡིད་ཤེས་པའི། སྔོན་གྱི་ཚེ་རབས་སམ་གནས་རྗེས་སུ་དྲན་པའི། འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་ཟག་པ་ཟད་པའི་མངོན་ཤེས་དང་དྲུག་ཡོད་པའི་ཕྱིར། དེ་དག་ཆོས་ཅན། ངོ་བོ་ཡོད་དེ། རྣམ་གྲོལ་གྱི་བློ་ཡིན་པའི་ཕྱིར། གསུམ་པ་དང་དྲུག་པ་མ་གཏོགས་པའི་བཞི་ནི་ཆོས་ཅན། ངོ་བོ་ཁྱད་པར་ཅན་དང་ལྡན་ཏེ། ཀུན་རྫོབ་ཤེས་པ་ཡིན་པའི་ཕྱིར། གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན། ལྔས་བསྡུས་ཏེ། ཆོས་ཤེས། རྗེས་ཤེས། ལམ་ཤེས། ཀུན་རྫོབ་ཤེས་པ། སེམས་ཤེས་ལྔས་བསྡུས་པའི་ཕྱིར། ཟག་པ་ཟད་པ་ཤེས་པའི་མངོན་ཤེས་ཆོས་ཅན། དྲུག་གམ་བཅུས་བསྡུས་ཏེ། ཟག་པ་


GLG014_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པའི་སྟོབས་ཞེས་པ་དེ་དང་མཚུངས་པའི་ཕྱིར། གཉིས་པ་ལ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། སའི་ཁྱད་པར། དྲན་པ་ཉེར་གཞག་གི་ཁྱད་པར། ངོ་བོའི་ཁྱད་པར། རིག་པའི་ཁྱད་པར། ཆོ་འཕྲུལ་གསུམ་གྱི་ཁྱད་པར་དང་ལྔ། དང་པོ་ནི། ཟག་ཟད་མ་གཏོགས་པའི་མངོན་ཤེས་ལྔ་ཆོས་ཅན། ས་ཁྱད་པར་ཅན་ལ་བརྟེན་ཏེ། བསམ་གཏན་བཞི་པོ་དག་ལ་བརྟེན་ཏེ་གནས་པའི་ཕྱིར། དེ་ཆོས་ཅན། སྤྱོད་ཡུལ་ཅན་ཡིན་ཏེ། རང་ས་དང་འོག་སའི་སྤྱོད་ཡུལ་ཅན་ཡིན་པའི་ཕྱིར། མངོན་པར་ཤེས་པ་ནི་ཆོས་ཅན། འཐོབ་ཚུལ་ཡོད་དེ། མ་འདྲིས་པ་ནི་སྦྱོར་བས་ཐོབ་པར་བྱ་ལ་འདྲིས་པ་ནི་འདོད་ཆགས་དང་བྲལ་བས་འཐོབ་པའི་ཕྱིར། གཉིས་པ་ནི། མངོན་ཤེས་གསུམ་པ་གཞན་སེམས་ཤེས་པ་ནི་ཆོས་ཅན། དྲན་པ་ཉེར་གཞག་གསུམ་གྱིས་བསྡུས་ཏེ། སེམས་ཚོར་ཆོས་གསུམ་གྱིས་བསྡུས་པའི་ཕྱིར། རྫུ་འཕྲུལ་དང་ལྷའི་རྣ་བ་དང་མིག་གི་མངོན་ཤེས་རྣམས་ཆོས་ཅན། གཅིག་གིས་བསྡུས་ཏེ་དང་པོས་བསྡུས་པའི་ཕྱིར། གསུམ་པ་ནི། མིག་དང་རྣ་བའི་མངོན་ཤེས་ནི། ལུང་དུ་མ་བསྟན་པ་ཡིན་ཏེ། དེ་ཅིག་ཤོས་གཉིས་གང་རུང་མ་ཡིན་པའི་ཕྱིར། འོན་ཀྱང་ལྷག་མ་རྣམས་ནི་དགེ་བ་ཡིན་ནོ། །བཞི་པ་ནི། སྔོན་གནས་རྗེས་དྲན་སོགས་ཕྱི་མ་གསུམ་ཉིད་ནི་ཆོས་ཅན། མི་སློབ་པའི་རིག་པ་ཞེས་བྱ་སྟེ། སྔོན། མཐའ་དང་སོགས་པས་ཕྱི་དང་བར་གྱི་མཐའ་གསུམ་ལ་རྨོངས་པའི་མ་རིག་པ་བཟློག་པའི་ཕྱིར་ཡིན་པའི་ཕྱིར། ཐ་མ་ཟད་ཤེས་ཁོ་ན་མི་སློབ་པའི་རིག་པ་ཡིན་ལ་དེའི་དང་པོ་གཉིས་ལ་མི་སློབ་པའི་རིག་པ་གང་རུང་པའི་རྒྱུ་མཚན་ཡོད་དེ། དེ་གཉིས་མི་སློབ་པའི་རྒྱུད་ལས་སྐྱེས་པའི་ཕྱིར། དེ་གཉིས་ནི་སློབ་མི་སློབ་གང་གི་ཡང་མིན་ནོ། །སློབ་པའི་རིག་པ་ཞེས་མ་བཤད་པ་ལ་རྒྱུ་མཚན་ཡོད་དེ། སློབ་པ་ལ་དེ་གསུམ་ཡོད་པར་འདོད་ཀྱང་མ་རིག་པ་དང་བཅས་པའི་ཕྱིར། ལྔ་པ་ནི། ཆོ་འཕྲུལ་དེ་ལ་རྣམ་པ་གསུམ་ཡོད་
དེ། རྫུ་འཕྲུལ་གྱི། གསུང་ཀུན་བརྗོད་པའི། ཐུགས་རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་གསུམ་ཡོད་པའི་ཕྱིར། དེ་ཡང་ཡོད་དེ། མངོན་ཤེས་དང་པོ་དང་། གསུམ་པ་དང་དྲུག་པ་རྣམས་རིམ་པ་བཞིན་ཡིན་པའི་ཕྱིར། དེ་གསུམ་ལས་ཐུགས་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཆོས་ཅན། མཆོག་ཡིན་ཏེ། མི་འཁྲུལ་པའི་ཕྱིར་དང་ཕན་པ་དང་། ཡིད་དུ་འོང་བའི་འབྲས་བུ་ལ་སྦྱོར་བར་བྱེད་པའི་ཕྱིར། གཞན་གཉིས་ནི་རིག་སྔགས་ཀྱིས་ཀྱང་བྱེད་དོ། །

མངོན་ཤེས་ལྔ་པོ་སོ་སོར་བཤད་པ།


GLG014_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སོ་སོར་བཤད་པ་ལ། རྫུ་འཕྲུལ་གྱི་མངོན་ཤེས། ལྷའི་མིག་དང་རྣ་བ། སྐྱེས་ཐོབ་སོགས་ཀྱི་ཁྱད་པར་བཤད་པ་གསུམ། དང་པོ་ལ། རྫུ་འཕྲུལ་གྱི་ངོ་བོ་འབྲས་བུ་དང་བཅས་པ། སྤྲུལ་སེམས་ཡུལ་དང་བཅས་པ། སྤྲུལ་པ་བྱེད་ཚུལ་ཞར་བྱུང་དང་བཅས་པ། རྫུ་འཕྲུལ་གྱི་དབྱེ་བ་དང་བཞི། དང་པོ་ནི། རྫུ་འཕྲུལ་ཆོས་ཅན། འགྲུབ་བའི་ཐབས་ཡོད་དེ། ཏིང་ངེ་འཛིན་གྱིས་སྦྱོར་བར་བྱེད་པའི་ཕྱིར། ཏིང་ངེ་འཛིན་དེ་ལས་ནི་ཆོས་གཉིས་འབྱུང་སྟེ། སྤྲུལ་པ་དང་། འགྲོ་བ་འབྱུང་བའི་ཕྱིར། སྟོན་པ་སངས་རྒྱས་ལ་ཡིད་འགྱོགས་ཀྱི་འགྲོ་བ་ཡོད་དེ། དེ་ཡིད་ལ་བསམས་པ་ཙམ་གྱི་འགྲོ་ནུས་པའི་ཕྱིར། ཉན་རང་དང་གཞན་ལ་འགྲོ་བ་གཉིས་ཡོད་དེ། ལུས་ཕྱིན་བྱེད་ཀྱིས་འགྲོ་བ་དང་། ཐག་རིང་ལ་ཉེ་བར་མོས་ནས་འགྲོ་བ་མོས་པ་ལས་བྱུང་བའི་འགྲོ་བ་གཉིས་སུ་ཡོད་པའི་ཕྱིར། གཉིས་པ་ནི། འདོད་པར་གཏོགས་པའི་སྤྲུལ་པ་ནི་ཆོས་ཅན། ཕྱིའི་སྐྱེ་མཆེད་བཞིས་བསྡུས་ཏེ། གཟུགས་དྲི་རོ་རེག་བྱས་བསྡུས་པའི་ཕྱིར། དེ་ལ་ཡང་གཉིས་ཡོད་དེ། རང་དང་གཞན་གྱི་ལུས་ལ་འབྲེལ་བ་གཉིས་ཡོད་པའི་ཕྱིར། གཟུགས་སུ་གཏོགས་པའི་སྤྲུལ་པ་ནི་ཆོས་ཅན། ཕྱིའི་སྐྱེ་མཆེད་གཉིས་ཀྱིས་བསྡུས་ཏེ། གཟུགས་དང་རེག་བྱའི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར། སྤྲུལ་པ་ཆོས་ཅན། རྒྱུ་ཡོད་དེ། སྤྲུལ་སེམས་དག་གིས་སྤྲུལ་པའི་ཕྱིར། དེ་དག་ཀྱང་ཆོས་ཅན། བཅུ་བཞི་ཡོད་དེ། བསམ་གཏན་དང་


GLG014_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་འབྲས་བུའི་སྤྲུལ་སེམས་ལ་རང་ས་དང་འདོད་པའི་སས་བསྡུས་པ་གཉིས་ནས། བསམ་གཏན་བཞི་པའི་འབྲས་བུའི་སྤྲུལ་སེམས་ལ་འོག་ས་བཞི་དང་རང་སས་བསྡུས་པའི་སེམས་གཅིག་སྟེ་ལྔའི་བར་རིམ་པ་བཞིན་ཡོད་པའི་ཕྱིར། ས་འོག་མའི་སྤྲུལ་སེམས་ཆོས་ཅན། ས་གོང་མ་ལས་སྐྱེས་པ་ཡོད་པ་མིན་ཏེ། རང་ས་དང་འོག་ས་ཁོ་ན་ཡིན་པའི་ཕྱིར། སྤྲུལ་སེམས་དེ་ཆོས་ཅན། རྙེད་ཚུལ་ཡོད་དེ། བསམ་གཏན་རྣམས་ཇི་ལྟ་བ་བཞིན་དུ་རྙེད་པའི་ཕྱིར། དེ་ནི་ཆོས་ཅན། རྒྱུ་ཡོད་དེ། བསམ་གཏན་དག་པ་བ་དང་། རང་གི་རིགས་འདྲའི་འཇུག་ཐོགས་ལས་འབྱུང་ཞིང་། དེ་ལས་ཀྱང་དེ་གཉིས་འབྱུང་བའི་ཕྱིར། གསུམ་པ་ནི། གཞན་གྱི་སྤྲུལ་སེམས་ཀྱིས་སྤྲུལ་པ་བྱེད་མི་ནུས་ཏེ། རང་གི་ས་པ་ཁོ་ནའི་སྤྲུལ་སེམས་ཀྱིས་སྤྲུལ་པར་བྱེད་པའི་ཕྱིར། སྨྲར་འཇུག་པའི་སྤྲུལ་པ་ནི་ས་འོག་མ་ལ་བརྟེན་ནས་ཀྱང་བྱེད་དེ། མཐའ་གཅིག་ཏུ་མ་ངེས། སྟོན་པ་སངས་རྒྱས་མིན་པ་ནི་སྤྲུལ་པ་པོ་རང་ཉིད་དང་བཅས་ནས་སྨྲ་བར་བྱེད། སྟོན་པའི་སྤྲུལ་པ་ནི་སྟོན་པ་ཇི་ལྟར་བཞེད་པ་བཞིན་སྨྲ་བའི་ཕྱིར། སྤྲུལ་སེམས་དང་སྨྲ་སེམས་ཐ་དད་ཀྱང་སྤྲུལ་པ་སྨྲ་བ་ཡོད་དེ། བྱིན་གྱིས་བརླབས་ནས་གཞན་སྨྲ་སེམས་ཀྱིས་སྨྲ་བ་ལ་འཇུག་པའི་ཕྱིར། བྱིན་གྱིས་བརླབས་ནས་གཞན་སྤྲུལ་འཇུག་པའི་ཕྱིར། གསོན་པོ་ཁོ་ནར་མ་ངེས་ཏེ། ཤི་བ་ལ་ཡང་དེ་ལྟར་འཇུག་པའི་ཕྱིར། དེ་ཡང་མི་བརྟན་པ་ཤ་དང་ཁྲག་སོགས་ལ་བྱིན་གྱིས་མི་རློབ་སྟེ། བརྟན་པ་རུས་པ་ལྟ་བུ་ལ་རློམ་པའི་ཕྱིར། དེར་ཐལ། ཉན་ཐོས་འོད་སྲུང་ཆེན་པོའི་རུས་པ་སྤྲུལ་སེམས་ཀྱིས་བྱིན་གྱིས་བརླབས་ནས། ད་ལྟ་ཡང་རི་བོ་བྱ་རྐང་ན་ཡོད་པར་བཤད་པའི་ཕྱིར། རྣམ་པ་གསུམ། ཞེས་བྱེ་བྲག་སྨྲ་བ་ཟེར་རོ། སྡེ་པ་གཞན་དག་ནི། འཐད་པ་མིན་ཏེ། དེ་གནས་གཙང་གི་ལྷའི་བྱིན་རླབས་ཡིན་པའི་ཕྱིར། དང་པོར་སྤྲུལ་སེམས་དུ་མས་སྤྲུལ་པ་གཅིག་སྤྲུལ་པར་བྱེད་པ་ཡིན་ལ། བྱང་ནས་དེ་ལས་བཟློག་སྟེ་དུ་མ་གཅིག་གིས་སྤྲུལ་བར་བྱེད་དེ། སྒོམ་


GLG014_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་གིས་ཡིན་པའི་ཕྱིར། བཞི་པ་རྫུ་འཕྲུལ་གྱི་དབྱེ་བ་ནི། བསྒོམས་སྟོབས་ལས་སྐྱེས་པའི་སྤྲུལ་སེམས་ནི་ལུང་མ་བསྟན་ཡིན་ཏེ། དེ་གཞན་གཉིས་པོར་མ་གཏོགས་པའི་ཕྱིར། སྐྱེ་བའི་སྟོབས་ལས་སྐྱེས་པའི་སྤྲུལ་སེམས་ཆོས་ཅན། ཡོད་དེ། དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་པའི་ཕྱིར། རྫུ་འཕྲུལ་ཆོས་ཅན། རྣམ་པ་ལྔ་ཡོད་དེ། གསང་སྔགས་དང་སྨན་དག་དང་། ལས་ལས་སྐྱེས་པ་དང་། སྒོམ་པ་དང་། སྐྱེ་བས་ཐོབ་པ་རྣམས་སུ་ཡོད་པའི་ཕྱིར། །གཉིས་པ་ནི། ལྷའི་མིག་དང་། རྣ་བའི་མངོན་ཤེས་ཆོས་ཅན། ངོ་བོ་ཡོད་དེ། མིག་རྣམས་བསྡུས་པའི་ཕྱིར། ཁྱད་པར་དང་ལྡན་ཏེ། བསམ་གཏན་གྱིས་བསྡུས་པའི་ནང་གི་གཟུགས་དང་བ་དང་། རྟག་ཏུ་བརྟེན་པ་དང་བཅས་པ་དང་། དབང་པོ་མ་ཚང་བ་མེད་པའི་ཕྱིར། ལྷའི་རྣ་བའི་མངོན་ཤེས་ཆོས་ཅན། ཡུལ་ཁྱད་པར་ཅན་ལ་འཇུག་སྟེ། ཐག་རིང་པོའི་སྒྲ་ཕྲ་བ་དང་སོགས་པས་རགས་པ་ཐམས་ཅད་སྤྱོད་ཡུལ་དུ་བྱེད་ནུས་པའི་ཕྱིར། མིག་གི་མངོན་ཤེས་ཀྱིས་ཡུལ་མཐོང་ཚུལ་ཡོད་དེ། ཉན་ཐོས་དགྲ་བཅོམ་གྱིས་སྟོང་གཉིས། བསེ་རུ་རང་རྒྱལ་གྱིས་སྟོང་གསུམ། སྟོན་པ་སངས་རྒྱས་ཀྱི་དེ་རྣམས་ཀྱིས་གྲངས་མེད་པའི་ཞིང་གི་གཟུགས་ཕྲ་རགས་མཐའ་དག་མཐོང་བའི་ཕྱིར། གསུམ་པ་སྐྱེས་ཐོབ་ཀྱི་ཁྱད་པར་བཤད་པ་ནི་གཞན་ཡང་སྐྱེ་བས་ཐོབ་པའི་མིག་གི་མངོན་ཤེས་ནི་ཆོས་ཅན། ཆོས་ཐམས་ཅད་མི་མཐོང་སྟེ། སྲིད་པ་བར་མ་མི་མཐོང་བའི་ཕྱིར། གཞན་སེམས་ཤེས་པའི་མངོན་ཤེས་དེ་ནི་ཆོས་ཅན། རྣམ་པ་གསུམ་ཡོད་དེ། སྐྱེ་བས་ཐོབ་པ་གང་དེ་དང་། རྟོག་གེས་བྱས་པ་དང་། རིག་སྔགས་ཀྱིས་བྱས་པའང་ཡོད་པའི་ཕྱིར། དམྱལ་བ་པས་ནི། དང་པོར་གཞན་གྱི་སེམས་ཤེས་པ་ཡིན་གྱི་ཕྱིས་སྡུག་བསྔལ་གྱིས་མནར་བས་མི་ཤེས་པའི་ཕྱིར། མི་ལ་སྐྱེ་བས་ཐོབ་པའི་སྔོན་གནས་རྗེས་དྲན་མེད་དེ། ཡོད་ན་ཐམས་ཅད་ལ་ཡོད་དགོས་པ་ལ་མེད་པའི་ཕྱིར། ཤེས་བྱ་ཆོས་
ཅན། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། གནས་བདུན་པ་ཞེས་བྱ་བ་གཏན་ལ་ཕབ་པ་ཡིན་ཏེ། ཡེ་ཤེས་མདོར་བསྟན་རྒྱས་བཤད་ཀྱི་སྒོ་ནས་ལེགས་པར་བཤད་པའི་ཕྱིར།སྨྲས་པ། དཔག་ཚད་མང་པོའི་གཟུགས་སྒྲ་མཐོང་ཐོས་པའི། །མིག་དང་རྣ་བའི་མངོན་ཤེས་དགའ་སྟོན་གྱིས། །ལེགས་བྱས་རྒྱ་མཚོའི་འབྲས་བུ་མངར་བ་འདིས། །གཟུར་གནས་སྐྱེ་བོའི་ ཡིད་ཀྱི་སྤྲོ་བ་འཕེལ། །རྒྱལ་བའི་ཡོན་ཏན་ཕ་མཐའ་ཡོངས་བྲལ་བ། །ཀུན་གསལ་ཞགས་པས་གཞལ་ལས་ཕྱིར་འགོང་ན། །ཚུར་མཐོང་བྱིས་པའི་བློ་ཡི་ཡུལ་འདས་ཀྱང་། །གཞུང་ལུགས་འདི་འདྲར་བརྟེན་ནས་ཅུང་ཟད་བཤད། །འབྲས་བུ་མེད་པའི་ལྗོན་ཤིང་སྡོང་པོ་ལ། །ཕང་ཕུང་ལོ་འདབ་ཙམ་གྱི་རབ་མཛེས་པ། །འབྲས་ལྡན་ཤིང་གི་གྲལ་དུ་བསྒྲགས་པ་ཡིས། །རྐང་འཐུང་ཡོངས་ཀྱི་ངང་ཚུལ་ལྷག་པར་སྐད། །གཞུང་ལུགས་མང་པོ་མཐོང་ཞིང་ཐོས་པ་ཡི། །གྲལ་དུ་མིག་ཕབ་སྨྲ་བའི་ཁ་ཡང་བཙུམ། །རིགས་མཐུན་རྨོངས་པའི་གྲོགས་པོ་མཐོང་བའི་ཚེ། །བཞིན་རས་ཟླ་ལྟར་འཕྱར་བ་འགའ་གཟིགས་སམ། །འབྲས་བུ་ཐོབ་བྱའི་ཡོན་ཏན་རྣམས། །ཅུང་ཟད་བཤད་པའི་དགེ་བས་ཀྱང་། །ཆོས་མངོན་མཛོད་ཀྱི་རིང་ལུགས་འདི། །སྲིད་རྩེའི་བར་དུ་འཕེལ་གྱུར་ཅིག །ཆོས་མངོན་པ་མཛོད་གསལ་བར་བྱེད་པ་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་ལས། གནས་བདུན་པའི་ཚིག་དོན་མཐའ་དཔྱོད་ཇི་སྙེད་པ་བཤད་ཟིན་ཏོ། །


previousགནས་བདུན་པ་ཡེ་ཤེས་བསྟན་པ།next