དབ་རྒྱལ་ཇོ་མོ་གཡུ་སྒྲོན་མའི་བསང་མཆོད།
དབ་རྒྱལ་ཇོ་མོ་གཡུ་སྒྲོན་མའི་བསང་མཆོད་བཞུགས་སོ།
ན་མོ་པྲ་ཝ་ཀཱ་ར་ཡེ། ཇོ་མོ་གཡུ་སྒྲོན་བསང་མཆོད་ནི། །འདི་ཉིད་ཁོ་ནའི་བསང་བྱེད་ན། །གསོལ་ཁའི་རྗེས་སུ་ཕྱེ་མར་མཆོད། །རྩི་ཤིང་སྣ་ཚོགས་དུད་པ་བྱ། །བསང་ཞོར་ཡིན་ན་བསང་གཞུང་རྗེས། །ཕྱེ་མར་མཆོད་ལ་འདི་སྐད་དོ།། ཀྱཻ། རྡོ་རྗེ་གདན་གྱི་བྱང་གི་ཕྱོགས། །རྒྱལ་བས་ལུང་བསྟན་གདོང་དམར་ཡུལ། །ཐུགས་རྗེ་ཆེན་པོའི་ཞིང་ཁམས་མཆོག །ཁ་བ་ཅན་ལྗོངས་བོད་ཀྱི་ཡུལ། །མདོ་ཁམས་གླིང་ཁྲི་བར་མའི་སྟོད། །སྔོན་མོ་ནས་ཕྱུག་ལྕི་ཡི་ཡུལ། །རྨ་གཡང་ཆགས་པའི་བྱང་འབྲོག་མཚམས། །སྦས་ལུང་དབ་ཀྱི་ལུང་པའི་རྩེར། །ཤེལ་བྲག་གངས་དཀར་རྩེ་རེ་རེ། །མཆོང་གི་
རྫ་སྨུག་ཐིབས་སེ་ཐིབ། །གཡུ་ཡི་ན་བུན་ཐུ་ལུ་ལུ། །ལྷོ་སྤྲིན་སྨུག་མོ་མྱུ་རུ་རུ། །ཤེལ་གྱི་ཆུ་མིག་ཤ་ར་ར། །གཡུ་ཡི་ནེའུ་སིང་ཀྱི་ལི་ལི། །སྨན་སྤོས་ངད་པ་སངས་སེ་སང་། །ཤེལ་གྱི་ཆར་པ་སི་ལི་ལི། །དུང་གི་ཁུ་འཕང་ཁྲ་ལ་ལ། །གཡུ་འབྲུག་སྔོན་མོ་དི་རི་རི། །གློག་འོད་དམར་པོ་སྐེམས་སེ་སྐེམ། །ཐོག་དང་སེར་བ་ཤ་ར་ར། །བྱ་རིགས་གསུང་སྙན་ལྷངས་སེ་ལྷང་། །རི་དྭགས་རྩེ་རྒྱུག་སྤྲེངས་སེ་སྤྲེང་། །གཅན་གཟན་ངར་སྐད་འུ་རུ་རུ། །བྲག་རི་ཌཱཀྐིའི་ཚོགས་གྲལ་འདྲ། །ཤེལ་གུར་སྨན་མོའི་སྐུ་གཟུགས་གསལ། །ཙིཏྟའི་དབྱིབས་
འཆང་རྡོ་ཡི་ཕུག །ནང་ལྟར་ཤེལ་གུར་འོད་དུ་འབར། །དུང་གི་ཚུགས་ཤིང་ཧྲངས་སེ་ཧྲང་། །མུ་མེན་ཆོན་ཐག་སྤྲེངས་སེ་སྤུང་། །བྱི་རུའི་ཆོན་ཕུར་ཐམས་སེ་ཐམ། །ཟ་འོག་ཡོལ་བ་ལྷུབས་སེ་ལྷུབ། །འཇའ་ཚོན་བླ་བྲེ་ཀྱི་ལི་ལི། །རིན་ཆེན་སྣ་ཚོགས་གཅལ་དུ་བཀྲམ། །གཏེར་མཛོད་སྒོ་མོ་ཁྲིགས་སེ་ཁྲིག །གསང་བ་རང་བྱུང་དུར་ཁྲོད་ཆེ། །ཆོས་འབྱུང་གྲུ་གསུམ་གཞལ་ཡས་ཁང་། །མཁའ་འགྲོའི་འདུ་ཚོགས་སྤུངས་སེ་སྤུང་། །མཁའ་འགྲོའི་བྲོ་བརྡུང་ཁྲིགས་སེ་ཁྲིག །རོལ་མོ་མང་པོ་དི་རི་རི། །ཚོགས་ཀྱི་ལོངས་སྤྱོད་སྤུངས་སེ་སྤུང་། །གནས་མཆོག་དེ་འདྲའི་གཞལ་ཡས་ན། །ཇོ་མོ་གཡུ་ཡི་སྒྲོན་མ་ནི། །འཁོར་དང་ཡང་འཁོར་སྤྲུལ་པར་བཅས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བསང་དང་མཆོད་པ་བཞེས་སུ་གསོལ། ཀྱཻ། བསང་གི་རྒྱུ་བྱུང་གང་ནས་བྱུང་། །སྡོང་པོ་བཀོད་པའི་མདོ་ལས་བྱུང་། །འདས་དུས་བསྐལ་པ་དཔག་མེད་དུས། །ཤཱཀ་ཐུབ་བྱང་ཆུབ་སེམས་དཔའི་ཚེ། །སྤོས་ཀྱི་རིལ་བུའི་བསང་མཆོད་བརྩམས། །བསང་གི་དུད་སྤྲིན་ངོ་མཚར་བས། །
འཛམ་གླིང་ཞག་བདུན་བར་དུ་བཀང་། །རྒྱལ་བ་སྲས་བཅས་ཐམས་ཅད་མཉེས། །བསོད་ནམས་ཚོགས་ཆེན་ཡོངས་སུ་རྫོགས། །དེ་ནས་ཤཱཀ་ཐུབ་བསྟན་པ་ལ། །འཕགས་པ་ཀླུ་སྒྲུབ་སྙིང་པོ་ཡིས། །འཛམ་གླིང་སྤྱི་བསང་བསྡུས་པ་བརྩམས། །རྒྱ་གར་ལྷ་འདྲེ་ཐམས་ཅད་མཉེས། །རྡོ་རྗེ་གདན་ལ་སོགས་པ་ཡི། །གཙུག་ལག་ཁང་ཆེན་བརྒྱ་རྩ་འགྲུབ། །དེ་ནས་རྒྱ་ནག་བོད་ཀྱི་མཚམས། །འཕྲུལ་གྱི་མགར་བློན་རིག་ཅན་དེས། །གློ་བུར་བསང་མཆོད་བསྡུས་པ་བརྩམས། །རྒྱ་ནག་ལྷ་འདྲེ་ཐམས་ཅད་མཉེས། །རྒྱ་བཟའ་ཇོ་བོ་བོད་དུ་ལོན། །ཇ་དར་ལས་སྒོ་བོད་དུ་བསྒྱུར། །དེ་ནས་གངས་ཅན་བོད་ཀྱི་ཡུལ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ཞི་བརྔན་བསང་གསུམ་ཆོ་ག་མཛད། །བོད་ཡུལ་ལྷ་འདྲེ་ཐམས་ཅད་མཉེས། །དཔལ་གྱི་བསམ་ཡས་གཙོར་བྱས་པའི། །གཙུག་ལག་ཁང་ཆེན་བརྒྱ་རྩ་འགྲུབ། །དེ་ནས་བསྟན་པ་ཕྱི་དར་ལ། །སེམས་དཔའ་རང་བྱུང་རྡོ་རྗེ་ཡིས། །འཛམ་གླིང་སྤྱི་བསང་རྒྱས་པ་བརྩམ། །བོད་ཡུལ་གཞི་བདག་ཐམས་ཅད་མཉེས། །སོག་གི་ཆུ་ལ་ལྕགས་ཟམ་ཚུགས། །རྡོ་རྗེ་རྒྱལ་པོ་དམ་
ལ་ཐོགས། །སྔོན་འབྱུང་སྲིད་པ་དེ་བཞིན་དུ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །བར་ཆད་རྐྱེན་རྣམས་ཞི་བ་དང་། །ཚེ་བསོད་མངའ་ཐང་རྒྱས་པ་དང་། །ཡུལ་ཕྱོགས་བདེ་ཞིང་སྐྱིད་པའི་ཕྱིར། །བལ་བུ་དཀར་པོ་ལྷ་ཡི་ཤིང་། །འོམ་བུ་ཀླུ་ཤིང་སྨན་གྱི་མཆོག །སྟག་པ་སེར་པོ་གཉན་གྱི་ཤིང་། །སྤེན་མ་དངོས་གྲུབ་གཡུང་དྲུང་ཤིང་།ཉ་བྲིད་ས་བདག་དགའ་བའི་ཤིང་། །མཁན་དཀར་གསེར་མགོ་བསང་གི་རྫས། །ཤུག་པ་གཡུ་ལོ་སྤོས་ཀྱི་གཞི། །ཨ་གར་སྤོས་ཀྱི་སྡོང་པོ་མཆོག །དེ་ཕྱོགས་འབྱུང་བའི་དྭངས་མ་ལ། །གྲུབ་པའི་བཟང་ཤིང་སྣ་ཚོགས་བསྲེགས། །ཕྱེ་མར་འབྲུ་སྣ་ཟས་ཕུད་མཆོད། །ཇ་ཆང་འོ་ཞོའི་ཕུད་ཀྱིས་བྲན། །ཕྱི་ལྟར་བསང་དུད་ནམ་མཁའ་ཁྱབ། །ནང་ལྟར་མཆོད་པའི་སྤྲིན་ཕུང་འཁྲིགས། །གསང་བ་ལྷ་མོ་དྷ་པེ་མ། །ཕྱག་ན་སྤོས་ཕོར་སྤོས་དུད་ཕྱུར། །སངས་རྒྱས་ཞིང་ཁམས་མ་ལུས་པ། །སྤོས་ཀྱི་དུད་སྤྲིན་དྲྭ་བ་འཁྲིགས།དུད་པའི་ཟེར་མ་རེ་རེ་ལ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །འདོད་ཡོན་སྣ་ཚོགས་ཆར་དུ་འབེབས། །བསང་མགྲོན་མ་ལུས་ཐམས་ཅད་ཀུན། །ཟག་མེད་བདེ་བས་
ཚིམ་པར་བྱེད། །བཛྲ་དྷུ་པེའི་བྱིན་གྱིས་བརླབས། །དེ་འདྲའི་བསང་མཆོད་ཡ་མཚན་འདིས། །ཇོ་མོ་གཡུ་སྒྲོན་བསང་བ་ཡང་། །ཕྱི་ནང་གསང་བ་གསུམ་དུ་བསང་། །བསང་རྫས་ཤ་ཕུད་དོན་སྙིང་དང་། །སུ་ར་ཆང་དང་བདུད་རྩི་སྨན། །ཤ་ཁྲག་དམར་གྱི་གཏོར་མ་ཡིས། །གསང་བ་ཡེ་ཤེས་སྤྲུལ་རྒྱུར་བསང་། །ཀུན་ཏུ་བཟང་མོའི་སྤྲུལ་པ་སྟེ། །ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་བསང་། །ཀུན་ཏུ་བཟང་པོས་མིང་བཏགས་པ། །སྔགས་སྲུང་ཨེ་ཀ་ཙ་ཏི་བསང་། །བཅུ་བདུན་རྒྱུད་ཀྱི་བཀའ་སྲུང་མ།ཤན་པ་སྲོག་སྒྲུབ་ནག་མོ་བསང་། །ཕྱག་ན་རྡོ་རྗེས་མིང་བཏགས་པ། །བདུད་ཀྱི་བུ་མོ་རེ་ཏི་བསང་། །རྡོ་རྗེ་འཆང་གིས་མིང་བཏགས་པ། །དཔའ་མོ་གཤིན་རྗེའི་མཆེད་ཡ་བསང་། །ཤཱཀྱ་ཐུབ་པས་མིང་བཏགས་པ། །ནམ་གྲུ་ཤན་པ་ནག་མོ་བསང་། །གཡུང་དྲུང་བོན་གྱིས་མིང་བཏགས་པ། །མ་གཅིག་སྲིད་པའི་རྒྱལ་མོ་བསང་། །པདྨ་འབྱུང་གནས་མིང་བཏགས་པ། །བརྟན་མ་དམག་གི་རྒྱལ་མོ་བསང་། །སྟེང་ཕྱོགས་ལྷ་ཡིས་མིང་བཏགས་པ། །འཇིག་རྟེན་གསུམ་དབང་མཛེས་མ་བསང་། །བར་སྣང་གཟའ་ཡིས་
མིང་བཏགས་པ། །གནམ་སྨན་ཐོག་གི་བུ་ཡུག་བསང་། །འོག་ཕྱོགས་ཀླུ་ཡིས་མིང་བཏགས་པ། །ཀླུ་མོ་རྡོ་རྗེ་གློག་འགྱུ་བསང་། །རྒྱལ་པོ་རྣམས་ཀྱིས་མིང་བཏགས་པ།ལྕམ་མོ་དཀར་མོ་སྤྱན་གཅིག་བསང་། །ཡམ་ཤུད་དམར་པོའི་དགྱེས་སྡེ་མོ། །བས་གདོང་འབར་བ་ལས་མཁན་བསང་། །སྐྱེས་བུ་ལུང་བཙན་ལྕམ་གཅིག་མ། །ལྷ་སྨན་རྡོ་རྗེ་གཡུ་སྒྲོན་བསང་། །གཉན་ཆེན་ཐང་ལྷའི་ཡུམ་གཅིག་མ། །ཤ་མེད་རྡོ་རྗེ་གཡུ་སྒྲོན་བསང་། །ཚེ་རིང་མཆེད་ལྔའི་མཆེད་སྡེ་མ། །ལྷ་མོ་མཐིང་གི་ཞལ་བཟང་བསང་། །ཨ་ཕྱི་མཆེད་ལྔའི་མཆེད་ཟླ་མ། །དམར་མོ་དབང་གི་ལྷ་མོ་བསང་། །རྡོ་རྗེ་ལེགས་པའི་ལྕམ་གཅིག་མ། །ཚ་བའི་ལྕམ་མོ་གཡུ་སྒྲོན་བསང་། །སྐྱོང་མ་བཅུ་གཉིས་གཙོ་མོ་སྟེ། །ལྷོ་ཡི་སྐྱི་མཐིང་ཡ་མ་བསང་། །བརྟན་མ་བཅུ་གཉིས་གཙོ་མོ་སྟེ། །རྡོ་རྗེ་གཡུ་སྒྲོན་འཁོར་བཅས་བསང་། །རང་བྱུང་མཆོད་རྟེན་སྲུང་མ་སྟེ། །ཊཱཀྐི་ཟ་བྱེད་གདོང་ཅན་བསང་།རྡོ་རྗེ་ཕག་མོའི་ལས་མཁན་མ། །བདུད་མོ་སྤྱང་ཞོན་ཞེས་བྱ་བསང་། །བསེ་ཡི་ལྷ་མོའི་མཆེད་སྡེ་མ། །ལྗང་ནག་གཡུ་ཕྱུག་འཛིན་མ་བསང་། །དེ་རྣམས་བསང་བའི་ཡོན་ཏན་
གྱིས། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཡམས་ནད་རིམས་ནད་མ་བཏང་ཞིག །དུས་མིན་འཆི་དང་བར་ཆད་ཟློག །མ་མོའི་ཁ་རླངས་མ་བཏང་ཞིག །ཆག་ཆེན་ཉམ་ང་དགྲ་ལ་སྒྱུར། །འབྲུ་དང་རྐང་འགྲོ་འཕེལ་བར་མཛོད། །ནང་གི་རླུང་སེམས་དབང་དུ་སྡུས། །བདེ་སྟོང་དགའ་བཞིའི་ཡེ་ཤེས་བསྐྱེད། །ཕྱི་ཡི་སྣང་བ་དབང་དུ་སྡུས། །ཁྲམ་ཁ་ཕྱེས་ལ་ཤྭ་རྡེལ་སྡུས།།མིང་པོ་རྣམས་ཀྱི་བཀའ་ཆད་ཟློག །འཇིག་རྟེན་མཁའ་འགྲོའི་གནོད་པ་ཟློག །བདག་ལ་སྡང་བའི་དགྲ་དང་བགེགས། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །ཤ་ཁྲག་ཕུང་པོ་ཚོགས་སུ་རོལ། །རྣམ་ཤེས་མཁའ་སྤྱོད་གནས་སུ་དྲོངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ནང་ལྟར་བསང་མཆོད་འབུལ་བ་ནི། །བཤོས་བུ་སྙིང་གི་གཏོར་མ་དང་། །གསེར་སྐྱེམས་གཡུ་སྔོན་དར་ཟབ་དང་། །འདོད་ཡོན་མཆོད་པ་དཔག་མེད་ཀྱིས། །བོད་སྐྱོང་ལྷན་ཅིག་སྐྱེས་མ་སྟེ། །རྡོ་རྗེ་གཡུ་ཡི་སྒྲོན་མ་བསང་། །མཆེད་ཟླ་རྡོ་རྗེ་གཡུ་བུན་བསང་། །མཆེད་ཟླ་རྡོ་རྗེ་གཡུ་ཞགས་བསང་། །མཆེད་ཟླ་རྡོ་རྗེ་གཡུ་ཕྲེང་བསང་། །མཆེད་ཟླ་རྡོ་རྗེ་གཡུ་སྐྱིད་
བསང་། །བཀའ་ཉན་དཀར་མོ་མཆེད་བརྒྱད་བསང་། །ཇོ་མོ་གཡུ་ཡི་སྒྲོན་མ་དང་། །ངོ་བོ་རྣམ་པ་མི་གཅིག་ཀྱང་། །འབྲལ་མེད་སྤུན་དང་གྲོགས་ཀྱི་ཚུལ། །དམ་ཚིག་གཅིག་དང་ཕྲིན་ལས་གཅིག །ལྕམ་མོ་སུམ་བརྒྱ་དྲུག་ཅུའི་ཚོགས། །ཇོ་མོ་གཡུ་སྒྲོན་འཁོར་བཅས་བསང་། །ཇོ་མོ་འོད་སྒྲོན་འཁོར་བཅས་བསང་། །ཇོ་མོ་འོད་གསལ་འཁོར་བཅས་བསང་། །ཇོ་མོ་ཨ་ཕྱི་ཆོས་སྒྲོན་བསང་། །ཇོ་མོ་ཡེ་ཤེས་སྒྲོན་མ་བསང་། །ཇོ་མོ་གཙུག་གི་ནོར་བུ་བསང་། །ཇོ་མོ་ལས་ཀྱི་མཁའ་འགྲོ་བསང་། །ཇོ་མོ་བཀྲ་ཤིས་ཚེ་རིང་བསང་། །ཇོ་མོ་མི་གཡོ་བློ་བཟང་བསང་། །ཇོ་མོ་ཅོད་པན་མགྲིན་བཟང་བསང་། །ཇོ་མོ་གཏད་དཀར་འགྲོས་བཟང་བསང་། །ཇོ་མོ་ཁ་རག་ཁྱུང་བཙུན་བསང་། །རྡོ་མོ་གངས་དཀར་དཔལ་ཡུལ་བསང་། །ཇོ་མོ་རྡོ་རྗེ་ཀུན་གྲགས་བསང་། །ཇོ་མོ་ཨུག་ཆོས་དབྱར་མོ་བསང་། །ཇོ་མོ་རྡོ་རྗེ་སྨན་གཅིག་བསང་། །ཇོ་མོ་གཙུག་གི་འོད་འཆང་བསང་། །ཇོ་མོ་སྨན་ཏིང་ཏིང་མོ་བསང་། །ཇོ་མོ་རྡ་ལ་བཙན་མོ་བསང་། །ཇོ་མོ་རྨ་རི་རབ་འབྱམས་བསང་། །ཇོ་མོ་ཀོང་བཙུན་དེ་མོ་བསང་། །ཇོ་མོ་ཀླུ་མོ་གཟི་འབར་
བསང་། །ཇོ་མོ་གསེར་ཐང་སྨན་མོ་བསང་། །ཡང་འཁོར་སྨན་མོ་འབུམ་སྡེ་བསང་། །དེ་རྣམས་བསང་བའི་ཡོན་ཏན་གྱིས། །དལ་ཡམས་རྐྱེན་ཁ་དགྲ་ལ་སྒྱུར། །ལོ་ལེགས་འབྲུ་རྣམས་འཕེལ་བ་དང་། །རིགས་རྒྱུད་བཙན་དར་འཛོམ་པ་དང་། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་སྩོལ། །སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ། །འཁོར་སྲུང་རྐྱེན་ཟློག་བར་ཆད་སོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །ཡུལ་ཁམས་བཀྲ་ཤིས་བདེ་ལེགས་མཛོད། །ཕྱི་ལྟར་བསང་མཆོད་འབུལ་བ་ནི། །ཕྱེ་མར་དཀར་གསུམ་ཕུད་རྒོད་དང་། །འབྲུ་སྣ་བཟང་ཤིང་དུད་པ་ཡིས།དབ་ཀྱི་ཇོ་མོ་གཡུ་སྒྲོན་བསང་། །མཆེད་ཟླ་གཡུ་སྒྲོན་མཆེད་བཞི་བསང་། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །སྣང་ཞིང་སྲིད་པའི་ལྷ་མ་སྲིན། །ལ་ལ་ཁྱོད་ཀྱི་སྤྱན་དང་གྲོགས་། །ལ་ལ་ཁྱོད་ཀྱི་མཛའ་དང་གྲོགས། །དེ་ཕྱིར་ཀུན་ལ་བསང་མཆོད་འབུལ། །གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་དང་། །
གཞི་བདག་གཉན་པོ་ཁྱེད་རྣམས་ལ། །བཟང་ཤིང་སྣ་ཚོགས་དུད་པས་བསང་། །བྱིང་འཐིབས་རྨུགས་པ་སངས་གྱུར་ཅིག །ཕྱེ་མར་དཀར་གསུམ་ཕུད་ཀྱིས་མཆོད། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །ན་བ་ཡོད་ན་སོས་གྱུར་ཅིག །རྒུད་པ་ཡོད་ན་དར་གྱུར་ཅིག །ཕོག་ཐུག་འགྲམ་འགྲས་ཞི་གྱུར་ཅིག །བཀྲག་མདངས་གཟི་བརྗིད་རྒྱས་གྱུར་ཅིག་བསང་དང་མཆོད་པའི་བྱིན་རླབས་ཀྱིས། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཁ་འཛིན་སྡོང་གྲོགས་རྒྱབ་རྟེན་མཛོད། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག །མི་ནད་འཁྲུག་རྩོད་མེད་པར་མཛོད། །ཡུལ་ཕྱོགས་རྟག་ཏུ་ལོ་ལེགས་མཛོད། །སད་སེར་བཙའ་འབུ་མ་བཏང་ཞིག །ཆར་ཆུ་ཕན་པའི་དུས་སུ་འབེབས། །དུས་མིན་གནོད་པའི་ཁ་ཆར་ཆོད། །རྟ་ལུག་ནོར་ཕྱུགས་འཕེལ་བར་མཛོད། །གོད་ཁ་གཅན་གཟན་མ་བཏང་ཞིག །འགྲོ་ན་མ་བཀག་སྐྱེལ་མ་མཛོད། །འདུག་ན་མ་སྡང་ཡོན་བདག་མཛོད། །ཚུར་ཡོང་མ་བཀག་བསུ་མ་མཛོད། །རང་རང་ཇི་ལྟར་ནུས་པ་ཡི། །ཁ་འཛིན་མཛོད་ལ་དངོས་གྲུབ་སྩོལ། །
བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ཀྱཻ། རྒྱལ་བའི་ཡུམ་མཆོག་མཁའ་འགྲོ་མ། །ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་མ། །བདེ་སྟོང་མཆོག་གི་དངོས་གྲུབ་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། ཡང་ན། རྣལ་འབྱོར་བདག་ལ་བསྩལ་དུ་གསོལ། །སྦྱར་རོ།། རལ་གཅིག་གཡུ་ཡི་སྒྲོན་མ་ཁྱེད། །གསང་སྔགས་རྒྱུད་ཀྱི་བཀའ་སྲུང་མ། །གྲུབ་ཆེན་བརྒྱད་ཀྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སྲིད་པའི་སྨན་མོ་གཡུ་སྒྲོན་མ། །དང་པོ་སྲིད་པ་ཆགས་བྱེད་མ། །སྲིད་པ་གསུམ་གྱི་ཚེ་དཔལ་བཅུད། །ཁུ་ཡེ་པ་དང་གཡང་དུ་ལེན། །ཞི་མཛད་དཀར་མོ་འོད་ལྡན་མ། །དཀར་མོ་མཆེད་བརྒྱད་འཁོར་དང་བཅས། །ནད་གདོན་ཞི་བའི་དངོས་གྲུབ་དེ། །ཁུ་ཡེ་ཕྲུ་གཡང་དུ་ལེན། །ཉི་འོད་སོ་བའི་སྨན་གཅིག་མ། །ཛཾ་སེར་ཛཾ་ནག་ནོར་ལྷས་བསྐོར། །ཚེ་བསོད་རྒྱས་པའི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་གཡང་དུ་ལེན། །འཇིག་རྟེན་གསུམ་དབང་མཛེས་མ་མོ།བརྟན་མ་བཅུ་གཉིས་འཁོར་དང་བཅས། །སྣང་སྲིད་དབང་གི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཤ་ཟ་ཌཱཀི་ཟ་བྱེད་གདོང་། །སྲིད་གསུམ་ཤ་ཟ་ཁ་མོ་ཆེ། །
དྲག་མོ་མཐུ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན། །བོད་སྐྱོང་ལྷན་ཅིག་སྐྱེས་མ་སྟེ། །སྐྱོང་མ་བཅུ་གཉིས་འཁོར་དང་བཅས། །ཡུལ་ཁམས་བདེ་སྐྱིད་ལྡན་པ་དེ།ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །བརྟན་མ་དམག་གི་རྒྱལ་མོ་སྟེ། །བརྟན་མ་བཅུ་གཉིས་འཁོར་དང་བཅས། །བསྟན་པ་དར་ཞིང་རྒྱས་པ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན།ཕྱུ་ཧཱུྃ་གཡང་ཧཱུྃ་བདེ་ལེགས་བསྐྱེད་པ་ཧཱུྃ། །བསང་གཞུང་ཡིན་ན་རྗེས་ཆོག་སྤྱི་ལྟར་རོ། །འདི་ཉིད་ཁོ་ནའི་སྐབས་སུ་བསྡུས་པ་ནི། ཇོ་མོ་གཡུ་སྒྲོན་མཆེད་ལྔ་དང་། །མཁའ་འགྲོ་མ་མོ་གཞི་བདག་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིས། །ཐུགས་དང་འགལ་བར་གང་གྱུར་བཤགས། །རང་རང་གནས་སུ་གཤེགས་པའམ། །རྟེན་ལ་བཞུགས་སམ་གང་དགྱེས་མཛོད་། །ཡེ་ཤེས་མཁའ་འགྲོའི་བཀྲ་ཤིས་ཤོག །ལས་ཀྱི་མཁའ་འགྲོའི་བཀྲ་ཤིས་ཤོག །འཇིག་རྟེན་བརྟན་མའི་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །དེ་ལྟར་ཇོ་མོའི་བསང་མཆོད་འདི། །ཚངས་གསར་སྐུ་མཆེད་བསྐུལ་བའི་ངོར། །ཇོ་མོའི་མདུན་ལུང་ཉིད་དུ་བྲིས། །འགལ་བར་གྱུར་པ་མཐོལ་ལོ་བཤགས། །དགེ་བས་ཡུལ་ཁམས་བདེ་བའོ། །རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག །
དེ་སྐད་རཱ་ག་ཨ་སྱས་སྨྲས་པ། །སརྦ་མངྒ་ལཾ། དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།