Nitartha Digital Library
Tibetan
 
previousསེམས་ཆེན་པོ། next

སེམས་ཆེན་པོ།


DTG082_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་གང་བརྗོད་པ་ཅིའི་སླད་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཉིད་དུ་བྱེད་པར་འགྱུར་བ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་མཆོག་ཉིད་དུ་བྱེད་པར་འགྱུར་བ་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོ་ཞེས་བྱ་བ་ནི་འདི་ལྟ་སྟེ། རིགས་ཀྱི་ས་དང༌། བརྒྱད་པ་དང༌། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དང༌། ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བར་དག་སྟེ། རབ་འབྱོར་དེ་ནི་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེའི་ཕུལ་བྱེད་པར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་དོ། །སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་འགྱུར་བར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ་བདག་གིས་འཁོར་བ་དཔག་ཏུ་མེད་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གོ་ཆ་བགོས་ནས་བདོག་པ་ཐམས་ཅད་ཡོངས་སུ་གཏང་བར་བྱས་སོ། །


DTG082_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྐྱེད་པར་བྱའོ། །བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ། །བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། བདག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པར་བྱ་བ་ཡིན་ནོ། །བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མ་འདྲེས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །བདག་གིས་ཆོས་ཐམས་ཅད་རྗེས་སུ་རྟོགས་པ་ཐམས་ཅད་དུ་སོང་བ་ལ་བསླབ་པར་བྱའོ། །བདག་གིས་ཆོས་རྣམས་ཀྱི་ཚུལ་གཅིག་ཏུ་མངོན་པར་སྒྲུབ་པ་རྟོགས་པར་བྱའོ། །བདག་གིས་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པ་རྟོགས་པར་བྱ་བའི་དོན་དུ་ཆོས་རྣམས་ལ་བསླབ་པར་བྱའོ། །བདག་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མངོན་པར་སྒྲུབ་པ་རྟོགས་པའི་དོན་དུ་ཆོས་རྣམས་ལ་བསླབ་པར་བྱའོ། །བདག་གིས་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དང༌། མངོན་པར་ཤེས་པ་མངོན་པར་སྒྲུབ་པ་རྟོགས་པར་བྱ་བའི་དོན་དུ་ཆོས་རྣམས་ལ་བསླབ་པར་བྱའོ། །བདག་གིས་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མངོན་པར་སྒྲུབ་པ་རྟོགས་པར་བྱ་བའི་དོན་དུ་ཆོས་རྣམས་ལ་བསླབ་པར་བྱའོ་སྙམ་དུ་སེམས་བསྐྱེད་དེ། རབ་འབྱོར་འདི་ནི་གང་ལ་གནས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་གྱི་ཚོགས་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཉིད་དུ་མི་དམིགས་པའི་ཚུལ་གྱིས་བྱེད་པར་འགྱུར་བ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ་སེམས་ཅན་དམྱལ་བ་པ་དང༌། བྱོལ་སོང་གི་སྐྱེ་གནས་པ་དང༌། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་ཇི་སྙེད་ཅིག་གིས་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བར་འགྱུར་བ་དེ་དག་གི་དོན་དུ་སྡུག་བསྔལ་གྱི་ཚོར་བ་དེ་བདག་གིས་ཉམས་སུ་མྱོང་བར་


DTG082_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་སྙམ་དུ་སེམས་བསྐྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་བསྐྱེད་པར་བྱ་བ་ནི། འདི་ལྟར་ཇི་སྲིད་དུ། སེམས་ཅན་དེ་དག་ཕུང་པོ་ལྷག་མ་མེད་པར་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་བདག་གིས་སེམས་ཅན་རེ་རེའི་དོན་དུ་ཡང་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་དེ་དག་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་པའི་སྡུག་བསྔལ་ཉམས་སུ་མྱོང་བར་བྱའོ་སྙམ་ཞིང་ཚུལ་འདི་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དེ་དག་ཐམས་ཅད་ཉམས་སུ་མྱོང་བར་བྱས་ཏེ། དེ་ནས་གདོད་བདག་གི་དོན་དུ་དགེ་བའི་རྩ་བ་བསྐྱེད་དེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བྱང་ཆུབ་ཀྱི་ཚོགས་བསགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། རབ་འབྱོར་འདི་ནི་གང་གིས་སེམས་ཅན་གྱི་ཚོགས་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཉིད་དུ་བྱེད་པར་འགྱུར་པ་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་བསྐྱེད་པ་གང་གིས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བར་བྱ་བ་རླབས་པོ་ཆེའི་སེམས་སུ་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་རླབས་པོ་ཆེ་ནི་འདི་ཡིན་ཏེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ནས་འདོད་ཆགས་ཀྱི་སེམས་མི་བསྐྱེད། ཞེ་སྡང་གི་སེམས་མི་བསྐྱེད། གཏི་མུག་གི་སེམས་མི་བསྐྱེད། བརྩེ་བའི་སེམས་མི་བསྐྱེད། ཉན་ཐོས་ཀྱི་སེམས་དང༌། རང་སངས་རྒྱས་ཀྱི་སེམས་ཀྱང་མི་བསྐྱེད་པ་གང་ཡིན་པ་སྟེ། རབ་འབྱོར་འདི་ནི་གང་གིས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་བྱེད་ཀྱང་དེས་རློམ་སེམས་སུ་མི་བྱེད་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་རླབས་པོ་ཆེའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མི་སྒུལ་


DTG082_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་དང་ལྡན་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་སྒུལ་བ་ཉིད་ནི་འདི་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པ་ཡིད་ལ་བྱེད་ཅིང༌། དེས་རློམ་སེམས་སུ་མི་བྱེད་པ་གང་ཡིན་པ་སྟེ། རབ་འབྱོར་འདི་ནི་གང་གིས་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་འགྱུར་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་སྒུལ་བའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་བསྐྱེད་པར་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་པ་དང༌། བདེ་བའི་སེམས་ནི་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་སྐྱོབ་ཅིང་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་གང་ཡིན་པ་དེས་ཀྱང་རློམ་སེམས་སུ་འགྱུར་བ་མེད་པ་གང་ཡིན་པ་སྟེ། རབ་འབྱོར་འདི་ནི་གང་ལ་གནས་ན་སེམས་ཅན་གྱི་ཚོགས་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་དེ་མི་དམིགས་པའི་ཚུལ་གྱིས་བྱེད་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕན་པ་དང༌། བདེ་བའི་སེམས་སོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཆོས་ལ་དགའ་བ་དང༌། ཆོས་ལ་ཀུན་དགའ་བའི་རྣལ་འབྱོར་ལ་བརྩོན་པར་བྱའོ། །དེ་ལ་ཆོས་གང་ཞེ་ན། ཆོས་ཐམས་ཅད་དབྱེར་མེད་པ་གང་ཡིན་པ་སྟེ། འདི་ནི་ཆོས་ཞེས་བྱའོ། །དེ་ལ་ཆོས་ལ་དགའ་བ་གང་ཞེ་ན། ཆོས་ལ་མངོན་པར་དགའ་བ་གང་ཡིན་པ་སྟེ། འདི་ནི་ཆོས་ལ་དགའ་བ་ཞེས་བྱའོ། །དེ་ལ་ཆོས་ལ་ཀུན་དགའ་བ་གང་ཞེ་ན། ཆོས་སྒོམ་ཞིང་མང་དུ་བྱེད་པ་གང་ཡིན་པ་སྟེ། འདི་ནི་ཆོས་ལ་ཀུན་དགའ་བ་ཞེས་བྱའོ། །དེ་ལ་ཆོས་ལ་དགའ་བ་དང༌། ཀུན་དགའ་བའི་རྣལ་འབྱོར་ལ་བརྩོན་པ་གང་ཞེ་ན། མངོན་པར་སྦྱོར་བ་སྟེ། འདི་ནི་ཆོས་ལ་དགའ་བ་དང༌། ཆོས་ལ་ཀུན་དགའ་བའི་རྣལ་འབྱོར་ལ་བརྩོན་པ་ཞེས་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཉིད་དུ་འགྱུར་བ་དེ་མི་དམིགས་པའི་


DTG082_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱིས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ནང་སྟོང་པ་ཉིད་ལ་གནས། ཕྱི་སྟོང་པ་ཉིད་ལ་གནས། ཕྱི་ནང་སྟོང་པ་ཉིད་ལ་གནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་འགྱུར་བར་མི་དམིགས་པའི་ཚུལ་གྱིས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་གནས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་རྣམས་དང༌། སོ་སོ་ཡང་དག་པར་རིག་པ་རྣམས་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་འགྱུར་བར་མི་དམིགས་པའི་ཚུལ་གྱིས་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས། ནམ་མཁའ་ལྟར་ཆགས་པ་མེད་པས། རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་གྱི་བར་ལ་གནས་ཏེ། སེམས་ཅན་གྱི་ཕུང་པོ་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཉིད་དུ་འགྱུར་བར་མི་དམིགས་པའི་ཚུལ་གྱིས་བྱ་སྟེ། རབ་འབྱོར་ཆོས་དེ་དག་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་འདི་དག་ལ་གནས་ཏེ། སེམས་ཅན་གྱི་ཚོགས་ཆེན་པོ་དང༌། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཉིད་དུ་འགྱུར་བར་བྱ་བ་ཡིན་ནོ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བརྗོད་དོ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་དུ་སེམས་དཔའི་སེམས་ཆེན་པོ་ཉིད་དོ། །


previousསེམས་ཆེན་པོ། next