Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
collapse section
  
  
  
  
  
  
  
  
 
  
 
  
  
  
  
  
 
  
 collapse section
  
  
  
 collapse section
  
  
  
 collapse section
  
  
  
  
  
  
  
  
 collapse section
  
  
 collapse section
  
 collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 collapse section
སྒྲ་རྒྱན་གྱི་སྐོར་བཤད་པ།
  
  
  
  
  
  
  
  
  
collapse section
  
  
  
 
  
  
 collapse section
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousསྒྲ་རྒྱན་གྱི་སྐོར་བཤད་པ།next

སྒྲ་རྒྱན་གྱི་སྐོར་བཤད་པ།


GLG020_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་གསུམ་པ།སྒྲ་རྒྱན་གྱི་སྐོར་བཤད་པ།རབ་དཀར་ཟླ་བ་འབུམ་ཕྲག་ཞུན་མ་འཁྱིལ་བའི་ཁམས་ལས་ལེགས་པར་གྲུབ་པའི་ལང་ཚོའི་དཔྱིད། །ལྟ་བས་མི་ངོམས་མཚན་དཔེའི་དཔལ་དང་ལྷན་ཅིག་འགྲོགས་པའི་མཛེས་སྡུག་འཇོ་སྒེག་རོལ་པ་ཅན། །མཁྱེན་བརྩེའི་སྤྱན་དཀྱུས་སྲིད་འདིའི་ཁོངས་ལས་བརྒལ་བར་སྤྲོས་དེས་ཉེ་བར་བཀུག་པའི་བློ་གྲོས་ཀྱི། །སྣང་བ་དམ་པ་མཛད་མི་ཤེས་པའི་བང་མཛོད་དེ་ནི་ཁོ་བོའི་སྐལ་བར་སྩོལ་ཅིག་ཀྱེ། །རྨད་བྱུང་ངོ་མཚར་མཚར་སྡུག་མཛེས་པའི་དཔལ། །དཔལ་མོའི་སྙེམས་འཕྲོག་འཕྲོག་བྱེད་རལ་པའི་རྒྱན། །རྒྱན་མཆོག་རྣམ་དཔྱོད་དཔྱོད་ལྡན་དགའ་བའི་དབང་། །དབང་ཕྱུག་བརྒྱད་ཀུན་ཀུན་ནས་གྲུབ་པའི་མཆོག །མཆོག་ཏུ་རྣམ་པར་ཡངས་པའི་ཞལ་གྱི་ལུང་། །ལུང་རིགས་གཏེར་མཛོད་(༡༠༤ན)


GLG020_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་ཀུན་གྱི་སྒོ། །སྒོ་འཕར་བརྒྱ་ཕྲག་འབྱེད་པའི་ངག་གི་ལྷ། །ལྷ་སྲས་ཟླ་བ་སྨོན་འགྲོ་ལོ་ཙཱ་དེས། །འཛུམ་འཛུམ་ཞལ་སྒོར་ཆགས་པའི་སྙན་ཚིག་རྒྱུན། །ལྷུག་ལྷུག་འབད་པ་མེད་པར་སྩལ་བ་གང་། །ཡང་ཡང་བསམ་ཤིང་གོམས་པར་བྱས་པ་ཡིས། །མཁས་མཁས་མང་པོར་ཚོགས་པའི་ཡང་རྩེ་ཐོབ། །རིག་གནས་རྒྱ་མཚོར་ཆགས་པའི་འདབ་བརྒྱའི་མཆུ། །འཛུམ་དབུས་གཙུག་ལག་ཟེའུ་འབྲུའི་ཕྲེང་འཛིན་པའི། །སྔོན་མེད་གསུམ་པའི་ལེགས་བཤད་དཀའ་བའི་གནས། །བདུད་རྩིའི་ཐེགས་པ་སྐལ་བཟང་མགྲིན་པར་བྱིན། །གཉིས་པ་སྒྲ་རྒྱན་བཤད་པ་ལ། ཟུང་ལྡན་གྱི་རྣམ་གཞག་བསྟན་པ། བྱ་དཀའ་བའི་ཁྱད་པར་གཞན་བརྗོད་པ་དབྱངས་སོགས་ཡི་གེ་ངེས་པའི་བྱ་དཀའ་བཤད་པ་དང་གསུམ། དང་པོ་མདོར་བསྟན། རྒྱས་བཤད་གཉིས། དང་པོ་མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ནི། ཚིག་སྦྱོར་གང་དུ་ཡི་གེ་གཞན་གྱིས་བར་མ་ཆོད་པ་དང་། བར་ཆོད་པའི་བདག་ཉིད་ཅན་གང་རུང་ཡིན་ལ། རྒྱ་སྐད་ལ་དབྱངས་གསལ་གྱི་ཡི་གེ་དུ་མ་ཚོགས་པ་ལན་གཉིས་སུ་བསྐོར་བ་དང་། བོད་སྐད་ལ་མཚོན་ན། མཐའ་རྟེན། འཕུལ་བྱེད། འགྲེང་བུ་ན་རོ། ཡ་བཏགས། ར་བཏགས། བརྩེགས་མ་སོགས་གང་ཡང་མེད་པའི་ཀ་ལྟ་བུ་ལ་དབྱངས་ཨ་ཐུང་སྲོག་ཏུ་ཞུགས་པ་ལྟ་བུ་མ་ཡིན་པར་བསྐོར་བ་ནི་ཟུང་ལྡན་ཞེས་བྱའོ། །གཉིས་པ་ནི། དེ་ཡང་རྐང་པ་ཡི་དང་པོ་དང་བར་དང་མཐའ་ན་ཡོད་པའི་(༡༠༤བ)
སྤྱོད་ཡུལ་ཅན་ཏེ། དེ་ཡང་གཅིག་ཁོ་ན་དེ་བཞིན་དུ་གཉིས། གསུམ། བཞི་ཀ་ལ་ཡོད་པའི་རྐང་པ་ཡི་ཟུང་ལྡན་རྣམས་ནི་རྣམ་པར་རྟོག་པ་ནི། ཐོག་མ་ལ་ཡོད་ལ་བར་མཐའ་ལ་མེད་པ་དང་། བར་དུ་ཡོད་ལ་མཐའ་ཐོག་གཉིས་དོར་བ་དང་། བར་དང་ཐོག་མ་གཉིས་ལ་མེད་ཅིང་ཐ་མར་ཡོད་པ་དང་། དང་པོར་ཡོད་ཅིང་། ཕྱི་མ་གཉིས་མེད་པ་དང་། དེ་ལས་ཟློག་པ་དང་། ཐོག་མཐའ་གཉིས་ལ་ཡོད་ལ་བར་དུ་མེད་པ་དང་། ཀུན་ལ་ཡོད་པ་སྟེ། ནང་གསེས་ཀུན་ཏུ་དབྱེ་བ་ལས་གྱེས་པའི་ཟུང་ལྡན་དེ་དག་གི་དབྱེ་བ་ཤིན་ཏུ་མང་ངོ་། །

ཟུང་ལྡན་གྱི་རྣམ་གཞག་ལས་བྱ་སླ་བ་རྐང་པ་དང་པོ་ན་ཡོད་པའི་ཟུང་ལྡན་གྱི་སྐོར་བཤད་པ།


GLG020_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་ལྡན་གྱི་རྣམ་གཞག་ལས་བྱ་སླ་བ་རྐང་པ་དང་པོ་ན་ཡོད་པའི་ཟུང་ལྡན་གྱི་སྐོར་བཤད་པ།གཉིས་པ་རྒྱས་པར་བཤད་པ་ལ། བྱ་དཀའ་བླ་གཉིས་སུ་ཕྱེ་ནས་འཆད་པར་དམ་བཅའ་བ། རྒྱས་བཤད་དངོས་དང་གཉིས། དང་པོ་ནི། དེ་ལ་བྱ་སླ་བ་དང་དཀའ་བའི་རྣམ་གཞག་ཀྱང་འགའ་ཞིག་དག་ནི་བསྟན་པར་བྱའོ། །གཉིས་པ་ལ་བྱ་སླ་རྐང་པའི་དང་པོ་ན་ཡོད་པའི་ཟུང་ལྡན་བྱ་དཀའ་གནས་གཞན་ལ་ཡོད་པའི་ཟུང་ལྡན། མཐའ་ཐོག་སྦྱར་བའི་ཟུང་ལྡན་ཀུན་ཏུ་ཟུང་ལྡན། བསྲེས་པའི་ཟུང་ལྡན་ཟློག་པའི་ཟུང་ལྡན་དང་དྲུག །དང་པོ་ལ། དཔེར་བརྗོད། དོན་བསྡུ་གཉིས། དང་པོ་ལ་བར་མ་ཆོད་ཀྱི་ཟུང་ལྡན་དུ་ཆོད་པའི་ཟུང་ལྡན། ཆོད་ཅིང་མ་ཆོད་པའི་ཟུང་ལྡན་དང་གསུམ། དང་པོ་ལ་དཔེར་བརྗོད། དོན་བསྡུ་གཉིས། དང་པོ་ལ་བཅོ་ལྔ་ལས་རྐང་པ་དང་པོའི་ཐོག་མ་ལ་ཡོད་པའི་ཟུང་ལྡན་ནི། གྲོགས་མོ་ཁྱོད་མཛའ་བའི་སྐྱེ་བོ་ལ་མི་འདུད་པའི་ཁེངས་པ་འདི་དང་འགྲོགས་པར་མ་བྱེད་པར། སྔར་དུས་ལས་ཡོལ་ཏེ་བསླུས་པ་དེ་གསོ་བའི་ཕྱིར། གྲོགས་ཀྱི་མགྲིན་པ་ནས་(༡༠༥ན)


GLG020_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་ལ་དེ་ཉིད་ངོ་ཚ་དང་ལྡན་པར་གྱིས་ཤིག །གཞུང་དོན་གྱི་འབྲུ་གཉེར་བ་ཙམ་མ་གཏོགས། རྒྱ་དཔེའི་ཟུང་ལྡན་བོད་སྐད་ལ་ཞིག་པས་དོན་མི་སྟོན་ཅིང་། རྒྱ་དཔེར། མཱ་ནེ་ན་མཱ་ནེ་ན་ཞེས་ཟུང་ལྡན་བར་མ་ཆད་དུ་ཡོད་ལ། དེས་མཚོན་འོག་མ་རྣམས་ལ་ཡང་རྒྱ་དཔེར་ཤིན་ཏུ་གསལ་བས་དེ་ཉིད་བོད་ལ་མཚོན་པར་ཕྱག་ལེན་ལྟར་བརྗོད་པ་ནི་ཉེ་བར་མཁོ་བས། དཔེར་ན། འཛུམ་འཛུམ་ཞལ་གྱི་སྒོ་ལས་ལེགས་འཕྲོས་པའི། །འོད་ཟེར་འབུམ་ཕྲག་བཀྱེ་བས་ལེགས་བྲིས་ཀྱི། །མངོན་པའི་ང་རྒྱལ་བཅོམ་སྟེ་བདེན་པ་དག །མཐོང་མཛད་ཟས་གཙང་སྲས་ཀྱིས་འགྲོ་འདི་སྐྱོངས། །ཞེས་པ་ལྟ་བུ། །རྐང་པ་གཉིས་པའི་ཐོག་མ་ལ་ཡོད་པ་ནི། ངང་པ་རྣམས་ཀྱི་དྲེགས་པ་འཇོམས་པར་བྱེད་པའི་སྤྲིན་གྱི་སྒྲ་ཡིས་མྱོས་བྱེད་འདོད་ལྷས་ནི་དགའ་མ་དང་བཅས་ནས་བུད་མེད་རྣམས་ཀྱི་ཁེངས་པ་དང་བྲལ་བའི་སླད་དུ་ཡིད་ལ་འཇུག་པར་བྱེད་དོ། །དཔེར་ན། ངོ་མཚར་མཚན་དཔེའི་སྣང་བ་མི་ཟད་པའི། །མཛེས་མཛེས་ལང་ཚོ་གཅིག་ཏུ་རབ་བསྡུས་པ། །འདྲེན་བྱེད་སྔ་ན་མེད་པའི་དགའ་སྟོན་ཅན། །ངག་དབང་དབྱངས་ཅན་ལྷ་མོ་ཕྱག་གི་ཡུལ། །ཞེས་པ་ལྟ་བུ། གསུམ་པ་རྐང་པ་གསུམ་པའི་ཐོག་མ་ལ་ཡོད་པ་ནི། ཆུ་གཏེར་བཞིའི་སྐ་རགས་ཅན་གྱིས་ས་ཡི་ལག་གི་དཔྱ་ཁྲལ་འཛིན་སྡུད་ལ་མཁས་པ་ཁྱོད་ཉིད་རྒྱལ་པོར་ཐོབ་ནས། ད་ལྟ་ནི་སྐྱེ་དགུ་རྣམས་རྒྱལ་པོ་བཟང་པོ་དང་ལྡན་པར་གྱུར་ཏོ། །དཔེར་ན། ཐུན་མཚམས་ལང་ཚོ་གསར་པའི་རྗེས་འགྲོ་(༡༠༥བ)


GLG020_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །འཇོ་སྒེག་གཟུགས་སྐུའི་ཕྱག་གི་མཐེབ་སྲིན་གྱིས། །ལྡེམ་ལྡེམ་ཨུཏྤལ་བཟུང་བའི་རྩེ་མོ་ན། །ཤེར་ཕྱིན་གླེགས་བམ་ངོ་མཚར་ཅི་ཡང་བཀྲ། །ཞེས་པ་ལྟ་བུ། བཞི་པ་རྐང་པ་བཞི་པའི་ཐོག་མ་ལ་ཡོད་པ་ནི། རྒྱལ་པོ་ཁྱོད་ཀྱི་དགྲ་རྣམས་རྐང་ཐང་། ཤིང་རྟ། གླང་པོ། རྟ་དང་བྲལ་བས། འགའ་ཞིག་སྐྱོ་སྟེ་ནགས་དང་། གཞན་དག་ནི་ཤི་ནས་ལྷ་རྣམས་དག་གི་གནས་སུ་སོང་ངོ་། །དཔེར་ན། རབ་འབྱམས་ཤེས་བྱའི་ཀུན་གསལ་བཞིན་རས་ལ། །བརྡའ་སྤྲོད་རྣམ་པར་བཀྲ་བའི་མིག་དཀྱུས་ཅན། །བློ་གསལ་འདོད་ལྡན་བརྟན་པ་འཕྲོག་བྱེད་པས། །མཁས་མཁས་ཀུན་གྱི་ཟླ་བྲལ་ཤོང་སྟོན་རྗེ། །ཞེས་པ་ལྟ་བུ། ལྔ་པ་དང་པོ་གཉིས་ཀྱི་ཐོག་མ་ལ་ཡོད་པ་ནི། ཆུ་སྐྱེས་གདོང་ལྡན་མ་ཁྱོད་ཀྱི་མིག་གཉིས་ཀྱི་རྣམ་འཕྲུལ་ཡིད་འོང་འདི་ལ་ནི། དཔྱིད་དུས་ཀྱི་བུང་བའི་རྣམ་འཕྲུལ་གྱིས་ཅོ་འདྲི་བར་བྱེད་པ་ཅི་ཡིན་སྨྲོས་ཤིག །དཔེར་ན། ཡང་ཡང་བརྩོན་པའི་རླུང་གིས་བསྐུལ་བ་ཡིས། །ངལ་ངལ་འཕགས་ཡུལ་པཎ་ཆེན་བསྟན་པའི་ཕྱིར། །སྙིང་སྟོབས་དྲི་བསུང་མངར་བས་ཡོངས་བགྲོད་པ། །དཔང་སྟོན་ལོ་ཙཱར་བློ་ལྡན་སུ་མི་དད། །ཅེས་པ་ལྟ་བུ། དྲུག་པ་དང་པོ་དང་གསུམ་པའི་ཐོག་མ་ལ་ཡོད་པ་ནི་བཟུང་བར་དཀའ་བའི་གླང་པོའམ་རྟ་སོགས་གཡུལ་དུ་དཔའ་བ་ཡི་ཚོགས་དག་མེད་ཀྱང་། གང་གི་ཕྱིར་འདོད་པའི་ལྷ་མེ་ཏོག་གི་མདའ་ལ་བརྟན་པ་ཙམ་གྱིས། བདག་ཅག་འདོད་པས་འཆི་བ་ལྟ་བུའི་མཐར་བྱས་པ་དེའི་ཕྱིར། ཁྱོད་ཀྱིས་རྣམ་(༡༠༦ན)


GLG020_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནོན་པ་ནི་མཚར་རོ། །དཔེར་ན། དཀའ་དཀའི་གནད་ཀྱི་རྦ་རླབས་ཆེར་འཁྲུངས་པའི། །ལེགས་སྦྱར་ཆུ་གཏེར་ཆེན་པོའི་ཕ་མཐའ་དག །བརྟན་བརྟན་བློ་ཡི་གྲུ་རྫིངས་ལ་བརྟེན་ནས། །རབ་བགྲོད་ལོ་ཆེན་ཆོས་སྐྱོང་བཟང་པོའི་ཞབས། །ཞེས་པ་ལྟ་བུ། བདུན་པ་དང་པོ་དང་བཞི་པའི་ཐོག་མ་ལ་ཡོད་པ་ནི། གཡུལ་དུ་རྣོ་བའི་མཚོན་ཆས་ཕ་རོལ་འཇོམས་པས་དཔའ་བའི་མཛེས་པ་ཡིས་མི་བདག་ཁྱོད་འདྲ་བས། ནོར་འཛིན་འདི་ནི་རྩོད་དུས་ལས་རྒྱལ་བར་འགྱུར་ཏེ། ནོར་འཛིན་གྱི་སྐྱེ་བོ་ཀུན་རྫོགས་ལྡན་གྱིས་ཚིམ་པ་དག་ཀྱང་ཐོབ་པར་གྱུར་རོ། །དཔེར་ན། དཀར་དཀར་ལྷག་བསམ་གངས་ཀྱི་རི་བོ་ལས། །འཕྲིན་ལས་ཛཧྣུ་ཡི་བུ་མོའི་རྒྱུན། །ཐུབ་བསྟན་པད་དཀར་མིག་གི་དགའ་སྟོན་དུ། །ལེགས་ལེགས་སྤེལ་བའི་དུས་སྟོན་བླ་ན་མེད། །ཅེས་པ་ལྟ་བུ། བརྒྱད་པ་གཉིས་པ་དང་གསུམ་པའི་ཐོག་མ་ལ་ཡོད་པ་ནི། ས་ཧ་ཀཱ་རའི་མེ་ཏོག་གསར་པ་འདིས་བདག་ཉིད་མཆོག་ཏུ་སྲེད་པ་དང་ལྡན་པར་བྱེད་དོ། །དེ་བཞིན་ཁུ་བྱུག་མྱོས་པ་དག་གི་སྒྲ་ཡིད་དུ་འོང་བ་འདིས་ཀྱང་འདོད་པ་འཕེལ་ལོ། །དཔེར་ན། རིག་གནས་རྒྱ་མཚོའི་ཕྲེང་བ་ལེགས་བཟུང་བའི། །སྙན་སྙན་གྲགས་པའི་གདུགས་དཀར་སྲིད་རྩེ་ན། །ཁོར་ཁོར་གཡོ་བའི་ཚུལ་ལ་ལྷའི་བླ་མ། །རང་མིན་གཉིས་པ་ཡོད་སྙམ་རྣམ་པར་ལྟ། །ཞེས་པ་ལྟ་བུ། དགུ་པ་གཉིས་པ་དང་བཞི་པའི་ཐོག་མ་ལ་ཡོད་པ་ནི། བདག་རྒས་ཀྱང་མཛེས་མ་ཁྱོད་ལ་དམིགས་(༡༠༦བ)


GLG020_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རེ་བ་དང་མ་བྲལ་བས། ཚུལ་འདི་ལ་འདོད་པ་མ་བསྟེན་ན། རེ་བ་དེ་འདྲ་བ་ཡི་ངང་ལ་གནས་སྐབས་ལུས་ནི་འཇིག་པར་བྱེད་པས། རྩེ་དགའི་ཆེད་དུ་བུད་མེད་ལ་འཛེག་ནུས་ཇི་ལྟར་མིན་པ་སྟེ་ནུས་སོ། །དཔེར་ན། རྣམ་པའི་ཡོན་ཏན་བང་མཛོད་རབ་དབང་བའི། །མང་མང་ཐོས་པའི་ངག་གི་འདོད་པ་འཇོ། །ཚངས་སྲས་མགྲིན་པར་བརྒྱན་པའི་སྐད་གཉིས་པ། །ཕྱུག་ཕྱུག་ཤམྦྷ་ལ་ལ་འཁུ་སྙམ་བྱེད། །ཅེས་པ་ལྟ་བུ། །བཅུ་པ་གསུམ་པ་དང་བཞི་པའི་ཐོག་མ་ལ་ཡོད་པ་ནི། ཡལ་འདབ་གསར་པས་མཛེས་པ་ཡི་ལྗོན་པས་གྲོགས་སུ་དྲངས་པའི་གཞོན་ནུ་རྣམས་གདོང་མཛེས་པ་པདྨར་མངོན་དུ་ཕྱོགས་པའི་བུང་བ་ཡིས་མཐོང་བས། འདི་རྣམས་ཤིང་གི་གྲོགས་སུ་མི་འོས་ཀྱི། རང་ཅག་རྣམས་ཀྱི་སྤྱོད་ཡུལ་ལོ་ཞེས་མིག་ནས་གཟུང་སྟེ་འགུགས་པར་བྱེད་དོ། །དཔེར་ན། ཐོར་ཚུགས་རབ་ཏུ་ལྡེམ་པའི་ནམ་མཁའ་ལ། །རབ་དཀར་ཟླ་བ་ཚེས་པས་རྣམ་པར་མཛེས། །འུར་འུར་མིག་ནས་འབར་བའི་མེ་དཔུང་གིས། །ཐུལ་ཐུལ་མདའ་ལྔ་པ་ཡི་རགས་ལུས་བསྲེགས། །ཞེས་པ་ལྟ་བུ། བཅུ་གཉིས་པ་རྐང་པ་དང་པོ་གསུམ་གྱི་ཐོག་མ་ལ་ཡོད་པ་ནི། འདོད་པས་མྱོས་པའི་བྱ་བཞད་ནི་ཁྲུས་ཀྱི་ཕྱིར་རབ་ཏུ་འཇུག་པ་ན་རྫིང་གི་ཆུ་ལ་གནས་པའི་མདོག་དཀར་བ་ཡི་ངང་མོའི་འདི་ཡི་ཅ་ཅོ་སྒྲོགས་པ་ཡིས། བདག་ནི་འདོད་པས་མཐར་བྱེད་གཤིན་རྗེའི་ཟས་སུ་བྱེད་དོ། །དཔེར་ན། དངས་དངས་གསལ་བའི་ཡིད་ཀྱི་མེ་ལོང་ངོས། །(༡༠༧ན)


GLG020_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཝལ་ཝལ་ཤར་བའི་ཤེས་བྱའི་གཟུགས་བརྙན་གྱིས། །དུངས་དུངས་བློ་གསལ་གཞོན་ནུའི་འདྲེན་བྱེད་ལ། །སྔ་ན་མེད་པའི་དགའ་སྟོན་ཅི་ཡང་རྒྱས། །ཞེས་པ་ལྟ་བུ། བཅུ་གཉིས་པ་སྔ་མ་གཉིས་དང་བཞི་པའི་ཐོག་མ་ལ་ཡོད་པ་ནི། དྲི་མ་དང་བྲལ་བའི་ཟླ་བའི་ཆ་ཤས་དག་དང་ལྷན་ཅིག་ཏུ་འོངས་པའི་མ་ལ་ཡའི་རླུང་འདིས་བདག་ཡིད་དགའ་བར་མི་བྱེད་དེ་དེས་བསྐྱེད་པའི་འདོད་པ་འདི་ནི་མི་ཟད་པའི་དུག་གི་རྗེས་སུ་འགྲོའོ། །དཔེར་ན། སྙན་སྙན་པི་ཝང་བསྒྱུར་བའི་དྲི་ཟའི་གླུ། །ལྷང་ལྷང་སྒྲ་འཛིན་བུ་གར་ཐོས་པ་ཡིས། །འདོད་ལྡན་སྐྱེ་བོའི་སྙིང་ལ་དགའ་འཕེལ་བ། །ཆིལ་ཆིལ་དབྱར་གྱི་ཆུ་ཀླུང་དག་ལ་འགྲན། །ཞེས་པ་ལྟ་བུ། བཅུ་གསུམ་པ་ཕྱི་མ་གཉིས་དང་། དང་པོའི་ཐོག་མ་ལ་ཡོད་པ་ནི། བདག་ལ་བརྟེན་པ་སྟེ་མཛའ་བར་མི་འདོད་པའི་ཁེངས་པ་ཅན་མ། དོ་ཤལ་དང་ལྡན་ཞིང་ཡིད་འཕྲོག་པར་བྱེད་མ་ལུས་མེད་ཉིད་ཀྱི་དངོས་པོ་ཅན་མདའ་ལྔ་པ་ཁྱོད་ཀྱི་འདོད་པས་གདུངས་ཏེ་ལུས་ཕྲ་བར་གྱུར་པ་བདག་གི་ཕྲོགས་བྱས་ནས་བདེ་བ་རྒྱས་པར་མཛོད་ཅིག །དཔེར་ན། དཀའ་དཀའི་ཐོབ་བྱ་མཐར་ཐུག་རྒྱལ་བའི་ལམ། །སྙིང་སྟོབས་ལྡན་པའི་བྱང་སེམས་མ་ཡིན་པ། །གསལ་གསལ་ཤ་ཡི་མིག་གིས་མི་མཐོང་ཞིང་། །ངལ་ངལ་རྐང་པས་བགྲོད་ཀྱང་སླེབ་པ་མིན། །ཞེས་པ་ལྟ་བུ། །བཅུ་བཞི་པ་ཕྱི་མ་གསུམ་གྱི་ཐོག་མ་ལ་ཡོད་པ་ནི། མཛེས་མ་ཁྱོད་ཀྱི་གདོང་གིས། ཤེས་ལྡན་བདག་ལས་རྒྱལ་བ་སྟེ་དབང་དུ་བྱས་ན་ཆུ་(༡༠༧བ)


GLG020_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རྒྱན་ཙམ་དུ་གྱུར་ཅིང་། བུང་བ་གཡོ་བས་ཅུང་ཟད་སྒེག་པ་ཅན། འདབ་ལྡན་པདྨ་གཏམ་མེད་མ་ལས་བདག་གི་དགའ་མ་ཁྱོད་ཅི་ལྟར་མི་རྒྱལ་ཏེ་རྒྱལ་ལོ། །དཔེར་ན། ཀུན་མཁྱེན་ཙོང་ཁ་པ་ཡི་རིང་ལུགས་ལ། །འཁྲུལ་འཁྲུལ་དྲི་མ་སྤངས་པའི་དམ་བཅའ་ཡིས། །ཡང་ཡང་རྒོལ་བར་འདོད་པའི་སྐྱེ་བོ་རྣམས། འབོལ་འབོལ་སྟན་ལ་ཉལ་ཏེ་གཉིད་ལོག་གོ ། ཞེས་པ་ལྟ་བུ། བཅོ་ལྔ་པ་བཞི་གའི་ཐོག་མ་ལ་ཡོད་པ་ནི། པ་ཊ་ལའི་མེ་ཏོག་ལྟར་དམར་བའི་གོས་ཅན་ཉི་མའི་འོད་ཀྱིས་དམར་བར་གྱུར་པའི་ནུབ་ཕྱོགས་ཆུ་ལྷ་མ་བཞིན་དུ་དགའ་མ་ཁྱོད་མཛེས་སོ། །དེ་ལས་ཀྱང་ག་པུར་སོགས་ཀྱི་དྲི་བཟང་པོ་གནས་པས་བདག་གི་དགའ་མ་འདི་ལྷག་ཅིང་དགའ་བར་བྱས་སོ། །དཔེར་ན། མཐོ་མཐོའི་སྟན་ལ་འདུག་པ་ཙམ་ཉིད་དང་། ཆེ་ཆེ་རིགས་རུས་ཙམ་གྱིས་དྲེགས་པ་དང་། །ཡང་ཡང་སྐྱེ་བ་བརྒྱུད་པ་མ་ཡིན་ཡང་། །འགྲིག་འགྲིག་ཤེས་བྱ་འཆད་ན་དཔལ་སྒང་པ། །ཞེས་པ་ལྟ་བུ། གཉིས་པ་དོན་བསྡུ་བ་ནི། དེ་ལྟར་རྐང་པའི་ཐོག་མ་ལ་ཡོད་པ་ཡི་ཟུང་ལྡན་བར་ཆད་མེད་པའི་རྣམ་རྟོག་གི་ས་བོན་ཙམ་བསྟན་ནོ། །གཉིས་པ་ཆོད་པའི་ཟུང་ལྡན་ལ་དམ་བཅའ། དཔེར་བརྗོད། དོན་བསྡུ་བ་དང་གསུམ། དང་པོ་ནི་དེ་ནི་ཡི་གེ་དང་ཚིག་གཞན་གྱིས་བར་དུ་ཆོད་པ་ཡི་རྣམ་པར་རྟོག་པ་འགའ་ཡང་བསྟན་པར་བྱའོ། །གཉིས་པ་ལ་བཅུ་གསུམ་ལས། དང་པོ་གཉིས་ཀྱི་ཐོག་མའི་ཟུང་ལྡན་ཆོད་པ་ནི། ས་ཧ་ཀཱ་ར་ལས་འཁྲུངས་པ་ཉིད་(༡༠༨ན)


GLG020_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལོ་འདབ་ཡིད་འོང་དྲི་བཟང་དང་ལྡན་པ་ཡིས་དཔྱིད་དུས་ཀྱི་རི་དྭགས་ཨཎྜ་ཡའི་མིག་ཅན་བུད་མེད་ཀྱིས་རང་གི་མཛའ་བོ་ལ་མི་འདུད་པའི་ཁེངས་པའི་མིང་ངམ་སྒྲ་ཡི་ལྷག་མར་བྱེད་དོ། །རྒྱ་དཔེར། མ་དྷུ་རེ་ཎ་དྲྀ་ཤཾ་མཱ་ནི་མ་དྷུ་རེ་ཎ་སུ་གནྡྷི་ན་ཞེས། མ་དྷུ་རེ་ཎ་གཉིས་ཀྱི་བར་དུ་ཡི་གེ་གཞན་གྱིས་ཆོད་པས་མཚོན་ཏེ། འོག་མ་རྣམས་ལ་ཡང་གསལ་བས། བོད་སྐད་ལ་མཚོན་ན། བློ་གྲོས་མངོན་པར་རྒྱས་པའི་རྣམ་དཔྱོོད་ཀྱིས། །བློ་གྲོས་ཆེན་པོར་གྲགས་པའི་བཟང་རྫུ་མཁན། །ཕལ་ཆེར་ཁེངས་པ་ཕྲོགས་པའི་གྲགས་པའི་དབྱངས། །སྲིད་པའི་རྩེ་མོར་གྲགས་པ་ཨེ་མ་མཚར། །ཞེས་པ་ལྟ་བུ། །གཉིས་པ་དང་པོ་དང་གསུམ་པའི་ཐོག་མ་ལ་ཡོད་པ་ནི། དགའ་མའི་ལག་པ་པདྨ་དམར་པོ་ལྟར་ཤིན་ཏུ་དམར་བ་དེས་རྒྱུད་མང་ལ་བསྣུན་པའི་རྣམ་འཕྲུལ་དེ་ལ་ཕྲག་དོག་དང་ལྡན་པར་འགྱུར་ནས། རྣ་བའི་ཨུཏྤལ་གྱིས་མཛའ་བོའི་གདོང་ལའང་བསྣུན་པར་བྱེད་དོ་ཞེས་པས་འགྲམ་པ་སྦྱར་ནས་བསྡད་པ་སྟེ། དཔེར་ན། རབ་གསལ་ཟླ་བ་རྒྱས་པའི་དཀྱིལ་འཁོར་ལ། །རི་དྭགས་གཟུགས་ཀྱིས་རྣམ་པར་བཀྲ་བ་དེ། །རབ་རྨོངས་སྐྱེ་བོ་འགའ་ཞིག་སྨིན་ལེགས་མའི། །བཞིན་རས་ར་རིའི་དྲི་མས་ནོགས་ཞེས་སྨྲ། ཞེས་པ་ལྟ་བུ། གསུམ་པ་དང་པོ་དང་བཞི་པའི་ཐོག་མ་ལ་ཡོད་པ་ནི། །རླུང་གིས་གར་བསྒྱུར་ཏེ་བསྣུན་པའི་སྤྲིན་གྱི་ཕྲེང་བ་མཐའ་དག་ཏུ་ཁྱབ་པ་ལས་ཆུ་ནི་འཐོར་བར་བྱེད་ལ། དེ་རྗེས་མཇུག་(༡༠༨བ)


GLG020_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་ལྡན་པ་དག་མཇུག་མ་རབ་ཏུ་བསླང་བའི་གར་དག་བྱེད་དོ། །དཔེར་ན། དཀར་འཇམ་ཡིད་འོང་པདྨ་དག །ངག་དབང་དབྱངས་ཅན་ལྷ་མོ་ཡི། །ཞབས་ཟུང་རྣམ་པར་བཏེག་པ་ལ། །དཀར་བའི་བློ་ཡིས་རྣམ་པར་སྤྲུལ། ཞེས་པ་ལྟ་བུ། བཞི་པ་གཉིས་པ་དང་གསུམ་པའི་ཐོག་མ་ལ་ཡོད་པ་ནི། འདོད་ལྡན་མ་དག་ཁྱོད་ཀྱི་ཡིད་ནི་མཛའ་བོ་ལ་མི་འདུད་པའི་ཁེངས་པ་རྩོད་པར་གྱུར་ཀྱང་། རང་ཉིད་ཀྱི་འདོད་པ་སྐྱེས་པ་ལས་ཉམས་པར་འགྱུར་སྲིད་དེ། ནཱིམྦ་ཀ་ལི་ཀཱའི་མེ་ཏོག་ཁ་བྱེ་བ་མཐོང་བ་ན་ཆགས་པས་གནས་སྐབས་ཅི་ལ་རེག་པར་གྱུར་ཏམ་སྟེ། མི་འཆི་བའི་ངེས་པ་མེད་དོ། །དཔེར་ན། མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ་ཡིས། །སྒེག་མོ་གཞན་གྱིས་བསྒྲུན་དུ་མ་མཆིས་པའི། །སྒེག་ལྡན་གསེར་མངལ་ཅན་གྱི་བུ་མོ་ཡི། །ཞབས་ཟུང་སྤྱི་བོའི་གཙུག་ན་རྒྱལ་གྱུར་ཅིག །ཅེས་པ་ལྟ་བུ། ལྔ་པ་གཉིས་པ་དང་བཞི་པའི་ཐོག་མ་ལ་ཡོད་པ་ནི། རྩེ་དགའི་རི་ཡི་རྩེ་ལས་འོངས་པའི་ཟླ་ཤེལ་གྱི་ཐང་འདི་ལ་ནི། མདོངས་མཐའ་མཆོག་ཏུ་མཛེས་པ་ཡི་གཙུག་ཕུད་ཅན་འདི་རབ་ཏུ་འཛེགས་ནས་གར་བྱེད་དོ། །དཔེར་ན། ཟུར་ཕུད་མཐོན་མཐིང་མགོ་སྐྱེས་རབ་ལྡེམ་ཤིང་། ལུས་དཀར་འཁོར་ལོའི་ཡན་ལག་ལ་འཁུ་བ། །མཛེས་སྡུག་ཆ་ཤས་རྫོགས་པའི་སྨིན་ལེགས་མ། །ལུས་མེད་མདའ་ཡི་སྤུན་ཟླ་མ་ཡིན་ནམ། །ཞེས་པ་ལྟ་བུ། དྲུག་པ་ཕྱི་མ་གཉིས་ཀྱི་ཐོག་མ་ལ་ཡོད་པ་ནི། གང་ཞིག་ལྷག(༡༠༩ན)


GLG020_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཅན་སོགས་སྦྲུལ་མཆོག་གི་སྟེང་ན་གནས་ཤིང་། ཁྱབ་འཇུག་ཕག་པས་བཟུང་བའི་ས་འདི་ནི་རྒྱལ་པོའི་ཕྱོགས་གཞན་ལས་རབ་ཏུ་སླངས་ནས། ད་ལྟ་མི་བདག་ཁྱོད་ཀྱི་ལག་པས་བཟུང་ངོ་། །དཔེར་ན། ཤེས་བྱའི་དོན་ཀུན་ལྟ་བ་ལ། །སྔ་ན་མེད་པའི་རྣམ་དཔྱོད་ཅན། །ངག་དབང་དབྱངས་ཅན་མགྲིན་འཁྱུད་པའི། །ངག་གི་དབང་ཕྱུག་བློ་གྲོས་བརྟན། །ཞེས་པ་ལྟ་བུ། བདུན་པ་སྔ་མ་གསུམ་གྱི་ཐོག་མ་ལ་ཡོད་པ་ནི། གཡུལ་དུ་རོལ་གྱི་དགྲ་ཡི་གླང་པོ་རྣམས། རྒྱལ་པོ་ཁྱོད་ཀྱི་ལག་པ་མཐར་བྱེད་གཤིན་རྗེ་འདྲ་བ་ཡིས་མཚོན་བསྣུན་པས་ཁྲག་ནི་རབ་ཏུ་ཟགས་པ་ཐུན་མཚམས་དག་གི་སྤྲིན་བཞིན་མཛེས་སོ། །དཔེར་ན། དམར་སེར་ལི་ཁྲིའི་མདངས་འཛིན་ཞིང་། །དམར་བའི་མཆུ་སྒྲོས་རྣམ་པར་གཡོ། །དམར་འོད་ཆགས་པའི་རྣམ་འགྱུར་ཅན། །ཡིད་སྲུབས་དགྲ་དེ་རྣམ་པར་བཅོམ། །ཞེས་པ་ལྟ་བུ། བརྒྱད་པ་གཉིས་པ་བོར་བའི་གསུམ་གྱི་ཐོག་མ་ལ་ཡོད་པ་ནི། རླུང་གིས་རི་ཡི་འཁྲི་ཤིང་རྣམས་གྲུམས་པ་བཞིན་དུ་དཔའ་བས་གཞན་གྱི་སྡེ་ནི་བཅོམ་པས། འགའ་ཞིག་ནི་མཐར་གཤེད་དུ་སོང་བ་བཞིན། དཔུང་གི་རྡུལ་ཚུབ་གྱིས་ནམ་མཁའ་ཁྱབ་པར་གྱུར་རོ། །དཔེར་ན། བློ་གསལ་བྱེ་བའི་གཙུག་ན་རབ་འགྱིང་ཞིང་། །མཁས་མང་རྒྱ་མཚོའི་མགོ་བོས་ལེགས་པར་བཏུད། །བློ་ཆེན་ཀུན་ཀྱང་ཁྱོགས་ལ་འཕྱང་འགྱུར་པའི། །བློ་བཟང་གྲགས་པ་ཐུབ་བསྟན་བླ་ན་མཐོ། །(༡༠༩བ)


GLG020_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལྟ་བུ། དགུ་པ་རྐང་པ་ཕྱི་མ་གསུམ་གྱི་ཐོག་མ་ལ་ཡོད་པ་ནི། ལེགས་ལྡན་བསོད་ནམས་ཀྱི་བགོ་སྐལ་ཆུ་འཛིན་གསར་པའི་འོད་ཆགས་ཤིང་། ལྷ་མིན་དག་གི་རིགས་རྣམས་ཉམས་པར་བྱེད་པ། སྦྱིན་ལྡན་གླང་པོ་ཆེའི་མཆོག་འདུལ་ཞིང་འཇོམས་པའི་གླང་རྫི་ཁྱབ་འཇུག་དེས་ཁྱེད་ལ་རྟག་ཏུ་སྲུངས་ཤིག །དཔེར་ན། ཀུན་གསལ་ལུས་ཕྲའི་བཞིན་རས་ལམ་ཡངས་པོར། །དབང་པོའི་གཞུ་ཡི་མིག་དཀྱུས་རྣམ་པར་བཀྲ། །དབང་ཕྱུག་གཙུག་གི་ཟླ་ཚེས་ལྟ་བུའི་སོས། །དབང་པོ་མིག་སྟོང་སྤྲུལ་ནས་ལྟ་མིན་ནམ། །ཞེས་པ་ལྟ་བུ། བཅུ་པ་བཞི་ཀའི་ཐོག་མ་ལ་ཡོད་པ་ནི། ཁྱོད་ཀྱི་མགོའི་སྐྲ་བུང་བ་དང་འདྲ་ཞིང་། གདོང་ནི་པདྨར་ཕྲག་དོག་བྱེད་པའི་དཀར་བ། ལྷ་མོ་དཔལ་མོ་བཞིན་དུ་སྐྱེ་བོ་མཐའ་དག་རབ་ཏུ་མྱོས་པར་བྱེད་མ་ཁྱོད་ཀྱིས། སྐྱེས་བོ་སུ་ཞིག་འདོད་མྱོས་ཀྱི་གྲངས་སུ་རྩི་བར་མི་བྱེད་དོ། །དཔེར་ན། རྒྱལ་བ་ཀུན་གྱི་གསང་གསུམ་མ་ལུས་པ། །རྒྱལ་སྲས་གཞོན་ནུའི་གཟུགས་སུ་ལེགས་ཤར་བ། །རྒྱལ་ཕྲན་མང་པོའི་གཙུག་ན་འགྱིང་བའི་ཕྱིར། །རྒྱལ་པོ་སྲོང་བཙན་སྒམ་པོ་བོད་ཀྱི་རྗེ། །ཞེས་པ་ལྟ་བུ། བཅུ་གཅིག་པ་བཞི་ཀའི་ཐོག་མ་ལ་ཡོད་ཅིང་ཕྱེད་སྔ་ཕྱི་རིགས་མི་གཅིག་པ་ནི། རྒྱ་ཆེ་བའི་རིན་པོ་ཆེའི་རྒྱན་དང་ལྡན་ཞིང་རྒྱགས་པའི་མིག་ཁོར་ཁོར་དུ་ལྟ་བ་དང་། ཛགྷ་ན་སྟེ་ཚང་ར་ཆུང་བ་མ་ཡིན་པས་མཛའ་བོ་ནི་དགའ་བ་དང་ལྡན་པ་བྱ་བར་བཟོད་ནུས་སོ། །དཔེར་ན། རབ་བསིལ་དལ་གྱིས་འབབ་པའི་ཆུ་ཀླུང་འགྲམ། །རབ་(༡༡༠ན)


GLG020_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་སྒྲ་དེ་རྣ་བར་ཐོས་པའི་མོད། །བག་ཕེབས་ནགས་ཚལ་དྲ་བའི་དབེན་གནས་སུ། །བག་ཡོད་གཏན་བདེ་བསྒྲུབ་སྙམ་ཕྱང་མོ་ཉུག །ཅེས་པ་ལྟ་བུ། །བཅུ་གཉིས་པ་མི་མཉམ་པ་གཉིས་དང་མཉམ་པ་གཉིས་འདྲ་བའི་ཐོག་མ་ལ་ཡོད་པ་ནི་གཞན་གསོས་ཁུ་བྱུག་རྣམས་ཀྱི་སྐད་སྒྲགས་པ་དང་། མཛེས་མ་ཁྱོད་ཀྱིས་བརྗོད་པའི་སྒྲ་དང་ནི། ལྷ་ཡི་ཕྱོགས་ཀྱི་རླུང་གིས་ཀྱང་བདག་གི་ཡིད་ཕྲོག་སོ་ཞེས་ཕོ་ཉ་མོ་ལ་བོས་སོ། །དཔེར་ན། དཀར་འཇམ་ཟླ་བའི་གཟུགས་ལ་རབ་འཁུ་བ། །མཛེས་སྡུག་ལང་ཚོ་རྣམ་པར་རྒྱས་པ་ཅན། །དཀར་གསལ་བཞིན་རས་ངོམ་ཚེ་ཁེངས་ལྡན་ཅན། །མཛེས་ལྡན་ཡོངས་ཀྱི་བརྟན་པ་རྣམ་པར་ཕྲོགས། །ཞེས་པ་ལྟ་བུ། བཅུ་གསུམ་པ་ཐོག་མཐའ་གཉིས་དང་བར་པ་གཉིས་འདྲ་བའི་ཐོག་མ་ལ་ཡོད་པ་ནི་སྐེད་པ་ཤིན་ཏུ་ཕྲ་ཞིང་། འདོད་པས་རྔུལ་ཟགས་པ་ཡིས་གདོང་གི་ཟླ་བ་ཡང་བཀྲུས་ནས་རབ་ཏུ་མཛེས་པར་གྱུར་པ། ཆང་འཐུངས་པས་ངོ་ཚ་བཅོམ་པའི་བུད་མེད་རྣམས་ཀྱིས་སྐྱེས་པའི་ལུས་ལ་འཛེགས་ཤིང་འཁྱུད་པར་བྱེད་དོ། །དཔེར་ན། སྒྲ་རྒྱན་སྙན་ཚིག་སྨྲ་བ་ལ། །འཇིགས་པ་མེད་པའི་སྤོབས་པ་མཆོག །འཇིགས་བྲལ་ཤེས་རབ་ཀྱིས་ཐོབ་ཚེ། །སྒྲ་རྒྱན་རྩོམ་ལ་འཚོ་བྱུང་བཞིན། །ཞེས་པ་ལྟ་བུ། གསུམ་པ་དོན་བསྡུ་བ་ནི། དེ་ལྟར་བར་དུ་ཆོད་པའི་ཟུང་ལྡན་གྱི་རབ་ཏུ་དབྱེ་བ་འདི་ཡང་བསྟན་ཟིན་ཏོ། །གསུམ་པ་ཆོད་ལ་མ་ཆོད་པའི་ཟུང་ལྡན་དམ་བཅའ་དཔེར་བརྗོད་གཉིས། དང་པོ་ནི། བར་མ་ཆོད་དང་(༡༡༠བ)


GLG020_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་པ་གཉིས་སྤེལ་བའི་བདག་ཉིད་ཅན་གྱི་རྣམ་རྟོག་རྣམས་ཀྱང་ཡོད་པ་འདི་ལྟ་སྟེ། གཉིས་པ་ལ་གསུམ་ལས། དང་པོ་ཕྱེད་སྔ་མ་གཉིས་དང་ཕྱེད་ཕྱི་མ་གཉིས་འདྲ་ཞིང་ཆོད་ཅིང་མ་ཆོད་པ་ནི། ཀ་ལི་ཀ་སྟེ། མེ་ཏོག་གཞོན་ནུ་ཐུར་དུ་འཕྱང་བའི་ཡལ་ག་དང་ལྡན་པ་ཅན་གྱི་སཱ་ལའི་ཤིང་ལོ་འདབ་རྒྱས་པ་དེ་ལ་ལྟ་བར་མི་ནུས་ཤིང་། དེ་བཞིན་དུ། བ་ཀུ་ལ་ཆགས་པའི་བུང་བ་ལ་ཡང་ལྟ་མི་ནུས་པ་དང་མཚུངས་པར་གྲོགས་མོ་ཁྱོད་ཀྱི་པདྨ་གཞོན་ནུ་དང་། ལྦུ་ཕྲེང་དཀར་པོ་ཅན་ལ་ཡང་ལྟ་མི་ནུས་ཏེ། ཆགས་པ་ཧ་ཅང་རྒྱས་པས་སོ། །དཔེར་ན། ཆིལ་ཆིལ་རླབས་ཕྲེང་གཡོ་བའི་རྒྱ་མཚོ་ཡི། །ཆིལ་ཆིལ་རྦ་རླབས་ཆེ་ལས་བགྲོད་པའི་ཐབས། །བརྟན་བརྟན་གྲུ་རྫིངས་ཚགས་སུ་ཚུད་པ་ལ། །བརྟན་བརྟན་བློ་དང་ལྡན་པའི་དེད་དཔོན་གནས། །ཞེས་པ་ལྟ་བུ། གཉིས་པ་ཐོག་མཐའ་གཉིས་དང་བར་པ་གཉིས་འདྲ་བ་ནི། སྤྲིན་ནག་ཆེན་པོ་མཁའ་ལ་ལྡན་པའི་དུས་སུ། སྣང་བ་དང་རྒྱུ་སྐར་ཀུན་མི་མཚོན་པ་སྟེ་མི་སྣང་བར་གྱུར་བ་དང་། རྨ་བྱ་སྐད་གསང་མཐོན་པོར་དགའ་བ་སྒྲོག་པར་བྱེད་པའི་དུས་སུ་འདོད་ལྡན་བདག་འདྲ་སུ་ཡིས་བལྟ་བར་མི་ནུས་ཏེ། ཆགས་པས་འཆི་བར་དོགས་པས་སོ། །དཔེར་ན། ལྡེམ་ལྡེམ་པད་དཀར་སྡོང་བུ་གཡོ་བའི་རྩེར། །འཁྱོག་འཁྱོག་མངོན་པར་འཕྲུལ་བའི་སྐེད་པ་དང་། །འཁྱོག་འཁྱོག་ཟུར་དུ་ལྟ་བའི་ཨུཏྤལ་སྤྱན། །ལྡེམ་ལྡེམ་ཐོར་ཚུགས་རྩེ་ན་ཟླ་ཚེས་དཀར། །ཞེས་པ་ལྟ་བུ། གསུམ་པ་བཞི་ཀ་ལ་འདྲ་བ་ནི། ཐུན་གསུམ་(༡༡༡ན)
གྱི་དབང་དུ་གྱུར་བའི་རིང་བ་ཡི་མཚན་མོ་གཤིན་རྗེ་འདྲ་བ་འདིས་བདག་ཤི་བར་གྱིས་ཤིག །རྒྱུ་མཚན་དགའ་མ་ཕྱོགས་གང་དག་ལ་བདག་སོང་ཡང་བྲལ་བས། འདོད་པས་སྲོག་གཟིར་འགྲོ་བས་ན། མཛའ་མོ་དེ་ནི་འགྲོགས་པའི་བློ་མེད་པར་བདག་བཅོམ་མོ། །དཔེར་ན། འགྲིག་འགྲིག་ལེགས་པར་བཤད་པའི་ལྕེ་མེད་པར། །འགྲིག་འགྲིག་རྫུན་གྱིས་གཞན་མགོ་སྐོར་བྱེད་པ། །འགྲིག་འགྲིག་སོ་ཕྲེང་སྟོན་པའི་གཡོ་ཁྲམ་ཅན། །འགྲིག་འགྲིག་བྲག་རི་བརྩེགས་ལྟར་དོན་གྱིས་སྟོང་། །ཞེས་པ་ལྟ་བུ། གསུམ་པ་དོན་བསྡུ་བ་ནི། ཞེས་རྐང་པ་དང་པོའི་ཟུང་ལྡན་གྱི་རྣམ་པར་རྟོག་པའི་ལུགས་འདི་ནི་བཤད་མ་ཐག་པ་འདི་འདྲ་སྟེ། འདི་ལྟ་ཁོ་ན་ལྟར་ཟུང་ལྡན་གྱི་རྣམ་རྟོག་གཞན་པ་འོག་ནས་འབྱུང་བ་རྣམས་ཀྱང་བློ་གྲོས་ཀྱིས་གཞལ་བར་བྱའོ། །

བྱ་དཀའ་བ་གནས་གཞན་ལ་ཡོད་པའི་ཟུང་ལྡན་གྱི་སྐོར་བཤད་པ།


GLG020_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དཀའ་བ་གནས་གཞན་ལ་ཡོད་པའི་ཟུང་ལྡན་གྱི་སྐོར་བཤད་པ།གཉིས་པ་བྱ་དཀའ་གནས་གཞན་ལ་ཡོད་པའི་ཟུང་ལྡན་ལ། དམ་བཅའ། དཔེར་བརྗོད་གཉིས། དང་པོ་ནི། གཞུང་ཧ་ཅང་སྤྲོས་པས་ཅུང་ཟད་འཇིགས་པའི་ཕྱིར། ཟུང་ལྡན་གྱི་དབྱེ་བ་མཐའ་དག་བརྗོད་པར་མི་འདོད་དེ། སྔར་བྱ་སླ་ཅུང་ཟད་ཙམ་བསྟན་ཅིང་། ད་ནི་དེ་ལ་བྱ་དཀའ་བ་མངོན་པར་འདོད་པ་གང་འགའ་ཞིག་དག་ནི་བསྟན་པར་བྱའོ། །གཉིས་པ་ལ་རྐང་བཞིའི་དབུས་ན་ཡོད་པ། མཐའ་ན་ཡོད་པ། བར་མཐའ་གཉིས་ན་ཡོད་པ། ཐོག་བར་གཉིས་ན་ཡོད་པ། ཐོག་མཐའ་གཉིས་ན་(༡༡༡བ)


GLG020_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ། གནས་གསུམ་ཀ་ལ་ཡོད་པ་དང་དྲུག །དང་པོ་ལ་གཉིས་ལས། ཆོད་ཅིང་མ་ཆོད་པ་ནི། བློ་བརྟན་པ་དང་དབང་པོ་རབ་ཏུ་བསྡམས་པ་ཁྱོད་ནི་སྡོམ་བརྩོན་གྱི་བརྟུལ་ཞུགས་ལ་གནས་པའི་ཕྱིར་མི་དགེ་བས་མི་ཉམས་པ་དེའི་ཕྱིར་གཡོ་སྒྱུ་མེད་པ་ཁྱོད་ཀྱི་བདེ་བ་འཇིག་པར་མི་འགྱུར་བ་འདི་སྙེད་དུ་མ་ཟད། བདེ་བ་ཐོབ་པའི་ཆེད་དུ་ཡོན་ཏན་འཕེལ་བར་འགྱུར་རོ། །དཔེར་ན། གང་ཞིག་འཕྲོག་བྱེད་འཕྲོག་བྱེད་ལ་སོགས་པའི། ཁེངས་པ་འཕྲོག་བྱེད་འཕྲོག་བྱེད་མཁྱེན་བརྩེའི་གཏེར། །གངས་རིའི་འཕྲོག་བྱེད་འཕྲོག་བྱེད་ཇི་བཞིན་དུ། །གཞན་སྟོབས་འཕྲོག་བྱེད་འཕྲོག་བྱེད་འཇམ་དཔལ་དབྱངས། །ཞེས་པ་ལྟ་བུ། གཉིས་པ་ཆོད་པ་ཁོ་ན་ནི། རྒྱལ་པོའི་མདུན་སར་ལྷ་ཡི་སྟེ་བྲམ་ཟེ་རྣམས་དག་གིས་ཞལ་ཆང་གིས་མ་བཅོམ་པར། རྒྱལ་པོའི་གཏོང་བ་སོགས་ནོར་གྱིས་མཛེས་པ་རབ་ཏུ་བསྟོད་པའི་རྒྱུས། ཁྱོད་ཀྱི་ཡོན་ཏན་རབ་ཏུ་གསལ་བ་ལ་ཡིད་ཆགས་པའི་སྐྱེ་དགུ་བདག་ལ་གྲགས་པའི་ཕུང་པོ་ཉིད་དུ་འགྱུར་བར་མ་ཟད། ལྷ་རྣམས་ཀྱི་གནས་སུ་ནི་གྲགས་པ་མི་འགྲོ་བ་མིན་ནོ། །དཔེར་ན། ལེགས་བྱས་ཕུལ་བྱུང་གངས་རི་ལས་འོངས་སྟོབས་འབྱོར་ཕུལ་བྱུང་གངྒཱའི་རྒྱུན། །གསེར་སྤྱངས་ཕུལ་བྱུང་འཁོར་ལོ་ལས་གྲུབ་ཐོགས་མེད་ཕུལ་བྱུང་བསྒྱུར་བའི་ཤུགས། །སྟོབས་འབྱོར་ཕུལ་བྱུང་ལྷུན་གྱིས་ལེགས་གྲུབ་རྫོགས་ལྡན་ཕུལ་བྱུང་མགྲོན་དུ་འགུགས། །སྡེ་བཞིའི་ཕུལ་བྱུང་སྒོ་འཕར་བརྒྱ་འབྱེད་ས་སྤྱོད་ཕུལ་བྱུང་འཁོར་ལོས་བསྒྱུར། །ཞེས་པ་ལྟ་བུ། གཉིས་པ་ལ་གཉིས་(༡༡༢ན)


GLG020_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་ནི། དམ་པའི་སྤྱོད་པ་ལ་བག་མེད་ཀྱི་ཚུལ་དང་མི་ལྡན་པ་ཁྱོད་ཀྱི་དགའ་མ་གང་ཞིག་དགའ་བའི་དགའ་སྟོན་འཁྲིག་པའི་དགའ་བས་ཁྱད་པར་དུ་མྱོས་མ་དེ་ཡིས་ནི་སྐབས་འདིར་ནི་འོད་ལྡན་གྱི་རིན་པོ་ཆེའི་རྒྱན་རྣམས་གཟུང་བར་འོས་ཀྱི། བདག་ལ་ནི་རྒྱན་གཞན་གྱིས་མཛེས་ལྡན་དུ་བྱས་པ་ཉིད་ཀྱི་འབྲས་བུ་འགའ་ཡང་མེད་དོ། །དཔེར་ན། ནོར་ལྡན་དབུས་ན་དཱ་རི་དྲ་ལྟར་སྟོན། མཁས་པའི་དབུས་ན་རྨོངས་པ་བཞིན་དུ་སྟོན། །བླུན་པོའི་དབུས་ན་མཁས་པའི་ངང་ཚུལ་སྟོན། །སོ་ཅན་དབུས་ན་འདབ་ཆགས་གཤོག་པ་སྟོན། །ཞེས་པ་ལྟ་བུ། གཉིས་པ་ཆོད་ལ་མ་ཆོད་པ་ནི། མགོན་པོ་ཁྱོད་ལྟ་བུས་གཞན་ལ་དུད་པའི་རོ་ནི་མ་མཐོང་བས་མི་མཁྱེན་ཏེ། དམན་པ་ཉིད་དང་མཆོག་ཉིད་དག་ནི་ངེས་པ་འགལ་བས། གང་ཞིག་དམན་པ་རྣམས་ཀྱིས་ནི་ཁྱོད་ལ་མགོ་བོས་འདུད་ཅིང་། དམན་པ་ནི་དེ་དག་ཁོ་ན་འདུད་པའི་རོ་དེ་མཆོག་ཏུ་ངོམ་ཤིང་བྲན་དུ་རྒྱུའོ། །དཔེར་ན། མིག་སྨན་མདངས་ལྡན་དབུ་སྐྲ་འཁྱོག་ལྡེམ་ལྡེམ། །ཁྱུ་མཆོག་ཏོག་གི་རྒྱལ་མཚན་ཕྲ་ལྡེམ་ལྡེམ། །རྣོ་ལྡན་ཉག་ཕྲན་འཕངས་པ་དྲང་ལྡེམ་ལྡེམ། །སུམ་རྩེན་ལྷ་མིའི་དཔུང་ཚོགས་འདར་ལྡེམ་ལྡེམ། །ཞེས་པ་ལྟ་བུ། གསུམ་པ་ལ་གཉིས་ལས། དང་པོ་ཆོད་པ་ནི། རོལ་པའི་འཛུམ་དཀར་དག་དང་། ངག་འཇམ་པོར་སྨྲ་བ་དང་། མི་ཟུར་ཆུང་ངུས་ལྟ་བ་དང་། ལུས་ལྕི་བའི་ཚུལ་གྱིས་འགྲོ་བ་དང་། ཆགས་པས་ཀུན་ཏུ་གླལ་བ་(༡༡༢བ)


GLG020_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཛ་གྷན་ཚང་ར་རྒྱས་པ་དག་སྟོན་པ་དེས་འདོད་པ་བསྣུན་པ་དེས་ན་བདག་ནི་ཆགས་པས་འཚོ་བ་དམན་པར་གྱུར་ཏོ། །དཔེར་ན། གསལ་བྱེད་ཉི་མས་པདྨ་རྒྱས་པར་བྱེད། །མཛེས་བྱེད་རྒྱན་གྱིས་སྐྱེས་བུ་མཛེས་པར་བྱེད། །ཕན་བྱེད་སྨན་གྱིས་ནད་ལས་གྲོལ་བར་བྱེད། །བསིལ་བྱེད་རླུང་གིས་ཚ་གདུང་སེལ་བར་བྱེད། །ཅེས་པ་ལྟ་བུ། གཉིས་པ་ཆོད་ཅིང་མ་ཆོད་པ་ནི། དཔལ་ལྡན་ཀུན་ལ་ཁྱབ་པས་མི་ཤོང་བ། མི་གཡོ་བས་བརྟན་པ་དང་ལྡན་པ་གང་གི་བདག་ཉིད་ཅན་ནི། །འཆི་མེད་ཀྱི་ལམ་དང་མཉམ་པས་ཚད་དང་ལྡན་པ། རབ་ཏུ་དུད་པའི་འགྲོ་བ་རྒྱས་པར་བྱེད་པ། གཞན་གྱིས་མཆོད་པའི་གནས་དང་ལྡན་པ། ཚད་གཟུང་མེད་པའི་མིང་ཅན་དང་ས་ཆེན་འདི་གོམ་པས་འཇལ་བར་བྱེད་པའི་མངོན་མཐོའི་ཕུང་པོ་ཚད་མེད་པ། འཇུག་པ་བཅུ་སོགས་རྣམ་གྲངས་མང་པོར་བཀོད་པའི་ཁྱབ་འཇུག་ལ་ཕྱག་མཛོད་ཅིག །དཔེར་ན། མགུལ་བར་ཁྲོལ་ཁྲོལ་གདུ་བུའི་སྒྲ་སྒྲོག་དབྱངས་ཅན་མས་འཁྱུད་ལེགས་བཤད་སྒྲ་ཁྲོལ་ཁྲོལ། །བསྒྲགས་ཚེ་ཁྲོལ་ཁྲོལ་སྐད་སྙན་འབྱིན་པའི་ཁུ་བྱུག་ཚོགས་རྣམས་ལྷགས་ཏེ་སྐད་ཁྲོལ་ཁྲོལ། །སྒྱུར་བས་ཁྲོལ་ཁྲོལ་རྐང་གདུབ་ལྡན་པའི་ངང་པ་འཕུར་ལྡིང་མཚོ་མཐའ་དབྱངས་ཁྲོལ་ཁྲོལ། །མཐོང་བ་ཁྲོལ་ཁྲོལ་རྒྱང་གླུ་ལེན་པའི་སྨིན་ལེགས་མ་རྣམས་འགྱུར་ཁུག་གདངས་ཁྲོལ་ཁྲོལ། །ཞེས་པ་ལྟ་བུ། བཞི་པ་ལ་གཉིས་ལས། དང་པོ་ཆོད་པ་ནི། བཅུད་དེ་འཁྲིག་པའི་བྱ་བ་ལ་ཞུགས་ཏེ། བྲང་གི་ནུ་མས་དགའ་བར་(༡༡༣ན)


GLG020_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང་། སྙིང་པོར་གྱུར་བའི་བཅུད་མང་རབ་ཏུ་འཛིན་པའི་ལང་ཚོ་ཅན། བཞད་ཀྱི་རྗེས་མཚུངས་སྐད་ཀྱི་སྒྲ་ལྡན་དྲིལ་ཆུང་འདྲ་བ་ཅན་མ་དེས་ནི་རོ་བཙའ་བའི་བཅུད་ལེན་ལ་སྙིང་པོ་མེད་པར་རིག་པར་བྱས་སོ། །དཔེར་ན། ངག་དབང་ལྷ་མོས་ངག་གི་དཔལ། །ངག་གི་འདོད་འཇོ་ངག་རྣམས་ལ། །ངག་དབང་མ་ལྟར་ངག་སྩོལ་བས། །ངག་འདོད་ཚོགས་རྣམས་ངག་གིས་བསྟོད། །ཅེས་པ་ལྟ་བུ། གཉིས་པ་མི་མཉམ་པ་ཉིད་ཀྱི་ཐོག་མཐའ་དང་། མཉམ་པ་གཉིས་ཀྱི་ཐོག་བར་ན་ཡོད་པའི་ཆོད་ཅིང་མ་ཆོད་པ་ནི། རབ་ཏུ་བརྟན་ཞིང་། བློ་གྲོས་རྒྱས་པ། ཚུལ་དང་ཚུལ་མིན་པ་ལེགས་པར་བརྟག་པ་འདི་ཡིས་ནི་ཚུལ་ལེགས་པ་མེད་པར་དགེ་བའི་ཐབས་ལ་མིག་ལོང་བ་རྣམས་ཀྱི་མ་རུངས་པ་རྣམ་པར་ཐུལ་ཞིག །གཞན་ཡང་རྙེད་པ་ལ་སོགས་པའི་སླད་དུ་བཞོན་པ་ཡོངས་སུ་ཉོན་མོངས་པ་མི་འགྲོ་ཞིང་། རྒྱལ་བའི་ཐེག་པར་འགྲོ་བ་དག་གི་དགེ་བའི་ཐབས་ཚུལ་མ་ཐོབ་པ་རྣམས་ཐོབ་པ་རྣམས་ཐོབ་པ་དག་ལ་བརྟེན་ནས་སྐྱེད་པར་མཛོད་ཅིག །དཔེར་ན། མཛེས་མཛེས་མིག་ཟུར་གཡོ་བ་རྣམས་མཛེས་མཛེས། །མཛེས་མཛེས་ལང་ཚོ་ངོམ་ཡུལ་མཛེས་མཛེས་རྣམས། །མཛེས་མཛེས་སྒེག་མོའི་གམ་དུ་ཚུལ་མཛེས་མཛེས། །མཛེས་མཛེས་དེས་ཀྱང་འདོད་ལྡན་མཛེས་མཛེས་བྱེད། །ཅེས་པ་ལྟ་བུ། ལྔ་པ་ལ་གཉིས་ལས། དང་པོ་ཆོད་པ་ནི། །མཚུངས་མེད་ལྕི་བའི་མཚོན་ཆ་དང་ལྡན་པའི་(༡༡༣བ)


GLG020_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

གཡུལ་དུ་ཁྱབ་འཇུག་གི་རྒྱལ་མཚན་ལ་གནས་པའི་དཔའ་བོ་བྱ་ཡི་སྒྲས་ལྷ་མ་ཡིན་ས་སྐྱེས་ཀྱང་ནི་འབྲོས་པར་བྱེད་ན། ཉི་མ་བཞིན་དུ་བཟོད་པར་དཀའ་བའི་དྲག་པོ་འཕྲོག་བྱེད་འདིའི་མདུན་འཇིགས་རུང་དུ་ནི་གཡུལ་ལ་དགྲ་རྣམས་བཤན་པས་ལུག་གསོད་པ་དང་མཚུངས་པར་རིག་གོ །དཔེར་ན། དཀར་མཛེས་ཆ་ཤས་རྫོགས་པའི་དཀྱིལ་འཁོར་དཀར། །དཀར་མདངས་འོད་ཟེར་ཚོགས་ཀྱི་ཀུ་མུད་དཀར། །དཀར་འཛུམ་འདབ་མ་རྒྱས་ཚེ་པདྨ་དཀར། །དཀར་བའི་འདབ་མ་ཟུམ་ཚེ་མཚན་མོ་དཀར། །ཞེས་པ་ལྟ་བུ། གཉིས་པ་ཆོད་ཅིང་མ་ཆོད་པ་ནི། མཚན་མོ་རིང་བ་ཚད་མེད་པའི་ཐུན་དང་ལྡན་པ། ལུས་རིད་པས་དཔལ་མེད་ལ། གྲོགས་མེད་པས་སྡུག་བསྔལ་ཚད་མེད་ཅིང་། མཐར་ནི་བགྲོད་བྱ་འཁྲིག་པ་ཉམས་སུ་མྱོང་བ་མིན་པས་ཚེ་ཟད་པའི་ནད་ལ་བརྟེན་པ་དང་། བཅུ་དྲུག་ཆ་ཡི་རང་བཞིན་ཟླ་བ་ལས་ནད་འཕེལ་བ་ཅན། མཛའ་བོ་དང་བྲལ་བའི་ནད་ཀྱིས་གཟིར་བ། སྐལ་ལྡན་མ་ནི་སྙིང་རྗེའི་རང་བཞིན་དུ་སོམས་ལ་འབྲལ་མེད་མཛོད་ཅིག །དཔེར་ན། ལྗང་ལྗང་སྤང་ལྗོངས་འོག་པག་རྣམས་ལྗང་ལྗང་། །ལྗང་ལྗང་རྐང་འཐུང་ལོ་འདབ་མདོག་ལྗང་ལྗང་། །ལྗང་ལྗང་ནེ་ཙོའི་སྒྲོ་གཤོག་སྲབ་ལྗང་ལྗང་། །ལྗང་ལྗང་མ་གད་ཁུ་བས་བྱུགས་ལྗང་ལྗང་། །ཞེས་པ་ལྟ་བུ། དྲུག་པ་ལ་གཉིས་ལས། དང་པོ་ཆོད་པ་ནི། གཞན་དོན་ངལ་མེད་ཁྱོད་ཀྱི་བློ་ལ་མཉམ་ཉིད་ལས་ཟློག་པ་ཉིད་ནི་མ་ཡིན་(༡༡༤ན)


GLG020_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བླ་མེད་ཆོས་ཀྱི་རྗེས་སུ་མི་མཐུན་པའི་ཕྱིར་འགྲོ་བ་མ་ཡིན་ལ་གདུང་བ་མེད་པར་དོན་ཐོབ་པ་དང་། སྐྱེས་བུ་མཆོག་གི་རྗེས་སུ་མཐུན་པ་ཉིད་དང་། སྲིད་འབྱོར་ལ་དགའ་བ་དང་འདོད་པ་མེད་པ་མེད་པའི་དྲང་སྲོང་རྣམས་ཀྱི་བཞེད་པ་ཞི་བདེ་དག་ལས་རྒྱལ་ལོ། །དཔེར་ན། བློ་གྲོས་རབ་རྒྱས་བློ་གསལ་རྣམས་ཀྱི་བློ། །བློ་རིག་འཇམ་དབྱངས་བློ་ལྟར་ཐོགས་མེད་བློ། །བློ་ལྡན་ཀུན་སྨོན་བློ་ཆེན་རངས་པའི་བློ། །བློ་མཆོག་དམ་པ་བློ་གྲོས་བརྟན་པའི་བློ། །ཞེས་པ་ལྟ་བུ། གཉིས་པ་ཆོད་ལ་མ་ཆོད་པ་ནི། དུས་ཀྱི་དུས་ཆེན་པོ་དབང་ཕྱུག་ནི་མགྲིན་ནག་ངོ་ནག །ཁྱུ་མཆོག་ནག་པོའི་རྒྱལ་མཚན་ཉིད་དག་འཛིན་པ་ནི། སྙན་སྒྲོག་གླུ་དབྱངས་དག་གི་སྒྲོག་བྱེད་བུང་བའི་ཚོགས་རྣམས་དང་། དབྱར་དུས་ཀྱི་སྤྲིན་ནག་ལྟར་གནག་པ་དང་། འཆི་བདག་གི་དུས་ཀྱིས་མི་གཟུང་ལ། དུས་གསུམ་དང་ཉི་ཟླ་ལ་སོགས་པའི་དུས་བརྒྱད་དུ་འཆར་བ། ཆ་ཐམས་ཅད་ཀྱི་གཙོ་བོ་དབང་ཕྱུག་ཁྱོད་ཀྱི་ཆུ་འཛིན་གྱིས་མཛེས་པ་གངས་རིའི་ཕག་ཏུ་དཀའ་ཐུབ་ལས་བཟློག་པའི་བྱ་བ་དཀའ་བས་འཚོ་བའི་བུད་མེད་སྐྲའི་ལན་བུའི་ཕྲེང་བས་མགོ་བོ་ནག་པ་ཅན་བསྟེན་པར་མཛོད་ཅིག །དཔེར་ན། དཀར་དཀར་གངས་ཀྱི་རི་བོ་ཇི་བཞིན་དཀར་དཀར་རི་བོང་ཅན་དཀར་དཀར། །དཀར་དཀར་པདྨའི་རྩ་བ་ལྟ་བུ་དཀར་དཀར་རྒྱལ་བའི་ཐུགས་དཀར་དཀར། །དཀར་དཀར་འོ་མའི་རྒྱ་མཚོ་ཇི་ལྟར་དཀར་དཀར་ལུས་ཕྲའི་གདོང་དཀར་དཀར། །དཀར་དཀར་དཔལ་མོའི་ལོགས་སྐྱེས་ལྟར་དུ་དཀར་དཀར་ཆུ་འཛིན་ཕྲེང་དཀར་དཀར། །ཞེས་པ་ལྟ་བུ། །

མཐའ་ཐོག་སྦྱར་བའི་ཟུང་ལྡན་གྱི་སྐོར་བཤད་པ།


GLG020_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཐོག་སྦྱར་བའི་ཟུང་ལྡན་གྱི་སྐོར་བཤད་པ།གསུམ་པ་མཐའ་ཐོག་སྦྱར་བའི་ཟུང་ལྡན་ལ། དམ་བཅའ། དཔེར་བརྗོད་གཉིས། དང་པོ་ནི། རྐང་པ་གཉིས་ཀྱི་མཐའ་ཐོག་ནི་རབ་ཏུ་སྦྱར་བ་ཟུང་ལྡན་གྱི་གནས་སྐབས་འདིར་བརྗོད་པའི་ཁོངས་སུ་འདུ་མོད་ཀྱང་། རང་དབང་ཉིད་ཀྱིས་ཏེ་རང་སྐྱ་ཐུབ་པས་འདིར་བཤད་དོ། །གཉིས་པ་ནི། མཛའ་བོ་ཆགས་པས་མྱོས་པས་ཉེ་བར་གནས་ཀྱང་། བུད་མེད་དེས་བདག་ཉིད་ལ་མ་སྦྱར་བས་བདག་གིས་ལན་ལེན་སྙམ་པའི་ཁོང་ཁྲོ་བ་ཡི་སྡིག་པའི་རོ་དང་སྦྱར་ཏེ། ལུས་མེད་འདོད་པ་དག་གིས་གདུངས་པར་གྱུར་ཀྱང་། བདག་ནི་མཛའ་མོ་འདི་ཉིད་གདུང་བའི་སླད་དུ་ཁྱིམ་དུ་མ་སྡད་དོ། །དཔེར་ན། སྙན་ངག་རྒྱ་མཚོ་འཆད་ལ་མཁས་པའི་དཔལ། །དཔལ་ལྡན་དཔའ་བོའི་ཁེངས་འཕྲོག་ཕུར་བུ་ཡང་། །ཡང་ཡང་འདུད་པའི་ཚུལ་གྱིས་ནམ་མཁའི་ངོས། །ངོས་ཀྱིས་ཡང་ཡང་འོང་བ་གཟིགས་ལགས་སམ། །ཞེས་པ་ལྟ་བུ།

ཀུན་ཏུ་ཟུང་ལྡན་གྱི་སྐོར་བཤད་པ།


GLG020_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་ཟུང་ལྡན་གྱི་སྐོར་བཤད་པ།བཞི་པ་ཀུན་ཏུ་ཟུང་ལྡན་ལ། རྐང་པ་བཟླས་པ། ཚིགས་བཅད་བཟླས་པ། ཟུང་ལྡན་ཆེན་པོ་དང་གསུམ། དང་པོ་ལ་སྤྱིར་བསྟན་པ། སོ་སོར་བཤད་པ་གཉིས། དང་པོ་ནི། ཚིགས་བཅད་ཕྱེད་རྐང་པ་གཉིས་བཟླས་པ་ནི་ཡང་དག་སྦྱར་བ་ཡིན་ལ། འདི་ལ་དབྱེ་ན། དང་པོ་གསུམ་པ་དང་། གཉིས་པ་བཞི་པ། དང་པོ་གཉིས་པ་དང་གསུམ་པ་བཞི་པ། དང་པོ་བཞི་པ་དང་གཉིས་པ་གསུམ་པར་བཟླ་བ་གསུམ་དུ་འདོད་དོ། །རྐང་པ་བཟླས་པ་ལའང་། དུ་མ་སྟེ་མང་པོའི་བདག་ཉིད་ཡོད་དེ། ཕྱེད་དང་རྐང་པ་བཟླས་(༡༡༥ན)
པ་དེ་དག་གི་དཔེར་བརྗོད་གསལ་བར་བྱའོ། །གཉིས་པ་ལ། ཕྱེད་བཟླས་ཡང་དག་སྦྱོར་བ་དང་། གཞན་རྐང་པ་བཟླས་པ་གཉིས། དང་པོ་ལ་གསུམ་ལས། དང་པོ་ལ་གསུམ་པ་དང་གཉིས་པ་བཞི་པར་བཟླས་པ་ནི། སྐྱེས་བུ་བརྟན་པ་གང་ཞིག་སྙིང་སྟོབས་ཅན་དེས་ཀྱང་ཁེངས་པ་རབ་ཏུ་སྤང་བྱར་བྱས་ན། སྤང་བྱ་ཁེངས་པ་དེས་མཛའ་མོ་ཁྱོད་ཀྱིས་ཀྱང་མཆོག་ཏུ་འབད་པ་ཡིས་སྤོང་བའི་ཡིད་བརྟན་བྱའོ་འབད་མེད་མ། རྒྱ་དཔེར། ནཱསྠཱ་ཡཿསཏཱ་ཡཱ་བརྫ་ཞེས་པ་མི་མཉམ་པ་གཉིས་ལ་ཡོད་པས་མཚོན་ཏེ་ཤིན་ཏུ་གསལ་ལོ། །དཔེར་ན། གསེར་སྦྱངས་གསེར་རི་གཙོ་མའི་འོད་རབ་རྣམ་འབར་བ། །ནོར་འཛིན་ས་གཞི་མགོ་བོའི་ཐོད་དུ་རྣམ་པར་མཛེས། །གསེར་སྦྱངས་ཅོད་པན་གཙོ་མའི་འོད་རབ་རྣམ་འབར་བ། །ནོར་འཛིན་རྣམ་སྲས་མགོ་བོའི་ཐོད་དུ་རྣམ་པར་མཛེས། །ཞེས་པ་ལྟ་བུ། གཉིས་པ་དང་པོ་གཉིས་པ་དང་གསུམ་པ་བཞི་པར་བཟླས་པ་ནི། ཁྱོད་ཀྱི་དཔུང་གི་བགྲོད་པ་ཁྱབ་བདག་སྟེ་ཁྱབ་འཇུག་ལྟ་བུའི་གཟི་བྱིན་གྱིས་མཚོན་ཆ་ཡང་ཡང་རབ་ཏུ་སྦྱར་ཞིང་བསྣུན་པས། དགྲ་བོ་མཛེས་པ་མེད་པ་ཡིས་ཟད་དོ། །དེས་མི་རྣམས་དཔའ་བའི་ཚུལ་དང་ང་རྒྱལ་ཉམས་པར་བྱས་ནས་གདུངས་ཤིང་ཀྱེ་མ་རོ་རྣམས་བྱས་ཟོས་ཤིང་རྣམ་པར་བཅོམ་མོ། །དཔེར་ན། ཐོར་ཚུགས་ཟླ་དབྱངས་ཅན་ལྷ་ཚེས་ཀྱིས་མཛེས་པ། །ཐོར་ཚུགས་དབང་ཕྱུག་ཟླ་ཚེས་ཀྱིས་མཛེས་པ། །ཤེས་ལྡན་རྣམས་ཀྱི་དགའ་བའི་དཔལ། །ཤེས་ལྡན་རྣམས་ཀྱི་དགའ་བའི་དཔལ། །ཞེས་པ་ལྟ་བུ། གསུམ་པ་དང་པོ་བཞི་(༡༡༥བ)


GLG020_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉིས་པ་གསུམ་པར་བཟླས་པ་ནི། འབྲུག་གི་སྒྲ་ཡིས་སྤྲིན་བགྲོད་ཅིང་ཆར་བབས་པ་ན་དབྱར་སྐྱེས་སྦལ་པ་དང་རྨ་བྱའི་ཚོགས་རྣམས་མཛེས་པ་ཉིད་དུ་ཉེ་བར་གྱུར་ལ། རླུང་གི་ཚོགས་སྟུག་པོ་དང་བྲལ་བས་ཆུར་སྒྲོག་ངང་པའི་ཚོགས་རྣམས་ཀྱི་སྒྲ་སྙན་པ་དང་བྲལ་བ་ཉིད་དུ་གྱུར་རོ། །དཔེར་ན། དཀར་འཇམ་ཅན་ཟླ་བ་གྱིས་དགའ་བྱེད་པ། །སྙན་པའི་སྒྲ་དབྱངས་བྲམ་ཟེ་སྒོག་མཁས་ཅན། །སྙན་པའི་སྒྲ་དབྱངས་བུང་བ་སྒྲོག་མཁས་ཅན། །དཀར་འཇམ་ཅན་པདྨ་གྱིས་དགའ་བྱེད་པ། །ཞེས་པ་ལྟ་བུ། གཉིས་པ་གཞན་རྐང་པ་བཟླས་པ་ལ། ལན་གཅིག་བཟླས་པ། ལན་གཉིས་བཟླས་པ། ལན་གསུམ་བཟླས་པ། དོན་བསྡུ་བ་དང་བཞི། དང་པོ་ལ་དྲུག་ལས། དང་པོ་དང་པདྨ་པོ་གཉིས་པར་བཟླས་པ་ནི། འདོད་པས་གདུངས་ཀྱང་སྲོག་འཚོ་བའི་དབང་ཕྱུག་མཛའ་བོ་ཡིས། ཁོ་མོ་ལ་འདུད་ཀྱང་བདག་ནི་ངོ་ཚ་དམན་ཞིང་། ཁེངས་པ་ངེས་པར་གྲུབ་པའི་དབང་དུ་གྱུར་པས་བརྩེ་བ་སྤངས་པའི་བདག་ཉིད་མས་ཡིད་ཀྱིས་མཛའ་བོའི་བྲང་ལ་རང་གི་འོ་མ་འཛིན་པའི་ཁུར་གཉིས་པོ་ཉེ་བར་གཏད་ནས་ཀུན་ཏུ་འཁྱུད་པར་མ་བྱས་པས་འགྱོད་དོ། །དཔེར་ན། གནས་ལྔ་རིག་པའི་དབང་ཕྱུག་ཆེ། །གནས་ལྔ་རིག་པའི་དབང་ཕྱུག་ཆེ། །ཤོང་དཔང་མཁས་པའི་རྣམ་དཔྱོད་ལ། །གངས་ཅན་ལྗོངས་འདིར་སུ་ཡིས་འགྲན། །ཞེས་པ་ལྟ་བུ། །གཉིས་པ་དང་པོ་གསུམ་པར་བཟླས་པ་ནི། ལྷ་རྣམས་ཀྱི་མདུན་སར་རྟོག་མེད་བུད་མེད་རྒྱན་གྱིས་རྣམ་པར་མཛེས་པ་གནས་པའི་ས་དེར། རྒྱལ་པོ་ཁྱོད་ཀྱི་ཡོན་ཏན་པད་རྩ་དྲི་མ་མེད་པ་ལྟར་(༡༡༦ན)


GLG020_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་ཤིང་། རྒྱལ་པོ་དེ་ནི་ཕྱིས་གྲོང་ཁྱེར་བཟང་པོ་རྣམས་ཀྱི་རྒྱན་ཕུན་སུམ་ཚོགས་པས་བརྒྱན་པའི་བུད་མེད་དག་དང་རྣམ་པར་རྩེ་ཞིང་སྤྱོད་དོ། །དཔེར་ན། རྣམ་པར་བཀྲ་ཤིང་འཁྱུག་པ་ཡི། །གློག་སྟོང་ཅན་དེ་མཁའ་ལ་རྒྱུ། །རྣམ་པར་བཀྲ་ཤིང་འཁྱུད་པ་ཡི། །རྨ་བྱ་ས་ལ་གར་གྱིས་རོལ། །ཞེས་པ་ལྟ་བུ། གསུམ་པ་དང་པོ་བཞི་པར་བཟླས་པ་ནི། སྙན་པར་སྨྲ་བ་དང་། ལུས་སྐྱེས་དུད་པ་དང་། ནུ་མ་གཉིས་མཐོ་ཞིང་ལང་ཚོ་དར་བབ་མས། ཁྱོད་ལས་གཞན་པའི་སྐྱེས་བུ་སུ་ཞིག་འདོད་པས་མ་བཅོམ་པ་དེའི་ཕྱིར། འབྱུང་པོ་ལུས་ལྡན་ཏེ་མི་རྣམས་ཀྱི་ནང་ནས་འདོད་པའི་སྐྱོན་ལས་གྲོལ་པ་ཁྱོད་གཅིག་བུ་ཡིན་པས་སོགས་ཞེས་དྲང་བ་ལ་ནི་མིང་གཞན་མེད་པས་ཉེ་བར་འགྲོ་བ་མ་ཡིན་ནོ། །དཔེར་ན། ཚ་གདུང་རྣམ་པར་འཕྲོག་མཁས་པ། །དཔལ་གྱི་ཆུ་འཛིན་གཞོན་ནུ་མ། །མ་ལ་ཡ་ཡི་རླུང་གིས་ཀྱང་། །ཚ་གདུང་རྣམ་པར་འཕྲོག་མཁས་པ། །ཞེས་པ་ལྟ་བུ། བཞི་པ་གཉིས་པ་གསུམ་པར་བཟླས་པ་ནི། རྒྱལ་པོ་ཁྱོད་ཀྱི་དམག་དཔུང་ཁྱབ་འཇུག་ལྟ་བུ་གོ་བསྒོས་ཤིང་མཚོན་རྣོན་པོ་ལྡན་པ། དཔའ་བོའི་ཚོགས་དག་གིས་ཕྱོགས་རྣམས་སུ་རྣམ་པར་རྒྱལ་བའི་གྲགས་པ་དང་ལྷན་ཅིག་པར། རྟ་གླང་གི་རྨིག་པའི་རྡུལ་དག་རྒྱས་པར་བྱེད་པའི་གཡུལ་གྱི་སྦྱོར་བའི་སྒོ་ནས། །དགྲའི་རིགས་ལུས་བྲལ་ཞིང་གཟི་བརྗིད་མེད་ལ། རྒྱགས་པ་ཉམས་པར་བྱེད་དོ། །དཔེར་ན། །རྣམ་འདྲེན་ཤཱཀྱའི་དབང་པོ་ཡིས། །ཕན་པའི་འདོད་པ་འཇོ་བར་མཛད། །ཕན་པའི་འདོད་པ་འཇོ་བར་མཛད། །ཡིད་བཞིན་དབང་གི་རྒྱལ་པོས་ཀྱང་། །ཞེས་པ་ལྟ་བུ། ལྔ་པ་གཉིས་པ་བཞི་(༡༡༦བ)


GLG020_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཟླས་པ་ནི། དྲན་ལྡན་བདག་ལས་ཕན་པའི་ཚིག་གཅིག་ཉན་པར་མཛོད་ཅིག །རྒྱལ་པོ་ཁྱོད་ཀྱི་དཔལ་ལྡན་པའི་ལག་པ་དང་ལྷན་ཅིག་ལག་འགྲོ་ཀླུ་ཡིས་ཀྱང་སའི་དཀྱིལ་འཁོར་རྣམ་འཛིན་པ་དེའི་ཕྱིར། ས་གཞི་འཛིན་པ་རང་གི་ལག་པ་ཁོ་ནར་རིགས་ནས་རྒྱགས་པ་རྒྱས་པར་ཡོངས་སུ་མ་བྱེད་ཅིག །དཔེར་ན། ཤེས་རབ་རྣམ་པར་རྒྱས་མཛད་པ། །ངག་གི་དབང་ཕྱུག་འཇམ་དཔལ་དབྱངས། །མི་ཤེས་མུན་པ་ཞི་མཛད་པའི། །ངག་གི་དབང་ཕྱུག་འཇམ་དཔལ་དབྱངས། །ཞེས་པ་ལྟ་བུ། །དྲུག་པ་གསུམ་པ་བཞི་པར་བཟླས་པ་ནི། འདོད་པའི་མེ་གང་ཁེངས་པ་རབ་ཏུ་བསྒྲུབ་པ་ལས། དུས་སྐད་ཅིག་མ་རེ་དང་མཉམ་དུ་རྒྱས་པས་པདྨའི་མིག་ཅན་ཁྱོད་རང་གི་མཛའ་བོ་ལ་ལྟ་བའི་རོ་ལ་ཞེན་མེད་ཁྱོད་ཀྱིས་བདེ་བ་དེ་དག་ནི་ཀུན་ནས་ལྷག་མེད་དུ་ཉམས་པ་ཉིད་དུ་ཅིས་མི་བྱེད་དེ་བྱེད་དོ། །དཔེར་ན། ཕྱི་རོལ་རིག་སྨྲའི་སྟོན་པ་དང་། །ནང་པའི་ལུགས་འཛིན་གཉིས་ཀྱི་ལྷ། །གདོང་བཞིའི་ཚངས་པ་མཆེ་བ་ལས་འཁྲུངས་པ། །གདོང་བཞིའི་སྤྱན་རས་གཟིགས་མཆེ་བ་ལས་འཁྲུངས་པ། །ཞེས་པ་ལྟ་བུ། གཉིས་པ་ལན་གཉིས་བཟླས་པ་ལ་གསུམ་ལས། །དང་པོ། ཐོག་མ་གཉིས་པ་དང་གསུམ་པར་བཟླས་པ་ནི། གཞན་ལ་མ་དུད་པའི་རྒྱལ་པོ་ཁྱོད་ཀྱི་ནི་འཇིག་རྟེན་གྱི་བདག་པོར་གྱུར་ཚེ། བསོད་ནམས་ཀྱི་མཐུ་ཡིས་མཐུ་ལྡན་རིན་ཆེན་ལྔ་པོ་བརྒྱ་བྱིན་དག་གིས་བཏུད་པ་དེའི་ཕྱིར་གསར་པའི་བཏུང་བ་བདུད་རྩི་དང་ལྡན་པའི་མཆོད་སྦྱིན་ནི། དུས་ཀྱི་གྲངས་ངེས་པ་ཉིད་དུ་ཆད་པར་མ་གྱུར་ཏོ། །དཔེར་ན། དཀར་ཞིང་དྲི་བཟང་དགའ་བ་སྐྱེད། །དཀར་ཞིང་དྲི་བཟང་དགའ་བ་སྐྱེད། །དཀར་ཞིང་དྲི་བཟང་དགའ་བ་སྐྱེད། །དབྱངས་ཅན་པདྨ་ཟླ་བ་མཛེས། །ཞེས་པ་ལྟ་བུ། །གཉིས་པ། དང་པོ་ནི་གསུམ་པ་དང་། (༡༡༧ན)


GLG020_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པར་བཟླས་པ་ནི། རྒྱལ་པོ་ཁྱོད་ཀྱི་དཔུང་གི་གླང་པོ་རྣམས་ནི། གླང་པོ་གཞན་དང་གཞན་དག་མང་པོའི་སྟོབས་དང་ལྡན་ཞིང་། ང་རྒྱལ་གྱི་སྒྲ་སྒྲོག་པ། རབ་ཏུ་རྒྱུད་དེ་བགྲོད་པ་ཡི་ཐང་ལ་རྡུལ་བསྒྲུབས་པ་ཡིས་ནམ་མཁའ་འགོག་པར་བྱེད་ཅིང་། གཡུལ་གྱི་སྟོབས་དང་ལྡན་པས་མཆོག་ཏུ་གཞན་གྱི་གླང་པོ་རྣམས་གསད་ཕྱིར་རྒྱུག་གོ །དཔེར་ན། ཁ་དོག་རྣམ་པར་རྨ་བྱ་བཀྲ་བ་ཅན། །འདྲེན་བྱེད་དག་གི་དགའ་སྟོན་དེ། ཁ་དོག་འཇའ་རྣམ་པར་བཀྲ་བ་ཅན། ཁ་དོག་རྣམ་པར་ལུས་ཕྲའི་མིག་བཀྲ་བ་ཅན། ཞེས་པ་ལྟ་བུ། གསུམ་པ། གཉིས་པ་གསུམ་པ་བཞི་པར་བཟླས་པ་ནི། སྨིན་ལེགས་ཁྱོད་ལྟ་བུ་མཉམ་པར་མ་བཞག་པས། སྲིད་པ་འདིར་ནི་ཆགས་སྡང་རྣམ་པ་གཉིས། མི་མཉམ་པ་དང་། ཀུན་ལ་ཕན་པ་མེད་ཅིང་། གནོད་པ་རྣམས་ཀྱི་ཚིགས་མི་བདེན་པ་ལོག་པ་གྱུར་པ། སྒྲུབ་བྱེད་མི་མཉམ་པ། རྫུན་ལྷུར་ལེན་པ་དང་། གཡོ་སྒྱུ་སྦྲུལ་བགྲོད་དང་མཚུངས་ལ་ངོ་ཚ་མེད་པའི་བུད་མེད་ཁྱོད་ལ་བདག་མི་དད་དོ། །དཔེར་ན། རྣ་བར་སྙན་ཞིང་རབ་བརྗིད་པ། མགྲིན་པར་སྒྲོག་པའི་དབྱངས་སངས་རྒྱས་ཀྱི་གསུང་སྙན་པོ། །མགྲིན་པར་སྒྲོག་པའི་དབྱངས་དྲི་ཟའི་སྙན་པོ། །མགྲིན་པར་སྒྲོག་པའི་དབྱངས་ཀ་ལ་པིངྐ་སྙན་པོ། །ཞེས་པ་ལྟ་བུ། །གསུམ་པ་ལན་གསུམ་བཟླས་པ་ནི་དགྲ་ཡི་མཛེས་པ་ཉམས་པར་བྱེད་ཅིང་། རྒྱལ་པོའི་སྡེ་ཀུན་གྱིས་ཚུར་བཏུད་པ། སྐྱེས་མཆོག་ཨུ་མས་གླུ་ཕན་པར་བྱེད་པའི་ལྷའི། རྗེ་དབང་ཕྱུག་གི་དཔལ་མེད་པ་མིན་པ། སྙིང་སྟོབས་ཀྱི་གོ་ཆ་བགོས་ཤིང་། ཨུ་མས་བཏུད་པས་གཙུག་ན་ཟླ་བ་དངོས་དང་འདྲ་བ་(༡༡༧བ)


GLG020_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་མཆོད་ཡུལ་ཐོབ་པའི་དམ་པ་ཉེས་པའི་རྡུལ་མེད་པ། མ་མཛེས་པ་མིན་པའི་གཙོ་བོ་ཁྱོད་དོ། །དཔེར་ན། འོད་ཀྱི་ཐུགས་རྗེའི་འོད་རྣམ་པར་རྒྱས་པར་བྱེད། །འོད་ཀྱིས་རྣམ་ཉི་མའི་འོད་པར་རྒྱས་པར་བྱེད། །འོད་ཀྱིས་རྣམ་པར་ཟླ་བའི་འོད་རྒྱས་པར་བྱེད། །འོད་སྒྲོན་མེའི་འོད་ས་རྣམ་པར་རྒྱས་པར་བྱེད། །ཅེས་པ་ལྟ་བུ། བཞི་པ་དོན་བསྡུ་བ་ནི། །དེ་ལྟར་རྐང་པ་ལན་གཅིག་དང་། གཉིས་དང་གསུམ་བཟླས་པ་ཡང་བསྟན་ཟིན་ཏོ། །གཉིས་པ་ཚིགས་བཅད་བཟླས་པ་ལ། མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། ཚིགས་བཅད་གཉིས་དང་ལྡན་པའི་དོན་ནི། ཚིགས་བཅད་གཉིས་བཟླས་པ་ཡིན་ཏེ། དཔེར་ན། གཉིས་པ་ཚིགས་བཅད་འདྲ་བ་གཉིས་ནི། ཟླུམ་ཞིང་རྒྱས་བའི་ལག་པ་ཅན་གྲོགས་མིན་པ་དགྲ་རབ་ཏུ་འཇོམས་པར་བྱེད་པ་རྣམ་འདྲེན་ཁྱོད་ཀྱི་བསྟན་པ་འདིས་སའི་དཔལ་མི་མཚུངས་པ་སྟེ་དོ་ཟླ་བྲལ་བས་འཇིགས་པ་མེད་དོ། །ཡང་ཁྱོད་ཀྱི་དགྲ་ནི་ཁོ་རང་གི་འདྲེན་པ་དག་དང་བྲལ་བར་གྱུར་ཅིང་ལག་པ་སྲེག་རྫས་སློང་བ་ལ་སྲེག་ཁང་དུ་ཉེ་བར་གྱུར་པ་དང་། རང་གི་གྲོགས་ཀྱིས་བློས་བཏང་ཞིང་དགྲ་ཡིས་ནི་མཚུངས་པ་མེད་པའི་ས་མཐོ་རིས་འདི་མངོན་པར་བསྟེན་དུ་འཇུག་གོ །རྒྱ་དཔེར་ཚིག་གཟུགས་གཅིག་པའི་ཤོ་ལོ་ཀ་གཉིས་སོ། །དཔེར་ན་མིག་ལ་དཔལ་སྟེར་མཛེས་པའི་སྐུ། །རྣ་བར་སྙན་པའི་དབྱངས་སྒྲོག་མཁན། །ཡིད་ལ་དགའ་བ་སྐྱེད་བྱེད་པའི། །ཟླ་བའི་སྤུན་ཟླ་དབྱངས་ཅན་ཨེ་མ་མཚར། །མིག་ལ་དཔལ་སྟེར་མཛེས་པའི་སྐུ། རྣ་བར་སྙན་པའི་དབྱངས་སྒྲོག་མཁན། །ཡིད་ལ་དགའ་བ་སྐྱེད་བྱེད་པའི། །ཟླ་བའི་སྤུན་ཟླ་སྒེག་མོ་ཨེ་མ་མཚར། །ཞེས་པ་ལྟ་བུ། གསུམ་པ་ཟུང་ལྡན་ཆེན་པོ་ལ་མཚན་ཉིད་རྩོད་(༡༡༨ན)
སྤོང་དང་བཅས་ཏེ་བཤད་པ་དང་། དཔེར་བརྗོད་གཉིས། དང་པོ་ནི། རྐང་པ་བཞི་རྣམ་པ་གཅིག་པ་གང་ཟུང་ལྡན་ཆེན་པོར་བརྗོད་པ་ཡིན་ལ། དེ་ལའང་ལན་གསུམ་བཟླས་པར་མཐོང་མོད་དེ། དེས་ནའང་ཟུང་ལྡན་སྔ་མའི་བྱ་བ་དང་མི་འདྲ་བ་གཅིག་བར་མ་ཆོད་ལ་ཡི་གེ་གཞན་མེད་པ་ཡིན་ནོ། །གཉིས་པ་ནི། མཉམ་མེད་དཔལ་ལྡན་མཚུངས་མེད་མ་ཁེངས་པ་དང་ལྡན་ཡང་ངལ་བ་ཙམ་སྟེ། དེ་དག་དང་ནི་མཛའ་བོ་བོར་བའི་ཁེངས་པ་མཉམ་པ་ཉིད་དུ་ལྡན་པ་སྟེ། ཚུལ་མིན་པ་དེ་དག་དོར་བའི་སྤྱོད་ཚུལ་ཚད་ལྡན་འདི་དང་འགྲོགས་སུ་ཆུག་ཅིག །དཔེར་ན། དྲི་མེད་རྒྱལ་བའི་ཐུགས་རབ་གསལ་དྲི་མེད་དབྱངས་ཅན་སྐུ་གསལ། དྲི་མེད་ནམ་མཁའ་རབ་གསལ་དྲི་མེད་དྭངས་མཚོ་གསལ། །དྲི་མེད་ཟླ་བ་རབ་གསལ་དྲི་མེད་མན་ཤེལ་གསལ། །དྲི་མེད་འཕགས་ཆེན་རབ་གསལ་དྲི་མེད་མེ་ལོང་གསལ། །ཞེས་པ་ལྟ་བུ།

འདྲེས་པའི་ཟུང་ལྡན་བཤད་པ།


GLG020_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པའི་ཟུང་ལྡན་བཤད་པ།ལྔ་པ་འདྲེས་པའི་ཟུང་ལྡན་ནི། འཛིན་མ་འཛིན་པའི་ཀླུ་ལྷག་མ་ཅན་དང་མཚུངས་པ་དེ་རྣམ་པར་འཛིན་པ་འཛིན་མ་སྟེ་ས་ལ་སྤྱོད་པ་རྣམས་ཀྱི་དགྲ་སྡེའི་ལག་པ་རྣམ་པར་གནོན་པ་མི་དམན་པས་འཕྲལ་ལ་འཇོམས་པར་མྱུར་བ་དང་ལྡན་པ་ཁྱོད་ལ་མཆོད་པའི་ཁུར་ནི་བརྟན་པ་ཡི། ས་གཞི་དག་ནི་རིམ་པས་བསྲུང་བར་བཟོད་པ་མ་ཡིན་ནོ། །དཔེར་ན། མཛད་བཟང་མཆོག་གིས་མཆོག་དམན་འགྲོ་འདྲེན་མཛད། །མཛད་བཟང་སྤེལ་མཁས་མཁས་མཆོག་དབུས་ན་བཙུན། །བཙུན་བཙུན་ཟས་གཙང་རིགས་འཁྲུངས་ཐམས་ཅད་མཁྱེན། །མཁྱེན་བརྩེའི་དཔལ་གྱུར་དཔལ་ལྡན་ཤཱཀྱའི་གཙོ། །ཞེས་པ་ལྟ་བུ།

ལྡོག་པའི་ཟུང་ལྡན་བཤད་པ།


GLG020_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པའི་ཟུང་ལྡན་བཤད་པ།དྲུག་པ་ལྡོག་པའི་ཟུང་ལྡན་ལ། མཚན་ཉིད་དང་དཔེར་བརྗོད་གཉིས། དང་པོ་ནི། དེ་ཡང་རྐང་པ་ཕྱེད་པ་དང་། ཚིགས་བཅད་ཕྱེད་པ་དང་། ཚིགས་བཅད་(༡༡༨བ)
རངས་པོ་ལྡོག་པའི་སྤྱོད་ཡུལ་ཅན་ཏེ། ཤོ་ལོ་ཀ་གཅིག་ལུགས་ལས་ལྡོག་པས་བསྐོར་བ་གསུམ་ནི་ཟུང་ལྡན་ལུགས་ལས་ལྡོག་པས་ན་ལུགས་ལས་ལྡོག་པ་ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་ལས། དང་པོ་རྐང་པ་ལྡོག་པ་ནི། གང་ལ་འབད་པ་བྱས་ཀྱང་དུས་བཏབ་པ་ལས་ཡོལ་བས་ཆགས་གདུངས་ཀྱིས་བདག་ལུས་ཕྲ་མོ་ཉིད་དེ་ནི་བདག་གིས་ཐོབ་པར་མཛད་མོད། ད་ནི་མཛའ་བོ་ཁྱོད་ལ་རེ་འདོད་མེད་པས་བྱེད་མེད་ཀྱི་ལྷ་བེམ་པོའི་རང་བཞིན་ཅན་བསྟོད་ནས་འོངས་པ་ཁྱོད་རང་གང་འདོད་དུ་གྲོ་བར་གྱུར་ཅིག་རྒྱ་དཔེར། ཡཱ་མ་ཏཱ་ཤ་ཀྲྀ་ཏཱ་ཡཱ་སཱ་སཱ་ཡཱ་ཏཱ་ཀྲྀ་ཤ་ཏཱ་མ་ཡཱ། ཞེས་པས་མཚོན་ཏེ་ཤིན་ཏུ་གསལ་བ་ཡོད་ལ། དཔེར་ན། དཀར་མོ་ལྷ་མཆོག་མཛེས་པ་ལྡན། །ལྡན་པ་མཛེས་མཆོག་ལྷ་མོ་དཀར། །ལེགས་ལྡན་བདེ་བ་སྟེར་གྱི་དཔལ། །དཔལ་གྱི་སྟེར་བ་བདེ་ལྡན་ལེགས། །ཞེས་པ་ལྟ་བུ་གཉིས་པ་ཚིགས་བཅད་ཕྱེད་ལྡོག་པ་ནི། ནཱ་དི་སྟེ། དེ་ཉིད་རྟོགས་པ་ལྡན་པ་བདག་རང་གི་བློ་མི་འདོད་པ་འགའ་ཡང་མེད་པ་སྟེ་མྱོས་པ་མིན་ལ། སེམས་དུལ་བ་འཇོམས་པར་བྱེད་པའི་འདོད་པའི་ལྷ་ཡི་རང་དབང་དུ་གདུང་པ་དག་ཀྱང་མེད་དོ། །དཔེར་ན། རབ་ཕྲ་ལུས་ལྡན་རིང་དཀྱུས་མིག །གདོང་པའི་མཛེས་པ་འདོད་པའི་རྟེན། །རྟེན་པའི་འདོད་པ་མཛེས་པའི་གདོང་། །མིག་དཀྱུས་རིང་ལྡན་ལུས་ཕྲ་རབ། ཅེས་པ་ལྟ་བུ། གསུམ་པ་ཚིགས་བཅད་རངས་པོ་ལྡོག་པ་ནི། ཀུན་གྱི་ཡིད་དུ་འགྲོ་ཞིང་། བདུད་འདོད་ལྷས་སྐྱོང་བ་གཞན་ཡིད་སྐུལ་བའི་ལྕག་མི་དམན་པ། གང་ཞིག་དབང་དུ་གྱུར་པའི་སྐྱེ་བོ་འདོད་པ་འཇོམས་བ་པ་གང་ལ་བདག་ཡིད་སོང་བ་སྐྱེ་བོ་བརྒྱའི་དབང་དུ་གྱུར་པའི་སྨད་འཚོང་མ་དེ་ལ་བྱོན་ཞེས་སྨྲས་སོ། །སྟོན་གྱི་འོད་ཟེར་འདི་ཡིས་ནི་གཟིར་བར་གྱུར་ཅིང་། ཚད་པས་བརྟན་མི་ཤེས་པ་དེ་ཡིས་ནི་ཉིན་མོའི་ནད་(༡༡༩ན)


GLG020_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དག་མ་ཐོབ་པ་མིན་པས་ཞེས་དོན་གྱིས་བུད་མེད་ལ་སྦྱར་ནས། མྱ་ངན་དང་བྲལ་སླད་ཁེངས་པ་མ་བྱེད་ཅིག་ཅེས་བོད་སྐད་ལས་བསྒྱུར་བས་ཤོ་ལོ་ཀ་མི་འདྲ་བ་གཉིས་སོ། །དཔེར་ན། རྒྱས་མཛེས་གསལ་བ་ཟླ་ཤེལ་མཆོག །མཛེས་ལྡན་གཙོ་མོའི་བུ་སྡུག་སྙིང་། །གཡོན་མིག་ཟུར་མཛེས་དཀར་ཟླའི་སྤུན། །ལུས་མེད་སྐེད་ཕྲ་མདའ་རྣོ་ངར། །ངར་རྣོ་མདའ་ཕྲ་སྐེད་མེད་ལུས། །སྤུན་ཟླའི་དཀར་མཛེས་ཟུར་མིག་གཡོན། །སྙིང་སྡུག་བུ་མོའི་གཙོ་ལྡན་མཛེས། །མཆོག་ཤེལ་ཟླ་བ་གསལ་མཛེས་རྒྱས། །ཞེས་པ་ལྟ་བུ། གཉིས་པ་བྱ་དཀའ་བའི་ཁྱད་པར་གཞན་བསྟན་པ་ལས། བ་ལང་གཅིན་གྱི་བྱ་དཀའ་བ་དང་། འཁོར་བའི་བྱ་དཀའ་བ་གཉིས། དང་པོ་ལ་མཚན་ཉིད་དང་། དཔེར་བརྗོད་གཉིས། དང་པོ་ནི། གལ་ཏེ་ཁྱེད་ཀྱི་ཡི་གེ་རྣམས་གཅིག་གི་སྟེ་རེ་རེ་བར་ཏུ་ཆོད་ཅིང་། སྟེང་མ་དཀྱུས་སུ་བཀླགས་པ་དང་། འོག་ནས་འཕར་ཏེ་བཀླགས་པ་གཉིས་གཟུགས་གཅིག་པ་དེ་ནི་བྱ་དཀའ་བ་དེ་ཉིད་དུ་རིག་ཅིང་བ་ལང་གཅིན་ཞེས་སྨྲས་ཏེ། དཔེར་ན། གཉིས་པ་ནི། ཆང་གིས་མྱོས་པ་འདྲ་བའི་མིག་ལྡན་ཟུར་མིག་གི་མཚོན་གྱིས་འདོད་པའི་ལྷ་འདི་རྒྱལ་བར་གྱུར་ཏེ། གལ་ཏེ་བདག་ཀྱང་དགའ་མ་གྲོགས་སུ་ཁུགས་པའི་སྡིག་པ་ཟད་ན་འདོད་པའི་ལྷ་ལ་ནི་ཐལ་མོ་སྦྱོར་རོ། །དཔེར་ན། དུས་ གསུམ་ རྒྱལ་ མཆོག་ དགའ་ ཉིད་ དཔལ་དུས་ ཀུན་ རྒྱལ་ སྲས་ བདག་ པ་ དཔལ་འཇམ་ དབྱངས་ བླ་ མ་ རབ་ ཏུ་ མཁས་འཇམ་ མགོན་ བླ༌ ན་ རབ་ མཛེས་ མཁས་རྒྱ་དཔེར། མ་དེ་ནོ་མ་དི་རཀྵཱི་ཎ་མ་དེ་ནོ་ཡ་དི་ཏ་ཏྐིཥཱ་ཎ། ཞེས་བརྒྱད་པོ་འདི་སྟེང་འོག་ཏུ་བྱས་རྗེས་བ་གླང་གཅིན་གསལ་བར་འབྱུང་ངོ་། །(༡༡༩བ)


GLG020_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་འཁོར་བའི་བྱ་དཀའ་ལ་ཕྱེད་འཁོར། ཀུན་འཁོར། གཞུང་ལས་དངོས་སུ་མ་ཐོན་པ་བཻཌཱུ་རྱ་ཁ་ཆེའི་ལུགས་ཀྱི་ཀུན་འཁོར་དང་གསུམ། དང་པོ་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི་གལ་ཏེ་ཚིགས་སུ་བཅད་པ་གཅིག་གི་ཕྱེད་སྔ་མ་དང་པོ་དཀྱུས་དང་འཐུར་དུ་བཀླགས་པ་འདྲ་ཞིང་། ཕྱི་མ་ཟློག་ནས་དཀྱུས་དང་འཐུར་ལ་འདྲ་བར་འཁོར་ན་ཕྱེད་དུ་འཁོར་བ་ཞེས་བརྗོད་དོ། །གཉིས་པ་ནི། མ་དུད་ཡིད་ལས་བྱུང་བ་འདོད་ལྷ་ཁྱོད་དར་བའི་ཕྱིར་སྡེ་ནི། ཁེངས་ལྡན་མ། མ་ཡིན་མིན་པ་སྟེ་ཡིན་ལ་ཡང་ན་འཁོར་བའི་འཇིགས་པ་ལས་དཔག་མེད་བསྒྲུབས་པས་ན། བདག་ཅག་འདོད་ཆགས་སྡིག་པའི་རང་བཞིན་ནོ། །མ་ནོ་བྷ་བ་ཏ་བཱ་ཎི་ཀཾ་ཞེས་པ་རི་མིག་ལ་བཀོད་པ་སྟེ། དཔེར་ན། ངག་ དབང་ དབྱངས་ དགའ་ རྒྱས་ རབ་ རིག་ བློ་དབང་ ཕྱུག་ ཅན་ ལྡན་ གསལ་ ཡངས་ པ་ རིག་དབྱངས་ ཅན་ ལྷ་ མཆོག་ དཔྱོད་ རྣམ་ ཡངས་ རབདགའ་ ལྡན་ མཆོག་ འཕེལ་ ལྡན་ དཔྱོད་ གསལ་ རྒྱས་གཉིས་པ་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། གལ་ཏེ་ཀུན་ཏུ་འཁོར་བ་ནི། ཕྱེད་སྔ་མའི་དང་པོ་དེ་སྟེང་ནས་དཀྱུས་དང་འཐུར། འོག་ནས་གྱེན་དང་ཡར་ཟློག་པས་སྒོར་མོར་འཁོར་བ་སྟེ། ཀུན་ཏུ་བཟང་པོ་ཞེས་པར་འདོད་དོ། གཉིས་པ་ནི། ཟླ་བ་ཤར་བ་དང་འདོད་པའི་ནད་ཡུན་རིང་པས་གདུང་བ་དག་ཅིས་མིན་ཏེ་གང་ཡང་རྒྱུ་མཚན་དགའ་མ་འདི་བདུད་འདོད་ལྷའི་རྒྱར་མ་ལྷུང་བ་ཞིག་སྟེ། བགྲོད་པ་འཁྲིག་པ་དང་། དེའི་གཏམ་གྱི་སྒྲ་དག་དེ་ལ་སྤྱོད་པའི་དཔལ་རྣམས་བཟློག་ཅིང་མེད་པ། ཁེངས་པའི་(༡༢༠ན)


GLG020_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་སྟོབས་དང་ལྡན་པ། གཡོ་སྒྱུ་ལ་གནས་པའི་མཛའ་མོ་འདི། སྲེད་ལྡན་འཆི་བའི་སླད་དུའོ། །རྒྱ་དཔེར། སཱ་མཱ་ཡཱ་མཱ་མཱ་ཡཱ་མཱ་སཱ། ཞེས་པ་བསྐོར་བ་སྟེ། དཔེར་ན། ཚེ་ དབང་ དོན་ འགྲུབ་ འགྲུབ་ དོན་ དབང་ ཚེ་དབང་ ཕྱུག་ ལེགས་ དོན་ དོན་ ལེགས་ ཕྱུག་ དབང་དོན་ ཀུན་ ལ་ དབང་ དབང་ ལ་ ཀུན་ དོན་འགྲུབ་ དོན་ དབང་ ཚེ་ ཚེ་ དབང་ དོན་ འགྲུབ་ གསུམ་པ་ནི། བཻ་དརྦྷ་དང་ཁ་ཆེའི་ལུགས་ཀྱི་ཀུན་འཁོར་ཆེན་མོ་འདི་ཉིད། འཇམ་དབྱངས་ཁ་ཆེའི་ཕྱག་ལེན། རྒྱ་དཔེ་དང་མཐུན་པར་བོད་དུ་བཀབ་པ་ཡིན་པས་འཁོར་ལོ་སྒོར་མོ་འདི་བཻ་དརྦྷ་དང་གྲུ་བཞི་འདི་ཁ་ཆེའི་ལུགས་ཡིན་ཞེས་གྲངས་ཆེན་ལོ་ཙཱ་བ་དང་མཁས་སྒང་རསྨི་དྷྭ་ཛ་མཐུན་པར་གསུང་ཞེས་སློབ་དཔོན་མཁས་པའི་དབང་པོ་སྨོན་འགྲོ་ལོ་ཙཱ་བ་ཐུགས་རྩིས་ཆེ་ཞིང་དིང་སང་གི་ཀུན་འཁོར་ཕལ་ཆེར་རྒྱ་དཔེ་དང་མི་མཐུན་གསུང་ངོ་། །དཔེར་ན།

དབྱངས་སོགས་ཡི་གེ་ངེས་པའི་བྱ་དཀའ་བའི་སྐོར་བཤད་པ།


GLG020_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་སོགས་ཡི་གེ་ངེས་པའི་བྱ་དཀའ་བའི་སྐོར་བཤད་པ།གསུམ་པ་དབྱངས་སོགས་ཡི་གེ་ངེས་པའི་བྱ་དཀའ་ལ། མཚན་ཉིད། དཔེར་བརྗོད། དོན་བསྡུ་བ་དང་གསུམ། དང་པོ་ནི། ཨ་ལྟ་བུ་དབྱངས་ངེས་པ་དང་། ཨ་ཀུ་ཏ་ལྟ་བུ་མགྲིན་པ་ལས་བྱུང་བས་གནས་ངེས་པ་དང་། ཀ་སོགས་ཡི་གེ་ངེས་པ་རྣམས་ངེས་པ་ཅན་གང་ཡིན་པ་འདི་བྱ་དཀའ་བ་ཡིན་ལ། དེ་ཡང་ཡི་གེ་གསུམ་པོ་འདི་བཞིར་ངེས་པ་དང་། ལ་སོགས་པས་གསུམ། གཉིས། གཅིག་ཏུ་རབ་ཏུ་བསྟན་པ་འདི་དཀའ་བ་སྟེ། གཞན་དག་དབྱངས་གནས། ཡི་གེ་རྣམ་ལྔ་སོགས་ངེས་པ་ནི་བྱ་སླ་དག་ཏུ་འདོད་དོ། །གཉིས་པ་ལ་དབྱངས་ངེས་པ། གནས་ངེས་པ། ཡི་གེ་ངེས་པ་དང་གསུམ། དང་པོ་ལ་བཞི་ལས། དང་པོ་བཞིར་ངེས་པ་ནི། རིག་བྱེད་ཀྱི་བརྟུལ་ཞུགས་རྫོགས་པའི་མཐར་ལྔ་པ་དང་བར་མའི་དབྱངས་སྨྲས་པའི་གླུ་དང་། འདོད་བྱ་གསར་དུ་རྙེད་པའི་དགའ་བ་ནི། ཡམས་ནད་དང་། འཇིགས་སྐྲག་གི་རྒྱུ་སྟེ། རྒྱུ་མཚན། འཁོར་བ་འདི་གནས་སྐབས་ཀྱི་ལོངས་སྤྱོད་དགའ་བདེ་འདྲ་ཡང་། དོན་རྨོངས་པའི་བློས་འཁྱམས་པས་ནད་ལྟར་སྤང་བྱ་ཡིན་པས། ད་ནི་གཏན་བདེ་དགེ་བའི་ཡུལ་ཐར་པ་བསྒྲུབ་པའི་སེམས་འདོད་རྩེ་གཅིག་པ་ཟུང་ཞིག །རྒྱ་དཔེར། ཨཱམྣཱ། གཱི་ཏཱི། བྷོ་གོ དྷེ་ཡེ། ཞེས་པ་ཕྱེད་སྔ་ཕྱི་བཞི་པོའི་མགོར་ཡོད་པས་མཚོན་ཏེ། ཤིན་ཏུ་གསལ་ལོ། །དཔེར་ན། དཔལ་ལྡན་རྒྱལ་བ་ཐམས་ཅད་ལ། །གསོལ་ཐོབ་མཆོད་ཡོན་རོལ་མོ་འཁྲོལ། །དུས་ཀུན་ལུས་བཏུད་གུས་འདུད་ཞུ། །དགྱེས་སྐྱེད་དགེ་ལེགས་ཆེས་ཆེར་འཕེལ། །ཞེས་པ་ལྟ་བུ། གསུམ་དུ་ངེས་པ་ནི། ས་ལས་རྣམ་པར་(༡༢༡ན)


GLG020_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཞིང་བརྟན་པ་གྲུབ་པར་བྱེད་པའི་བརྟུལ་ཞུགས་ལ་དགའ་བ་མཆོག་ཏུ་རྟོགས་པའི་རྒྱལ་པོ་ཀུ་རུ་པས། གཡུལ་དུ་རང་གི་རིགས་ཀྱི་དགྲ་བོ་རྣམས་ནི་འཐབ་འཛིངས་ཆེ་བར་བཀག་ཅིང་། རྒྱལ་པོའི་གཟི་བརྗིད་ལྕི་བས་འདར་བར་བྱས་སོ། །དཔེར་ན། སྙིང་གི་དཀྱིལ་གྱི་ཏིང་འཛིན་ནི། ག་ཙ་ན་ཡང་རབ་གསལ་བ། །དཔེ་མེད་བཤེས་གཉེན་དེ་སྤེལ་ངེས། །དེ་ཕྱིར་སྙིང་ནས་དང་བས་དད། །ཅེས་པ་ལྟ་བུ། གསུམ་པ་གཉིས་སུ་ངེས་པ་ནི། དཔལ་དང་གཟི་བརྗིད་ངོ་ཚ་གྲགས་པ་དང་། བློ་གྲོས་དང་། ལུགས་ཀྱི་སྟེང་དུ་ཚིག་དང་དགའ་བ་གཉིས་ཀྱི་འཕེལ་བ་སྟེ། ཁྱོད་ལ་འཕེལ་བ་གཉིས་པོ་གང་ཡོད་པ་འདི་གཉིས་ལྷའི་དབང་པོ་བརྒྱ་བྱིན་ལ་ཡང་མེད་དོ། །དཔེར་ན། རབ་གསལ་དངས་པ་ཟླ་བ་ལ། །དཀར་འཇམ་མཚན་མས་རྣམ་པར་བརྒྱན། །ཉོན་མོངས་རྙོག་མཚོ་ལོང་ལོང་ཁྲོད། །རྨོངས་འགྲོའི་སྐྱོན་ཚོགས་འཇོམས་མཛོད་གོ །ཅེས་པ་ལྟ་བུ། བཞི་པ་དབྱངས་གཅིག་ཏུ་ངེས་པ་ནི། ཟླ་དང་ནད་རིང་ཅིས་མིན་གང་། །དགའ་མ་བདུད་ཀྱི་རྒྱར་མ་ལྷུང་། །བགྲོད་བཟློག་སྒྲ་མེད་དཔལ་མེད་མ། །སྟོབས་ལྡན་རྒྱུ་གནས་འཆི་སླད་དུའོ། །ཞེས་པའི་དོན་གོང་དུ་བཀྲོལ་ཟིན། དཔེར་ན། དཔལ་ལྡན་བླ་མ་དམ་པ་གང་། །གདན་ས་འགྲན་ཟླ་བྲལ་བ་ན། །ངག་དབང་འཇམ་དཔལ་དབྱངས་ཞལ་ནས། །དཀའ་གནད་གཞལ་བྱར་རབ་འབྱམས་གྲགས། །ཞེས་པ་ལྟ་བུ། གཉིས་པ་གནས་ངེས་པ་ལ་བཞི་ལས། དང་པོ་གནས་བཞིར་ངེས་པ་ནི་འདྲེན་(༡༢༡བ)


GLG020_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀུན་དགའ་སྐྱེད་པར་བྱེད་མ། རྒྱུ་སྐར་ཚོགས་རྣམས་དག་གི་གནས་སྤྲིན་མེད་པའི་ནམ་མཁའ་འདི་ལ་ལུས་ཅན་མ་ཁྱོད་ཀྱིས་ལན་གཅིག་མིག་གཉིས་པོ་བྱིན་པ་སྟེ་ལྟ་བར་མཛོད་ཅིག །རྒྱ་དཔེར། གྷ་ཛ་ཏ་ཊ་རྣམས་རིམ་བཞིན་མགྲིན་རྐན་སོ་སྤྱི་བོ་རྣམས་ལས་སྐྱེས་པས་མཚོན་ཏེ། གསལ་ལོ། །དཔེར་ན། དད་བརྟན་ལ་ལས་ས་ལ་གསེར། །གང་གང་རྒྱ་ངོས་གངྒཱི་ཁར། །བྱེ་མ་སྤུངས་པའི་ཕུང་ཕྱུར་འབུལ། །ཚབ་ཚོབ་ཙུབ་ཙུབ་ཡང་ཡང་མཛད། །ཅེས་པ་ལྟ་བུ། གཉིས་པ་གནས་གསུམ་དུ་ངེས་པ་ནི། ལང་ཚོ་མ་ནུ་འབུར་སྟུག་པོར་རྒྱས་པ་ཁྱོད་ཀྱི་གདོང་གི་སྐྲ་ཡི་ལན་བུའི་འཁྲི་ཤིང་བུང་བ་ལྟར་སྔོ་ཞིང་། འདྲེན་བྱེད་པདྨའི་གཟུགས་རྙན་ཅན། ལུས་ཟླ་བ་ལྟར་མཛེས་པས་འདོད་ལྡན་སུ་དག་མ་བཅོམ་སྟེ་བཅོམ་མོ། དཔེར་ན། མི་ཕམ་དཔའ་བོས་ཕ་མ་བུར། །འཕྲལ་ཕུགས་ཕན་བདེ་ཕུང་ཕུང་སྤུངས། །ཀང་ཀ་ཀཱ་ཀ་ཧ་ཧ་སྒྲོག །ཏབ་ཏོབ་ལ་ལུང་ལ་ལ་འཐས། །ཞེས་པ་ལྟ་བུ། གསུམ་པ་གནས་གཉིས་སུ་ངེས་པ་ནི། རྟག་ཏུ་སྡིག་པ་མེད་ཅིང་ཀུན་དགའ་བསྐྱེད་པའི་མཆོག་རྒྱལ་པོ་ཁྱོད་ཀྱིས་ལང་ཚོས་ལུས་དུད་པའི་མཛེས་མ་དང་ཡང་དག་པར་འགྲོགས་ནས་ཆགས་པ་སྤྱད་པས། ཁྱོད་རང་གི་བཙུན་མོ་ཕྲག་དོག་གི་དབང་གིས་འདོད་པ་ལུས་མེད་ཀྱིས་འགོངས་ཏེ། འཆི་བའི་འཇིགས་པ་དུ་མས་རེག་པར་གྱུར་པ་འདི་ལ་བརྩེ་བར་མཛོད་ཅིག །དཔེར་ན། བ་མོ་བབས་པས་ཕྱུར་བུར་སྤུངས། །བ་ཕྱུགས་མང་པོ་བྷུ་མིར་འཕྱན། །ཧ་ཧ་སྒྲོག་མཁས་ཀུ་སྒྲས་འགེངས། །ང་རྒྱལ་སྒྲ་སྒྲོག་ངར་ངར་སྤྱོད། །ཅེས་པ་ལྟ་བུ། བཞི་པ་གནས་གཅིག་ཏུ་(༡༢༢ན)


GLG020_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་ནི། ཧ་ཧ་ཞེས་མུ་ཅོར་མི་སྒྲོག་ཅིང་། མཁའ་འགྲོ་ཉི་མས་མཚན་པའི་རི་རབ་ཀྱི་རྩེར་འགྲོ་བ། དབང་པོ་མིག་སོགས་འཁྱོག་པོ་དང་ལྡན་པ་སྐྱེ་བོ་ངན་པའི་སྤྱོད་ཚུལ་ལ་མ་ཆགས་པ་ཅན་ཁྱོད་འཁྱོག་ཅིང་འགྲོ་བ་དང་། སྐད་སྙན་པ་ལྷུང་ལྷུང་དུ་སྒྲོག་པས་གངྒཱའི་ཆུར་ནི་འཇུག་བཞིན་པས་སྡིག་པ་བྱ་རོག་ལྟར་ནག་པ་འཇོམས་པས་མཐོ་རིས་སུ་འགྲོའོ། །དཔེར་ན། དུང་དུང་གསོལ་ཐོབ་ལྷ་ལ་སྟེ། །ས་ལ་ལུས་བཏུད་གཏམ་རྣམས་ལྡིར། །ལ་ལ་དད་དད་ལྟར་དུ་འདུད། །མདོངས་ལྡན་རྟ་ལ་ཐུར་ཐག་ཐོགས། །ཞེས་པ་ལྟ་བུ། གསུམ་པ་གསལ་བྱེད་ཀྱི་ཡི་གེ་ངེས་པ་ལ་བཞི་ལས། དང་པོ་བཞིར་ངེས་པ་ནི། ཀྱེ་ཀྱེ་སྒྲ་སྙན་པར་སྒྲོག་པ་རུ་རུའི་བྲང་འཇོམས་པའི་སྡིག་ཅན་ཤ་བ་རི་པ་ཁྱོད་རི་དྭགས་ཀྱི་ཆར་ཡང་ཡང་འགྲོ་་བ་གྲིབ་ཅན་ནད་ཅན་གྱི་སར་མ་འོང་ཞིག །བདག་གི་མར་གྱུར་པའི་རི་དྭགས་ལགནོད་པ་བྱེད་པ་པོ་དང་། ཐར་པ་དོན་དུ་གཉེར་བ་རྣམས་ཕྲད་མི་རིགས་པ། དཔེར་ན་བྱ་རོག་རྨ་བྱའི་སྒྲར་འགྱུར་བ་ཅི་ཡང་མི་སྲིད་དོ། །རྒྱ་དཔེར། ར་ག་ཀ་མ་བཞིར་ངེས་པས་ཤིན་ཏུ་གསལ་ལོ། །དཔེར་ན། སོ་སོས་བསུན་བསུན་ས་ས་སར། །དགྱེས་དགྱེ་གུས་གུས་དགའ་སྒྲ་སྒྲོག་ལོ་ལེགས་ལ་ལར་ལས་ལ་ལུས། །མཐོ་མཐོ་ཐད་ཐད་ཐང་ཐང་འཐུད། །ཅེས་པ་གསུམ་དུ་ངེས་པ་ནི། ལྷ་རྣམས་དགའ་བར་བྱེད་པའི་ལྷ་རིག་བྱེད་ལ་སྨོད་པ་འགོག་པ་པོས། ལྷ་མིན་རྣམས་དགའ་བར་བྱེད་པའི་གཙོ་བོ་རྣམས་བཅོམ་པ་ན་ཨ་ལ་ལ་(༡༢༢བ)
ཞེས་དགའ་བའི་སྒྲ་ཡིས་མཐོ་རིས་རྣམས་གང་བར་གྱུར་ཏོ། །དཔེར་ན། གང་གི་སྒྲ་བརྒྱ་སྒྲ་སྒྲོག་གང་། །གང་གཱ་གབ་གྱུར་གོང་གི་གམ། ལས་ལམ་ལ་ལུས་ལ་ལས་ལན། །ཏང་ཏང་ཏིང་ཏིང་སྟེ་བུའི་གཏམ། །ཞེས་པ་ལྟ་བུ། །གསུམ་པ་གཉིས་སུ་ངེས་པ་ནི། མཁས་པ་ལྷ་དང་ལྷ་མ་ཡིན་ཀུན་ལ་འགྲོ་བའི་སྟོབས་དང་ལྡན་ཞིང་། བྱིན་པ་ལེགས་པས་མཛེས་པ་ཅན། ཆང་གི་རོ་མྱོང་བའི་ངང་ཚུལ་དང་ལྡན་པ། གཤོལ་འཛིན་ཏེ་སྟོབས་བཟང་ཞེས་པ་དེ་ནི་བཞད་དཀར་གྱི་སྙན་སྒྲ་དང་ལྡན་པའི་མཚོ་རུ་ཁྲུས་ལ་སོང་ངོ་། །དཔེར་ན། རོང་རོང་རོང་རི་རུ་རུའི་རྭ། །རང་རང་རེ་རེ་རིང་རིང་རུང་། །ཤོང་ཤོང་ཤང་ཤང་ཤིབ་ཤིབ་གཤིབ། །ཤ་ཤ་ཤུབ་ཤུབ་ཤུལ་ཤམ་ཤིས། །ཞེས་པ་ལྟ་བུ། །བཞི་པ་གཅིག་ཏུ་ངེས་པ་ནི། བདག་གི་དགྲ་འདི་ཡིས་བདག་ཅག་རྣམས་ཀྱི་བཞིན་རས། ཁྱོད་ཀྱི་བཞིན་རྔམ་པ་གཤིན་རྗེ་ལྟ་བུའི་ཚུལ་གྱིས་ངེས་པར་མ་བཅོམ་པ་མིན་པ་སྟེ་བཅོམ་མོད། བརྟུལ་ཕོད་མི་དམན་པ་འདི་དང་བདག་ཅག་གི་སྲོག་འཐབ་པ་ལ་སྦྱོར་བ་ནི། རྗེ་བོ་ཁྱོད་སྐྱེས་བུ་དམ་པ་མིན་ལ། རྒྱུ་མཚན་སྡིག་པ་མེད་པ་མ་ཡིན་ནོ། །དཔེར་ན། སྒྲ་སྒྲོག་སྒྲ་སྒྲོག་སྒྲ་བརྒྱ་སྒྲོག །དགྱེས་དགྱེས་གུས་གུས་མགོ་གུག་གུག །གྱོལ་གྱོལ་སྒེག་སྒེག་སྒོར་སྒོར་འགྲོ། །རྒྱུད་རྒྱུད་གླུའི་སྒྲར་གར་བསྒྱུར་དགེ། །ཞེས་པ་ལྟ་བུ། གསུམ་པ་ནི། དེ་ལྟར་བྱ་དཀའ་བའི་ལམ་ལ་ཡང་རིམ་པ་ཅུང་ཟད་ཀུན་ཏུ་བསྟན་ཟིན་ནོ། །

གབ་ཚིག་གི་རྒྱན་སྐོར་བཤད་པ།


GLG020_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

གབ་ཚིག་གི་རྒྱན་སྐོར་བཤད་པ།གསུམ་པ་གབ་ཚིག་གི་རྒྱན་ལ་དམ་བཅའ་བ། དགོས་པ་བརྗོད་པ། དངོས་དང་། གབ་ཚིག་ལྟར་སྣང་མི་འཆད་པའི་རྒྱུ་(༡༢༣ན)


GLG020_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དང་བཞི། དང་པོ་ནི། གབ་ཚིག་གི་རྣམ་པའི་རྣམ་པར་རྟོག་པ་ཡི་ལུགས་ཀྱང་འདི་རབ་ཏུ་བསྟན་པར་བྱའོ། གཉིས་པ་ནི། རྩེད་མོ་སོགས་ཀྱི་མདུན་སར་བཞག་གད་ཀྱི་ཆེད་དང་། དེར་ཤེས་པ་རྣམས་ལ་ཚོགས་སུ་གསང་གཏམ་ཚིག་ཏུ་སྨྲ་བ་དང་། ཕ་རོལ་པོ་དེ་མི་ཤེས་པར་ཀུན་ཏུ་རྨོངས་པར་བྱེད་པ་ལ་གབ་ཚིག་དག་ནི་ཉེ་བར་མཁོ་ཞིང་ལྡན་ནོ། །གསུམ་པ་ལ་དངོས་དང་། མཇུག་བསྡུ་བ་གཉིས། དང་པོ་ལ། བཅུ་དྲུག་ལས། དང་པོ་ཀུན་ཏུ་ཚོགས་པ་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། རྣམ་དབྱེ་དང་མཚམས་སྦྱོར་སོགས་ཀྱི་སྒོ་ནས་ཚིག་མཚམས་སྦྱར་བས་སྒྲ་འདྲེས་ཏེ་དོན་སྦས་པ་ནི་ཀུན་ཏུ་ཚོགས་པ་ཞེས་བརྗོད་དོ། །གཉིས་པ་ནི། བདག་གི་སྐད་དོད་ཨ་སྨད་ལ་རྣམ་དབྱེ་གསུམ་པའི་ཊཱ་བྱིན་ནས་བསྒྲུབས་པས་མེ་ཞེས་པ། དེའི་ཕ་རོལ་ཏུ་གནོད་པའི་སྐད་དོད་ཨཱ་གས་ལ་སི་བྱིན་ནས་ཕྱིས། དེའི་ཕ་རོལ་དུ་རོའི་སྐད་དོད་རས། དེ་ནས་རིམ་པ་བཞིན་ཨེ་ཨ་ཡ་དང་། ས་རྣམ་བཅད་དང་། ཨ་དང་སྒྲ་ལྡན་གྱི་བར་དུ་ཨུ་དང་། མཚམས་སྦྱོར་རྣམས་བྱས་པས། མ་ཡཱ་གོ་རཿཞེས་པ་འགྲུབ་ལ། བསྒྲིབ་བྱ་འདིའི་སྒྲིབ་བྱེད་ནི། མ་ཡཱ་དག་གི །གོ་བ་ལང་། རས་རོ་བྲོ་བ་སྟེ། དེར་འཁྲུལ་བའོ། །དེ་ཡང་བདག་གི་གནོད་པའི་རོ་བྲོ་བའི་སེམས་ཀྱིས་བླངས་པའི་ཤེས་པ་ཅུང་ཟད་མེད་པ་ལ་ཅིའི་སླད་དུ་དུས་ཀུན་ཏུ་མིག་དམར་མ་ཁྱོད་ཀྱིས་ཁྲོ་བའི་གནས་ཡོད་པ་མིན་པར་ངུ་བ་འདི་ཡིས་ཅི་བྱེད། དཔེར། (༡༢༣བ)


GLG020_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་རྒྱ་བོད་ཀྱི་ལུགས་གཉིས་ལས། སྔ་མ་ནི། དུ་རཱ་ཀར་ཏྭ་ཡཱ་བྱཱ། ཚུལ་འདི་མ་ལུས་སྟོན་པ་ཡི། །ས་འཛིན་ཕག་ཏུ་མལ་འཆའ་བའི། །འབྲི་སྟག་ཀར་གསུམ་རྣམ་པར་ཐར། །དུར་ངན་པ་དང་ཨཱ་ཀར་འབྱུང་གནས་ཡུཥྨད྄ལ། གསུམ་པ་བྱིན་པའི་ཏྭ་ཡཱ་ཁྱོད་ཀྱིས་བི་འཇིག་པ་དང་ཨཱང྄་སྦྱོར་བ་ཡིན་ལ། སྒྲིབ་བྱེད་དུ་དུར྄་སྟོབས། ཨཱང྄་འཛིན་པ། ཀ་ར་བྱེད་པ། ཏྭཡཱ་ཁྱོད་ཀྱིས། བི་འབྱོར་པ། ཨཱང྄་སྦྱོར་བའོ། ཕྱི་མ་ནི། ཚིག་རྐང་དང་པོར་དཀར་ནག་དམར། ཞེས་པ་ལྟ་བུ། ཕྱི་མ་ལ་གདོང་སེམས་ཆུ་ཞེས་པ་ལྟ་བུ་ལུས་ཕྲའི་བཞིན་རས་ཆེས་ཆེར་ནག །ཡིད་སྲུབས་གྲོགས་མིན་པ་ཡིན་པ། །སྐྱེས་བུའི་གཟུགས་ལ་ཚ་བསིལ་ཚོགས། །ཉིན་མཚན་མེད་པར་འབར་མི་འབར། །ཞེས་པ་ལྟ་བུ། གཉིས་པ་སླུ་བྱེད་ཀྱི་གབ་ཚིག་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། དངོས་པོ་གཞན་ལ་གྲགས་པའི་སྒྲ་སྟོབས་ལྡན་མཛེས་པར་བརྗོད་ནུས་པ་ལྟ་བུ་ངག་གིས་དོན་དེ་གབ་ནས་གང་དུ་མི་མཛེས་པ་ལྟ་བུ་ཞིག་ཏུ་འཁྲུལ་བས་སླུ་བ་ནི་སླུ་བྱེད་ཉིད་དོ། །གཉིས་པ་ནི། ཀུཔྫ་ནི་གྲོང་ཁྱེར་ཀཱ་ནྱ་ཞེས་བྱ་བའི་ཡུལ་གྱི་བུད་མེད་ཤིན་ཏུ་མཛེས་པ་ལ་འཇུག་ལ། གབ་བྱ་དེའི་གབ་བྱེད། གཉའ་བ་སྒུར་བའི་བུད་མེད་ལ་ཡང་གྲགས་པས། དེ་འདྲའི་མཛེས་མ་གྲོགས་སུ་བསྟེན་པ་ཁྱོད་ཀྱི་ནི། དགའ་བ་ཇི་ལྟ་བུ། འཕེལ་བར་གྱུར་བ་དེ་ནི་ཁྱད་པར་འཕགས་ཏེ། རྒྱུ་མཚན། མཛའ་མོ་འདི་འཆི་མེད་བུ་མོ་ལ་ཅོ་འདྲི་ཞིང་མཚུངས་པས་ན་མི་མོ་ལ་སྤྱོད་པས་དེ་ལྟ་བུ་མ་ཡིན་ནོ། །ཞེས་སྒྲ་དོན་གང་རུང་བཤད་རྒྱུ་(༡༢༤ན)


GLG020_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་སྒོ་ནས་ནོར་འགྲོ་བ་ཞིག་དགོས་པས། དཔེར་ན། ཁྱོད་མཐོང་ལུས་ནི་གཙུག་ཕུད་ཅན། །བརྟན་པའི་ཡིད་ནི་གཡོན་ལ་གནས། །ངག་གི་རྐང་པ་འཐེང་པོར་འགྲོ། །མེ་ཏོག་མདའ་ནི་སྲིད་ན་མང་། །ཞེས་ཡོངས་གྲགས་ཀྱི་རྨ་བྱ་གཡོན་རྐང་པ་འཐེང་པ་འདོད་ལྷའི་མདའ་རྣམས་ཀྱི་དོན་ནི། མི་ཡོན་པོ་ཚིག་རིང་ཐུང་སྣ་ཚོགས་ལུས་ཕྲ་རྣམས་སོ། །གསུམ་པ་རིམ་པ་དང་བྲལ་བ་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། སྦྱོར་བའི་གོ་རིམས་ཤིན་ཏུ་འཁྲུགས་པ་ཡིས་དོན་ལ་རྨོངས་པར་བྱེད་པ་དེ་ནི་རིམ་པ་དང་བྲལ་བ་སྟེ། གཉིས་པ་ནི། མཆུས་ཡུ་བར་འོ་བྱེད་དོ། །གང་ལ་ན་པདྨ་ཅན་གྱིའོ། །གང་གིས་ན་ཞལ་ལས་སྒྲ་སྙན་པར་སྒྲོག་པར་བྱེད་པའི་ངང་པས་ཚེར་མ་རྩུབ་མོ་ཅན་གྱི་རྐང་པ་ལ་ལུས་ནི་འདར་བར་བྱེད་པའི་སྒོ་ནས་སོ། །ཞེས་ཕྱེད་ཕྱི་མའི་མཇུག་ཕྱེད་སྔ་མའི་མགོ་དང་། ཕྱེད་ཕྱི་མའི་དང་པོའི་མཇུག་ཕྱེད་སྔ་མའི་རྗེས་མའི་མགོར་འོང་བས་སྒོར་མོར་འཁོར་འགྲོ་བས་གོང་འོག་འཆོལ་བ་ཞིག་དགོས་ཏེ། དཔེར་ན། རྣམས་ཀྱིས་འགྲོ་བློ་རབ་ཏུ་བསྐྱེད། །དཀར་གྱུར་རབ་ནག་རྒོལ་རྨོངས་བཞིན། །ངན་པ་ལེགས་ལྡན་ཤེས་རབ་ཅན། །དབྱངས་ཅན་ལྷ་མོའི་ཐུགས་རྗེ་དེ། །ཞེས་པ་ལྟ་བུ་སྒོར་མོར་འཁོར་བའོ། །བཞི་པ་རབ་བཅོམ་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། གོང་དུ་སྒྲ་དོན་གང་རུང་སྦྱར་བ་གང་ལས་དོན་རྟོགས་པར་དཀའ་བ་ཡི་ཚིག་གི་ཕྲེང་བ་དེ་ནི་རབ་བཅོམ་ཡིན་ཏེ། དཔེ་ལ་ཁ་འཕངས་ནས། འདི་སུ་ཞིག་ཅེས་པ་ལྟ་བུ། གདམ་(༡༢༤བ)


GLG020_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཅན་གྱི་ཚིག་རེ་བྱུང་ཚེ་རྒྱན་འདི་ཉིད་ལ་རྣམ་པ་གསལ་བར་འགྱུར་རོ། །གཉིས་པ་ནི། བུ་མོ་ཁྱོད་ཀྱི་རྐང་པ་མཛེས་པ་ལ་རྐང་གདུབ་རྒྱས་པ་སྒྲ་སྙན་པ་སྒྲོག་པ། མངོན་སུམ་ཉིད་དུ་གྱུར་པ་འདིར། ཆགས་པའི་དབང་གིས་བདག་གི་སྲོག་ནི་བརྟན་པ་མ་ཡིན་ནོ། །རྒྱ་དཔེར། དཀའ་ཡང་བོད་སྐད་དུ་ཞིག་པ་ཡིན་ལ། ཧ་ཧ་མི་སྒྲོག་མཁའ་འགྲོས་མཚན། ཞེས་སོགས་ཀྱི་དོན་དངོས་གཞི་གོང་དུ་བཤད་ཟིན་པ་ལྟར་དང་དེ་རབ་ཏུ་བཅོམ་ལུགས་ནི། སྙན་གྲགས་མཐོ་རིས་ལ་འགྲོ་བ་དང་། མཁའ་འགྲོས་མཚན་པའི་རིར་འགྲོ་ཞེས་པ་དང་། སྡིག་པ་དང་བྱ་རོག་གཉིས་ནག་པར་མཚུངས་ཆོས་བྱས་ནས། བྱ་རོག་འཇོམས་ཞེས་དཔེ་དངོས་ལ་ཁ་འཕངས་པ་ལྟ་བུ་སྟེ། དཔེར་ན། དོན་སྨྲ་ནུས་བྲལ་ལྕེ་རྐྱོང་ཞིང་། །རྣམ་འཁྱོག་གཞན་ལ་སེམས་པའི་ཡིད། །ཉེ་བར་གནས་རྣམས་རབ་བཅོམ་ནས། །ཁུང་བུར་ཉལ་བའི་སྦྲུལ་དེ་སུ། །ཞེས་གབ་བྱ་རི་ཁྲོད་པ་ཟོག་པོ་དང་གབ་བྱེད་སྦྲུལ་ལོ། །ལྔ་པ་མཐུན་གཟུགས་ལ་མཚན་ཉིད། དཔེར་བརྗོད། གཉིས། དང་པོ་ནི། དངོས་པོ་གཞན་དུ་ཕལ་པ་སྟེ་བཏགས་པའི་དོན་བཀོད་པའི་ཚིག་དག་གིས་དོན་གོ་བར་སྡེབས་པ་དག་ནི་མཐུན་པའི་གཟུགས་ཏེ། བསྡུས་བརྗོད་ལ་ཁྱད་གཞི་ཆོས་མཚུངས་མི་མཚུངས་སོགས་ཀྱི་དབྱེ་བ་ཡོད་ལ། འདི་ནི་དོན་མཐུན་པ་བསྟན་རྒྱུ་ཡོད་པ་ཙམ་མོ། །གཉིས་པ་ནི། གབ་བྱ་སོར་མོ་རྣམས་ཀྱི་རྩེ་ཁ་དོག་དམར་བའི་གཞོན་ནུ་མ་ཡན་ལག་ལྔ་ལྡན་ཡིན་ལ། གབ་བྱེད་ནི་གང་གི་ཡལ་འདབ་ལ་མེ་ཏོག་དམར་(༡༢༥ན)


GLG020_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དོག་པ་ཅན། འཁྲི་ཤིང་ཡལ་འདབ་ལྔ་པ་ཅན་ནི་སྐྱེད་མོས་ཚལ་འདི་བདག་གིས་མཐོང་ངོ་། །དཔེར་ན། རྨ་མེད་སྡོང་བུ་ཡལ་ག་ཟུང་། །ལོ་འདབ་སེར་པོས་མངོན་པར་ཀླུབས། །མངར་བའི་རོ་དང་ཞིམ་པའི་འབྲས། །ལྡན་པའི་སྟོན་གྱི་ལྗོན་ཤིང་མཐོང་། །ཞེས་གབ་བྱ་དགེ་སློང་དང་གབ་བྱེད་ཤིང་ངོ་། །དྲུག་པ་རྩུབ་མོ་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། མཚན་ཉིད་ཀྱི་བཤད་བྱར་ཡོད་ཙམ་གྱི་སྒྲའི་ངེས་ཚིག་དང་ལྡན་པའི་སྒོ་ནས། ད་ནི་དེ་དག་བཟོད་པ་འདུག་གོ་ཞེས་པ་ལྟ་བུའི་ཚིག་རྩུབ་མོ་ངེས་པར་དགོས་སོ། །གཉིས་པ་ནི། གབ་བྱ་ཆང་མ་རྣམས་སོ་སོའི་ཁང་པར་བྱ་བས་དལ་བུར་རྒྱུ་ཞིང་ཆང་གིས་བཟི་སྟེ་རྒན་མོ་ལྟར་གྱུར་པ་ལ། གབ་བྱེད་ལ་དྲི་བཟང་གི་རྫིང་བུའི་ངེས་ཚིག་བསྟན་རྒྱུ་ཡོད་ཙམ་མ་གཏོགས་འཇིག་རྟེན་ན་མི་གྲགས་པས། ལྷ་རྣམས་ལྷ་ཡི་ཁང་པ་རུ། སོ་སོའི་འོད་ཀྱིས་དལ་བུར་རྒྱུ་ཞིང་ཡོངས་གྲགས་ཀྱི་དྲི་བཟང་གི་རྫིང་བུར་འཁྲུས་བྱས་པས་འདོད་པས་མྱོས་པར་བྱས་པ་དེ་རྣམས། ད་ནི་རྒན་མོ་གཞིན་ནོ། །ཞེས་རྩུབ་ཅིང་གབ་པ་སྟེ། དཔེར་ན། ཆུ་ནང་སྐྱེས་ཤིང་ཆུར་བརྟེན་པ། །སྲོག་ལྡན་མང་པོ་ཁར་གནས་པའི། །ལྡིར་ལྡིར་སྐད་ཀྱིས་ཁེངས་ན་ཡང་། །ནམ་ཞིག་ཞིག་ཚེ་གཞན་གྱིས་རྫི། །ཞེས་གཞན་གྱིས་རྫི་བ་ནི་རྩུབ་མོའི་ཚིག་ཡིན་ལ། གབ་བྱ་པདྨ་དང་། གབ་བྱེད་ཆུ་སྲིན་ནོ། །གབ་ཚིག་གི་དངོས་པོ་ཕན་ཚུན་སྦྱར་བའི་སྐབས་སྒྲ་དོན་གང་ཡིན་ཡང་ཕན་ཚུན་གཉིས་ཀ་ལ་འབྱར་འགྲོ་བ་ཞིག་དགོས་(༡༢༥བ)


GLG020_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ལ། འདིར་ནི་གབ་བྱེད་དེ་འཇིག་རྟེན་ན་མ་གྲགས་ཤིང་། ངེས་ཚིག་སྟོན་རྒྱུ་ཡོད་པ་ཙམ་མོ། །བདུན་པ་གྲངས་ལ་མཚན་ཉིད་དང་། དཔེར་བརྗོད་གཉིས། དང་པོ་ནི། གང་དུ་གྲངས་ཀྱིས་ཀུན་ཏུ་རྨོངས་པར་བྱེད་པ་ནི་གྲངས་ཉིད་ཅེས་བྱ་སྟེ། གསུམ་པ་ནི། གབ་བྱའི་མིའི་བདག་པོ་ཀཉྩ་པུ་རི་སླ་བ་ཞེས་པའི་རྒྱལ་པོ་ཡིན་ལ། གབ་བྱེད་ནི་གསལ་བྱེད་ཀ་ཙ་པུ་རི་བཞིས་ཡོངས་སུ་རྣམ་པར་བརྒྱན་པ་ཡི་གྲོང་ཁྱེར་ཉ་སྣ་ལྡན་དབུས་ན་ཡོད་པ་འགའ་ཞིག་དང་། གྲོང་གང་ཞིག་དེ་ན་ཀཉྩ་པུ་རི་སླ་བ་ཞེས་མིའི་བདག་པོ་ཡི་གེ་བརྒྱད་ཚོགས་པའི་མིང་ཅན་ཡོད་དོ། །དཔེར་ན། ཐུབ་པའི་གྲོང་ཁྱེར་དབུས་བཞུགས་སྣ་ལྡན་སྔོན། །ལྔ་པའི་གསུམ་ལྔ་མཐར་གནས་དྲོ་བ་ཅན། །མཚོ་ཡི་རྩེ་མོ་མཐར་གནས་ཕྱིར་ཡང་རོལ། །ལེགས་པའི་ཡོན་ཏན་མང་པོ་རྣམ་པར་སྟེར། །ཞེས་པ་གབ་བྱ་བྲཱཏྨ་ཎ་དེ་ཝཱི་དང་གབ་བྱེད་སྡེ་པ་རྣམས་སོ། །བརྒྱད་པ་རབ་བཏགས་ལ་མཚན་ཉིད། དཔེར་བརྗོད་གཉིས་དང་པོ་ནི། གང་དུ་བརྗོད་བྱའི་ངག་དོན་དེ་རྣམ་པ་གཞན་དུ་སྣང་བ་དེ་ནི་རབ་བཏགས་ཉིད་དོ། །ལེའུ་གཉིས་པའི་རབ་བཏགས་ནི་བྱེའུས་སྐད་སྒྲོག་པ་ལ་སངས་རྒྱས་ལ་བསྟོད་པ་བྱེད་ཅེས་པ་ལྟ་བུ་ཡིན་ལ། འདིར་ནི་བསྒྲིབ་བྱ་དགེ་སློང་དང་སྒྲིབ་བྱེད་ངང་པ་ལྟ་བུ་ལ། གཉིས་ཀ་ལ་འཇུག་རུང་གི་ཆོས་ཤིག་བཀོད་ནས་དགེ་སློང་ལས་གཞན་ངང་པར་སྒྲོ་བཏགས་པ་ལྟ་བུའོ། །གཉིས་པ་ནི། གབ་བྱ་དབུལ་པོ་ཞིག་ནོར་སློང་བའི་ཚེ། ཚིག་རྣམས་ལྡབ་ལྡིབ་ཏུ་རབ་ཏུ་འཁྲུལ་བ་དང་། མགོ་བོ་དུད་ཅིང་ཞུམ་པ་དང་། མིག་དམན་པས་ལྟ་བ་དང་། ཡིད་(༡༢༦ན)


GLG020_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲག་པས་ལུས་ཀྱང་འདར་བ་དང་ལྡན་པ་བདག་ལ་ནི་ཕྱུག་པོ་རྗེས་སུ་མི་བརྩེ་འམ། ཞེས་པ་ཡིན་ལ། དེའི་གབ་བྱེད་ནི། མཛེས་མ་ལ་རྒན་མོ་ཞེས་བཞད་གད་ཀྱིས། བདག་ཆགས་པས་ཚིག་འཁྲུལ། ངོ་ཚས་མགོ་ཞུམ། འདོད་པས་ལུས་འདར་བ་ལ་མི་བརྩེ་འམ། བྲྀདྡྷ་ཞེས་པ་ཕྱུག་པོ་དང་རྒན་མོ་གཉིས་ཀ་ལ་འཇུག་གོ །དཔེར་ན། གང་ཞིག་མཐོང་ཚེ་དགའ་བས་འཛུམ། །སྟོན་ཅིང་ལུས་ཀྱང་ལྡེམ་ལྡེམ་དུ། །འདར་ཞིང་རྣམ་པར་གཡོ་བ་དག །རྒྱས་པར་གྱིས་ཤིག་དཀར་འཇམ་ཅན། །ཞེས་གབ་བྱ་ཟླ་བ་ཀུནྡ། གབ་བྱེད་གཞོན་ནུ་དང་ལུས་ཕྲའོ། །དགུ་པ་མིང་དུ་འདུས་པ་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། གང་དུ་མིང་ཐུན་མོང་བ་དག་ལ་སྣ་ཚོགས་པའི་དོན་དུ་མས་སྒྲིབས་པ་དཀའ་བས་བཏགས་པ་དེ་ནི་མིང་དུ་འདུས་པ་ཉིད་དོ། །གཉིས་པ་ནི། གབ་བྱ་ས་ལྡན་ནི་རྒྱལ་པོ་འགའ་ཞིག་དང་། རཱ་ཛ་ནི་རྒྱལ་པོ་དང་། ས་ནཱ་ཏ་ན་སྟེ་འདི་ནི། ཁྱབ་འཇུག་དང་བཅས་པའི་གསུམ་པོ་འདིར་འཁྲུལ་བ་འདྲ་བ་ལ། ས་ལྡན་ཞེས་པར་སྒྲོག་པས་མིའི་རྒྱལ་པོ་ཡང་མ་ཡིན་ལ། ཁྱབ་འཇུག་ཀྱང་མ་ཡིན་ནོ། །མིག་མི་བརྟན་མ་ཞེས་པས་གང་འགབ་པར་བྱ་ན། དོན་ཤིང་གི་རྒྱལ་པོ་དེ་སྒྲིབ་པར་བྱེད་དོ། །རྒྱུ་མཚན་གོང་གི་སྒྲ་གསུམ་པོ་འདི་རིམ་པ་བཞིན་དུ། ཤིང་དང་། ཤིང་གི་རྒྱལ་པོ་དང་། མ་རྒྱས་པ་མིན་པ་གསུམ་ལ་འཇུག་གོ །དཔེར་ན། བློ་ལྡན་ཀུན་ཕན་མཚོ་ལས་སྐྱེས། །འཆི་མེད་གཙོ་བོ་རོལ་མོ་མཁན། །ཉམས་འགྱུར་གར་གྱིས་རྣམ་བྲེལ་བས། །(༡༢༦བ)


GLG020_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་དངོས་པོ་ལྕོལ་ཅིག་ཀྱེ། །ཞེས་གབ་བྱ་དབྱངས་ཅན་མ་དང་། གབ་བྱེད་ག་བུར། ཟླ་བ། པདྨ། བརྒྱ་བྱིན། དྲི་ཟ། གར་མཁན་སོགས་མང་པོ་ཡོད་པའོ། །བཅུ་པ་སྒྲིབ་པ་ལ་མཚན་ཉིད་དཔེར་བརྗོད་གཉིས། །དང་པོ་ནི། ཚིགས་ནི་དེ་དང་མཚུངས་པའི་ཆོས་གཞན་ལ་རིག་པས་དེ་ཉིད་གོ་ཞིང་དོན་གཞན་བཤད་བྱའི་ཆོས་དེ་སྒྲིབ་པས་ན་སྒྲིབ་པ་ཞེས་བྱའོ། །གཉིས་པ་ནི། གབ་བྱ་རྫས་བྲལ་དབུལ་པོའི་མི་ནི་གཏང་བར་བྱས་ནས། ནོར་དང་ལྡན་པ་ཅན་རྣམས་ཀྱི་སར་བགྲོད་པ་གང་ཞིག །སྣ་ཚོགས་པའི་སྐྱོགས་ཏེ་ཐབསས་ཚུལ་བརྒྱ་ཕྲག་གིས་འཇིག་རྟེན་འགུགས་པར་བྱེད་པ་ཁྱོད་ནི། བཟུང་ཞིང་བཟློག་པར་དཀའ་བ་སྨད་འཚོང་མ་ཡིན་ལ། གབ་བྱེད་ནི་གོང་གི་ཁྱད་པར་དེ་རྒྱལ་པོ་ལ་ཡང་ཡོད་པས་དེར་གོ་བ་ལྟ་བུའོ། །དཔེར་ན། སྙིང་སྟོབས་ཆེན་པོས་མི་མཐུན་བཅོམ། །སྣ་ཚོགས་ཐབས་ཀྱིས་ཀུན་ལས་རྒྱལ། །གང་འཚམ་སྤྲུལ་པ་སྟོན་མཁས་ཁྱོད། །པད་དཀར་མིག་ཏུ་མངོན་པར་ངེས། །ཞེས་པ་ལྟ་བུ། གབ་བྱ་སངས་རྒྱས་དང་གབ་བྱེད་ཁྱབ་འཇུག་གོ །བཅུ་གཅིག་པ་མཐུན་པའི་སྒྲ་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། སྒྲ་སྦྱར་བའི་རྣམ་གྲངས་བཀོད་པ་ཡིས་དོན་རྟོགས་དཀའ་བ་བསྒྲུབ་པ་དག་ནི་མཐུན་པའི་སྒྲའོ། །གཉིས་པ་ནི། ཨ་དྷཱ་ར་མཆུ་དང་། ས་མིན་པ་གཉིས་ལ་འཇུག །པྲ་བཱ་ལ་བྱུ་རུ་དང་། སྐྲའི་མིང་ཅན་ལས་རྒྱལ་བ་གཉིས་ལ་འཇུག་པ་ལས། གབ་བྱ་མཛེས་མ་ཁྱོད་ཀྱི་མཆུ་བྱུ་རུ་ལྟར་དམར་བ་དེ་ཡིས་དིང་སང་བདག་མཆོག་ཏུ་ནི་སྲེད་པ་དང་ལྡན་པར་བྱེད་དོ་སྙན་སྒྲོགས་མ་(༡༢༧ན)


GLG020_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གབ་བྱེད་ས་མིན་པ་མིང་མཐུན་པ་གང་དང་རབ་ཏུ་གྱུར་པ་སྐྲའི་མིང་ཅན་ལས་རྒྱལ་ལོ། །འདི་ལ་ངེས་པར་སྒྲ་སྦྱར་དགོས་ཤིང་། དཔེར་ན། རྣམ་པར་གསལ་བྱེད་བླ་མེད་འོད། །གཞན་དག་དགའ་ཞིང་རྒྱས་པར་བྱེད། །བརྗིད་ཅིང་ལྷུན་ཆགས་གཟི་འབར་བ། །བདུད་ལས་རྒྱལ་ཁྱོད་དགེ་བར་མཛོད། །རྣམ་པར་གསལ་བ་སོགས་སངས་རྒྱས་དང་ཉི་མ་གཉིས་ཀའི་ཡོན་ཏན་ལ་འཇུག་ཅིང་། བདུད་ལས་རྒྱལ་བ་གཉིས་ཀའི་སྒྲར་མཚུངས་པས་གབ་བོ། །བཅུ་གཉིས་པ་རྨོངས་པའི་གབ་ཚིག་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། ཚིག་སྦྱོར་གང་ཞིག་མངོན་སུམ་དུ་བརྗོད་དོན་བསྟན་ཀྱང་། ཚིག་དེ་ཉིད་ཀྱིས་འཁྲུལ་རྒྱུ་བྱས་ནས་རྨོངས་པའི་ཕྱིར། དེ་ནི་རྨོངས་པ་ཞེས་བྱའོ། །གཉིས་པ་ནི། གབ་བྱ་འདོད་ལྡན་དག་ནི་མལ་སྟན་ལ་ཁྲོ་བས། རྒྱབ་བསྟན་ནས་ཕྱིར་ཟློག་སྟེ་ཉལ་བར་གྱུར་ལ། ཆགས་པས་ཀྱང་དེ་བཞིན་དུ་གཉིད་ཉལ་ཏེ། དལ་བུ་ཡིས་ཕོ་མོ་དག་ཁ་སྤྲད་དེ་སྦྱོར་རོ། །གབ་བྱེད་ནི་ཕོ་མོ་ཕན་ཚུན་ཁྲོས་པ་དང་། རྒྱབ་གཏད་པ་དང་། ཆགས་པས་ཕྱིར་ལོག་ཏུ་ཇི་ལྟར་ཉལ་སྙམ་པ་དང་། རྒྱབ་གཏད་ན་ཁ་ཇི་ལྟར་སྦྱོར་སྙམ་རྨོངས་པ་སྟེ། འགལ་རྒྱན་དང་འདྲའོ། །དཔེར་ན། ལྕེ་ཡི་རླུང་གིས་ཚ་གདུང་སྐྱེད། །འཇམ་པའི་སྟན་གྱིས་ལུས་ནི་རྩུབ། །རྐང་ཆག་སྐྱ་རེངས་ཐོགས་མེད་འགྲོ། །སྨིན་ལེགས་མཐོང་བས་མུན་པ་ཐིབས། །རླུང་གིས་ཚ་བ་སྐྱེད་མི་ཐུབ་པས་ཅི་ཡིན་ནམ་སྙམ་པ་ལྟ་བུའོ། །བཅུ་(༡༢༧བ)


GLG020_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཡོངས་ཕྲོགས་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། གང་ལ་ཚིག་སྦྱོར་གྱི་ཕྲེང་བའི་བདག་ཉིད་ཅན་ནི། བསྐོར་ཐག་རིང་པོ་བྱས་ནས། སྔ་མ་སྔ་མ་ལ་རྟེན་ནས་ཕྱི་མ་གོ་བ་དེ་ནི་ཡོངས་ཕྲོགས་ཞེས་བྱའོ། །གཉིས་པ་ནི། གབ་བྱ་ཉི་མས་ཚིག་པ་རྣམས་སྤྲིན་ལ་དགའ་བ་ཡིན་ལ། གབ་བྱེད་བྱ་རྒྱལ་ནི་མཁའ་ལྡིང་ཡིན་ཞིང་། དེས་སྔོན་རྒྱ་མཚོ་ལས་བྱུང་བའི་བདུད་རྩི་ཕྲོགས་པས་རྒྱལ་བ་ཡིན་ལ། དེའི་ཟས་བདུད་རྩི་ཟ་བ་ནི་བརྒྱ་བྱིན། བརྒྱ་བྱིན་ལས་སྐྱེས་པ་ནི་སྲིད་སྒྲུབ། དེའི་དགྲ་ཀཪྞ། དེའི་བླ་མ་ཉི་མ། དེའི་འོད་ཀྱིས་བཅོམ་པའི་སྐྱེ་བོ་རྣམས། ཁ་བ་འཇོམས་པ་ནི་མེ། དེའི་གྲོགས་མིན་པ་ནི་ཆར། དེ་འཛིན་པ་ཡི་སྤྲིན་གྱིས་ཁྱབ་པའི་མཁའ་ལ་མངོན་པར་དགའོ། །དཔེར་ན། སྟོབས་ལྡན་གསོད་སྐྱེས་དག་གི་དགྲ །ལྷར་བསྟེན་རྣམས་ཀྱི་གཙོ་བོ་དྲུག ཁྱུང་ཞོན་བུ་ཡི་དམག་ཚོགས་རྣམས། །རབ་ཏུ་བཀའ་བསྡུས་ཐལ་བར་བརླག །ཅེས་སྟོབས་ལྡན་གསོད་པ་པོ་ནི་ཁྱབ་འཇུག །དེ་ལས་སྐྱེས་པ་ནི་འདོད་ལྷ། དེའི་དགྲ་ནི་དབང་ཕྱུག་དེ་ལྷར་བསྟེན་པ་ནི་ཕྱི་རོལ་པ། དེའི་གཙོ་བོ་ནི་མུ་སྟེགས་སྟོན་པ་དྲུག་གོ །ཁྱུང་ཞོན་ནི་ཁྱབ་འཇུག་དེའི་བུ་ནི་བདུད། དེའི་དམག་ཚོགས་འཇོམས་མཁན་ནི་ཟས་གཙང་སྲས། དེའི་བཀའ་བསྡུ་བ་པོ་ཕྱག་ན་རྡོ་རྗེས་བཅོམ་པའོ། །བཅུ་བཞི་པ་གཅིག་སྒྲིབས་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། གང་དུ་རྟེན་ནི་གསལ་བར་བྱས་ཏེ་བརྟེན་པ་སྦས་པ་ནི་གཅིག་སྒྲིབས་པའོ། །གཉིས་པ་ནི། གབ་བྱ་ནམ་ཡང་(༡༢༨ན)


GLG020_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་དང་བུད་མེད་ཀྱི་ནུ་མའི་དཀྱིལ་འཁོར་ལ་རེག་པའི་བདེ་བ་མ་མྱོང་ཡང་། མི་མ་ཡིན་པ་དྲི་ཟ་འགའ་ཞིག་གི་ལག་པའི་མིང་ཅན་གྱི་ཤིང་ཨེ་རེ་ཎྜ་ལ་ནི་འབྲས་བུ་མེད་པ་ཡིན་ནོ་ལོ། ཞེས་བརྟེན་པ་ལག་པའི་ཆུ་ཤིང་ངོ་། །དེ་གབ་བྱེད་ནི་རྟེན་དྲི་ཟ་དང་མི་མ་ཡིན་གསལ་བར་བྱས་སོ། །གཞན་ལ་མཚོན་ན་སངས་རྒྱས་ཀྱི་ཕྱག་འདི་ལྗོན་ཤིང་ལ་ལང་ལིང་དུ་གཡོ་བ་འདྲ་ཞེས་བརྟེན་པ་ཡལ་ག་སྦས་ནས་རྟེན་ལྗོན་ཤིང་བརྗོད་པའོ། །དཔེར་ན། རྐང་འཐུང་གསར་པའི་འཁྲི་ཤིང་ལ། །ལོ་འདབ་ཁུར་གྱིས་རྣམ་དུད་པ། །རིན་ཆེན་གདུ་བུས་སྤྲས་པ་ཡི། །སོར་མོས་མཚན་པ་འགའ་ལྟར་མཛེས། །ཞེས་པ་རྟེན་ལག་པ་སྦས་ནས་བརྟན་པ་སོར་མོ་བརྗོད་པ་ལྟ་བུའོ། །བཅོ་ལྔ་པ་གཉིས་ཀ་སྒྲིབས་པ་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། ཚིག་སྦྱོར་གང་དུ་རྟེན་བརྟེན་པ་གཉིས་ཀ་སྦས་པར་གྱུར་པ་དེ་ནི་གཉིས་ཀ་ལ་སྒྲིབས་པའོ། །གཉིས་པ་ནི། གབ་བྱ་སྐྱེས་བུ་སུ་ཞིག་སྐྲ་དང་མགོ་བོ་གང་འགྲོགས་པ་ཡི་དུས་སུ་སྐྲ་བཤད་པ་སོགས་བྱ་བ་ཐམས་ཅད་ཉེ་བར་ནི་ཐོབ་སྟེ་བསྒྲུབས་ཤིང་། གལ་ཏེ་ཁ་ཟས་ཀྱི་དུས་དག་ཏུ། གལ་ཏེ་དེའི་ནང་དུ་སྐྲའི་ཉག་མ་རེ་རེ་ཙམ་སོང་བ་མཐོང་ན་འདོར་པར་བྱེད་དོ། །དཔེར་ན། ས་འཛིན་ཕང་བར་གཏི་མུག་གཉིས་ཀྱི་རོའི། །བཅུད་ཆགས་སྐད་འབྱིན་འགའ་ཞིག་ལྡེམ་ལྡེམ་ལ། །གནས་ཏེ་འབྲས་བུར་འདོད་པ་དེ་དོན་དག །གལ་ཏེ་གྲུབ་ན་བརྐམ་པ་ཆོས་ཉིད་ཡིན། །རྟེན་ཆུ་ཤིང་དང་བརྟེན་པ་བྱེའུ་(༡༢༨བ)


GLG020_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་སྦས་པའོ། །བཅུ་དྲུག་པ་ཡོངས་འདྲེས་ལ་མཚན་ཉིད། དཔེར་བརྗོད་དོན་བསྡུ་བ་དང་གསུམ། དང་པོ་ནི། གང་ལ་སྔར་བཤད་པའི་མཚན་ཉིད་བཅོ་ལྔ་པོ་སྣ་ཚོགས་འདྲེས་པ་དེ་ནི་ཡོངས་སུ་འདྲེས་པ་ཞེས་བྱའོ། །གཉིས་པ་ནི། གབ་བྱ་ཧ་དྲོ་བ། ཡ་མཐར་གནས། ག་ཀ་སྟེ། ཛ་ཙ་སྡེ། བྷ་པ་སྡེ། ཊ་ཊ་སྡེ། བཅས་པའི་སྐད་དོད་ས་དང་། ཡི་གེའི་སྐད་དོད་ཨུ་ན་མཚམས་སྦྱར་བའི་ན་ཏ་སྡེ་སྟེ། སྡེ་འདི་གལ་ཏེ་མ་རྒྱལ་བ་སྟེ་མ་ཤེས་ན། མཱ་ཏྲ་ཀ་སྟེ་ཡི་གེའི་ཕྱི་མོ་ཙམ་ཡང་ཤེས་པ་མེད་པ་ངེད་ཀྱི་བུ་འདིའི་ཕྱི་རོལ་རིག་བྱེད་རྟག་པ་རང་བྱུང་སོགས་ཀྱི་ཚུལ་ཤེས་ཀྱང་བླུན་པོའོ། །དེའི་གབ་བྱེད་ནི། ཧ་ཡ་རྟ་དང་། ག་ཛ་གླང་པོ། བྷ་ཊ་དཔའ་བོ་སྟེ་དཔུང་བུ་ཆུང་། སེ་ན་སྡེ་སྟེ། དེ་དག་ལས་མ་རྒྱལ་ན། མ་ཏྲི་ཀ་མ་མེད་པའི་བུ་འདི་ཡི་གེ་ཤེས་ཀྱང་བླུན་པའོ། །དཔེར་ན། མིག་གི་ཁང་པར་མདའ་ཡི་མེ་འབར་ཚེ། །གཉིས་སྐྱེས་ལ་ལ་ཟླ་བ་མཐོང་བ་བཞིན། །གཟུགས་མེད་རྣམས་ནི་དགའ་ཞིང་སྡུག་བསྔལ་བྱེད། ཁམས་གསུམ་དབང་སྡུད་བརྩེ་ཞིང་དགའ་བ་བསྒོམ། །ཞེས་མིག་གཉིས་དང་མདའ་ལྔ་སོགས་གབ་ཚིག་བདུན་པ་དང་། གཉིས་སྐྱེས་ནི་མང་པོ་ལ་འཁྲུལ་འགྲོ་བས་གཉིས་པ་སླུ་བྱེད་དང་། གཟུགས་མེད་ནི་འདྲེ་དང་འདོད་ལྷ། ཁམས་གསུམ་དབང་སྡུད་ནི་ལྷ་མོ་ཀུ་རུ་ཀུལླེ་དང་དབང་ཕྱུག་གཉིས་ལ་ངེས་ཚིག་གི་སྒྲ་བཤད་རུང་ཙམ་ཡོད་ཅིང་། སྡུག་བསྔལ་བྱེད་ཅེས་རྩུབ་མོའི་ཚིག་ཡོད་པས་དྲུག་པ་རྩུབ་མོས་འགོག་པ་དང་གསུམ་ཚང་ལ། གབ་བྱ(༡༢༩ན)
མཛེས་མའི་མིག་འདོད་པའི་མདངས་དམར་བ་དང་། ཆགས་ཅན་རབ་བྱུང་ནག་ཕྱོགས་ལ་དགའ་བའི་འདྲེ། ལྷ་མོ་རིག་བྱེད་མ། གབ་བྱེད་དབང་ཕྱུག་གི་མིག་གི་མེའི་མདའ། བྲམ་ཟེ་ཁྱབ་འཇུག་གོ ། གསུམ་པ་དོན་བསྡུ་བ་ནི། བཤད་མ་ཐག་པ་དེ་ནི་མིང་དུ་འདུས་པ་བསྲེས་ཤིང་བསླུས་པ་ཡི་ནི་གཟུགས་དང་ལྡན་པ། དེ་བཞིན་ཉིད་དུ་ནི་གབ་ཚིག་གཞན་གྱི་ཡང་རྒྱན་འདྲེས་པའི་རིམ་པ་ཤེས་པར་བྱའོ། །གཉིས་པ་མཇུག་བསྡུ་བ་ནི་བཤད་མ་ཐག་པ་འདི་རྣམས་གབ་ཚིག་བཅུ་དྲུག་ཡིན་ཏེ། དེ་དག་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྟན་པ་ལྟར་བཤད་དོ། །བཞི་པ་གབ་ཚིག་ལྟར་སྣང་མི་འཆད་པའི་རྒྱུ་མཚན་ནི། གབ་ཚིག་ངན་པ་གཞན་དག་བཅུ་བཞི་པོ་དེ་དག་རྣམས་ཀྱང་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བརྗོད་པ་ཡིན་ལ། སྐབས་འདིར་ངན་པའི་མཚན་ཉིད་མེད་པ་གང་ཞིག་དེ་འདོད་པས། སྐྱོན་གྱིས་ཡོངས་སུ་དྲང་བར་བྱ་བ་མིན་པར་རིག་ནས། སླར་ཡང་དཎྜཱི་བདག་ཅག་གིས་ལེགས་པ་ཁོ་ན་བཅུ་དྲུག་བརྗོད་པར་བྱས་སོ། །

སྐྱོན་སེལ་གྱི་རྣམ་གཞག་རྒྱས་པར་བཤད་པ།


GLG020_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་སེལ་གྱི་རྣམ་གཞག་རྒྱས་པར་བཤད་པ།གསུམ་པ་སྐྱོན་སེལ་རྒྱས་པར་བཤད་པ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། དོན་ཉམས་དོན་འགལ་དོན་གཅིག་པ། །ཐེ་ཚོམ་ཅན་དང་རིམ་པ་ཉམས། །སྒྲ་ཉམས་གཅོད་མཚམས་ཉམས་པ་དང་། །སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ། །དགུ་པོ་དེའི་སྟེང་དུ། ཡུལ་དང་། དུས་དང་། སྒྱུ་རྩལ་དང་། སྣ་ཚོགས་པའི་འཇིག་རྟེན་དང་། ལུང་དང་རིག་པ་དག་དང་འགལ་བ་སྟེ་དྲུག་པོ་འདི་གཅིག་ཏུ་སྡོམས་པའི་སྐྱོན་བཅུ་པོ་དེ་དག་སྙན་ངག་ལ་སྙན་ངག་མཁན་རྣམས་(༡༢༩བ)


GLG020_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྤངས་བར་བྱའོ། །གཞན་ཡང་དམ་བཅའ། གཏན་ཚིགས། དཔེ་ཉམས་པ་ཞེས་པ་གསུམ་པོ་འདི་ཡང་སྐྱོན་མ་ཡིན་ནམ། འོན་ཀྱང་འདིར་མི་འཆད་པ་ནི་རྟོག་པར་གྲགས་ཀྱང་ཕྱོགས་འདིར་མ་གྲགས་པས་ཕལ་ཆེར་དཔྱད་པར་དཀའ་བ་ཉིད་ཀྱི་ཕྱིར་སྦྱར་བ་དེ་ཡིས་ནི་འབྲས་བུ་ཅི་བྱ་སྟེ་དགོས་པ་མེད་དོ། །གཉིས་པ་ལ་བཅུ་ལས། དང་པོ་དོན་ཉམས་པ་ལ་མཚན་ཉིད། དཔེར་བརྗོད། དམིགས་བསལ་དང་གསུམ། དང་པོ་ནི། བརྗོད་བྱེད་ཀྱི་ཚིག་ཚོགས་པ་ལ་བརྗོད་བྱའི་དོན་གྱིས་སྟོང་པ་གང་དེ་ནི་ཉམས་པ་ཞེས་པར་འདོད་ལ། དེ་ཡང་མྱོས་པས་སྨོན་པ་དང་། བྱིས་པ་བསམ་མེད་ཀྱིས་བརྗོད་པ་ལས་གཞན་དུ་ན་དེ་དག་སྐྱོན་ཡིན་ནོ། །གཉིས་པ་ནི། མི་འདི་ནི་རྒྱ་མཚོ་འཐུང་བར་བྱེད་དེ། བྱིས་པ་བདག་ནི་དེ་རིང་རྒས་པས་གཟིར་ལ། སྤྲིན་པ་འདི་ཡང་འབྲུག་གི་སྒྲ་རབ་ཏུ་སྒྲོག་པར་བྱེད་དེ། །འཕྲོགས་བྱེད་ནི་གླང་པོ་ཆེ་ས་སྲུང་དག་ལ་དགའོ། དཔེར་ན། ཟླ་བ་འདི་ནི་ཤིན་ཏུ་དམར། །ཉི་མའི་འོད་ཀྱིས་བསིལ་བར་བྱས། །ཁོ་བོ་ཉལ་ནས་རྒྱུན་དུ་འགྲོ། །ན་ཆུང་ལ་འཁྱུད་ཚངས་པར་སྤྱོད། །ཅེས་པ་ལྟ་བུ། གསུམ་པ་ནི། འདི་ལྟ་བུ་སེམས་རྣལ་དུ་མི་གནས་པས་མངོན་པར་བརྗོད་པ་ལ་སྨད་པར་བྱ་བ་མིན་ཏེ། གཞན་དུ་ན་དེ་ལྟ་བུ་ལ་སོགས་པ་སྙན་ངག་མཁན་པོ་སུ་ཞིག་གིས་སྦྱོར་ཏེ་མ་སྦྱོར་རོ། །གཉིས་པ་དོན་འགལ་བ་ལ་མཚན་ཉིད། དཔེར་བརྗོད། དམིགས་བསལ་གསུམ། དང་པོ་ནི། ངག་གཅིག་ནི་རབ་ཏུ་སྦྱར་བ་ཡིས་ངག་སྔ་མ་དང་ཕྱི་མ་གཅིག་(༡༣༠ན)


GLG020_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གཅིག་གི་ནུས་པ་གཞན་འཇོམས་པ་འགལ་བའི་དོན་ཅན་ཉིད་ཀྱི་སྐྱོན་འདི་ནི་དོན་འགལ་ཞེས་པར་རབ་ཏུ་བརྗོད་དོ། །གཉིས་པ་ནི། དགྲ་རིགས་མཐའ་དག་འཇོམས་པ་དང་། སྣ་ཚོགས་པའི་བྱ་བའི་ཁུར་ལྡན་འདི་རྒྱལ་བར་གྱུར་ཅིག་འབྱུང་པོ་ཀུན་ལ་བརྩེ་བ་ཅན་ཁྱོད་ལ་དགྲ་ནི་སུ་ཡང་མེད་དོ། །དཔེར་ན། ཉོན་མོངས་མ་ལུས་བཅོམ་པ་ཡི། །གནས་བརྟན་དགྲ་བཅོམ་ཁྱོད་ཀྱིས་ནི། །རི་དྭགས་མིག་ཅན་མ་འདི་ལ། །ལོག་གཡེམ་སྤྱོད་པར་མ་མཛད་ཅིག །ཅེས་པ་ལྟ་བུ། གསུམ་པ་ལ་འགའ་ཞིག་འདོད་ཚུལ་དང་། དཔེར་བརྗོད་གཉིས། དང་པོ་ནི། མངོན་པར་ཆགས་པ་དང་ལྡན་པའི་སེམས་ལ་ནི་མུ་ཅོར་སྨྲ་བའི་སྐབས་དེ་འགའ་ཞིག་ཡོད་པས་ན་ཆགས་པ་ཕུལ་བྱུང་བརྗོད་པ་གང་ལ་འགལ་བའི་དོན་ཅན་གྱི་ཚིག་དག་ཀྱང་མངོན་པར་བརྗོད་པར་འགྱུར་རོ། །གཉིས་པ་ནི། གཞན་གྱི་བུད་མེད་ལ་སྲེད་པ་འགའ་ཞིག །ཚུལ་དེ་ནི་འཕགས་པ་དག་གིས་ཀྱང་ག་ལ་མི་རིག་པས། མཛེས་མ་དེ་ཡི་སོའི་སྒྲིབ་བྱེད་གཡོ་བ་དང་། བདག་གིས་ནི་ནམ་ཞིག་འཐུང་བར་འགྱུར་རམ། དཔེར་ན། ཧ་ཅང་ཆགས་མྱོས་དྲག་པོ་ཡིས། །མྱོས་ཏེ་སྐྱབས་མེད་གནས་ཁང་དུ། སྤྱད་དེ་སྐྱེ་བོ་གཞན་ཅི་སྨོས། །ཀུན་མཁྱེན་རྒྱལ་བས་ག་ལ་གཟིགས། །ཞེས་པ་ལྟ་བུ། གསུམ་པ་དོན་གཅིག་པ་ལ་མཚན་ཉིད། དཔེར་བརྗོད། དམིགས་བསལ་དང་གསུམ། དང་པོ་ནི། བརྗོད་བྱའི་དོན་ཉིད་དམ། བརྗོད་བྱེད་ཀྱི་སྒྲ་གང་ལ་ཡང་ཁྱད་པར་(༡༣༠བ)


GLG020_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་སྔར་བརྗོད་པ། གལ་ཏེ་སླར་ཡང་རབ་ཏུ་སྒྲིགས་པ། དེ་ནི་དོན་གཅིག་པར་འདོད་དེ། དཔེར་ན། གཉིས་པ་ནི། འདོད་པའི་སྲེད་པ་ལ་སྲེད་པ་འཕེལ་བར་བྱེད་པའི་བུ་མོ་རྣམས་ཀྱི་ཆགས་པའི་རྒྱུ་ནི་དེ་རྣམས་སྐྲའི་ལན་བུའི་འོད་ཟེར་ནག་པོ་ཅན་དང་། ཆུ་འཛིན་དང་། གློག་དང་ལྡན་པ་དང་། འབྲུག་སྒྲ་ཟབ་མོ་སྒྲོག་པ་འདི་དག་གོ །ཞེས་སྲེད་པ་དང་སྲེད་བྱེད་དོན་གཅིག་ལ། ཆུ་འཛིན་སོགས་ཀྱང་སྤྲིན་དུ་དོན་གཅིག་པས་དགོས་པ་མེད་པར་ལྡབས་པའོ། །དཔེར་ན། ཉོན་མོངས་སྡིག་པ་སྒྲིབ་པ་ཀུན། །མ་ལུས་ཞི་བར་བྱ་བའི་ཕྱིར། །རྒྱལ་བས་ཆོས་འཆད་ཆོས་འཁོར་བསྐོར། །བཀའ་ཡི་རྣམ་གྲངས་དུ་མ་གསུང་། ཞེས་པ་ལྟ་བུ། གསུམ་པ་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། རྗེས་སུ་བརྩེ་སོགས་ཁྱད་པར་ལས། གལ་ཏེ་དགའ་བས་གཏམ་འགའ་ཞིག་བརྗོད་པར་འདོད་ན་ནི་ཡང་ཡང་བརྗོད་པ་ལ་སྐྱོན་མེད་དེ་འདི་ནི་རྒྱན་དུ་རིགས་པ་ཡིན་ནོ། །གཉིས་པ་ནི། འདོད་པས་བཀབ་པ་མིན་པ་སྟེ་རྒྱུ་མཚན་མེད་པར་འཁོན་པ་ཡིས་བུད་མེད་མཆོག་འདི་བཅོམ་པར་གྱུར་ཏོ། །ཡན་ལག་ཀུན་མཛེས་པ་འདི་བཅོམ་པར་གྱུར་ཏོ། །ངག་སྙན་ཅིང་འཇམ་པར་སྒྲོག་མ་འདི་བཅོམ་པར་གྱུར་ཏོ། །དཔེར་ན། ཡིད་དུ་འོང་བའི་མཛའ་བོ་ཁྱོད། །སྐྱིད་པའི་གནས་ཁང་འདི་རུ་ཤོག །ཞིམ་པའི་ཁ་ཟས་ཟ་ཕྱིར་འདོང་། །སྙིང་གྲོས་ལྷུག་པར་སྨྲ་ཕྱིར་གཤེགས། ཞེས་པ་ལྟ་བུ། །བཞི་པ་ཐེ་ཚོམ་ཅན་ལ་མཚན་ཉིད། དཔེར་བརྗོད། དམིགས་བསལ་དང་གསུམ། དང་པོ་ནི། ངེས་པའི་(༡༣༡ན)


GLG020_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་རབ་ཏུ་སྦྱར་བའི་ཚིག་རྣམས་ཉིད་ཀྱིས་གལ་ཏེ་ནི་ཐེ་ཚོམ་བྱེད་མི་དགོས་པ་ལ་དེ་སྐྱེད་པར་བྱེད་ན་ནི་འདི་ཐེ་ཚོམ་ཅན་ཞེས་རབ་ཏུ་བརྗོད་དོ། །གཉིས་པ་ནི། འཁྲིག་པའི་རེ་འདོད་ཀྱི་དགའ་བས་བལྟ་བ་ཡིས་རོ་ལ་མིག་ཟུར་གཡོ་བར་བྱེད་པའི་གྲོགས་མོ་དག །འདི་འདྲ་བས་ཁྲིས་ན་ཡོད་ན་བལྟ་བར་བཟོད་པ་མ་ཡིན་ཏེ། རྒྱང་ན་འདུག་པའི་མ་མ་འདིས་ཀྱང་ངོ་། །རྒྱ་དཔེར་ཨ་ར་རྟ་ཅེས་པ་ཉེ་བ་དང་རིང་བ་གཉིས་ཀ་ལ་འཇུག་པས་ཐེ་ཚོམ་དུ་འགྱུར་པ་ཡིན་ནོ། །དཔེར་ན། ཀུན་མཁྱེན་རྒྱལ་བ་མཆོག་གང་གིས། །འགྲོ་ལ་ཕན་ཕྱིར་གོ་ཡི་སྒྲ། །གསུངས་པ་འདི་ཡི་དོན་དུ་ནི། །འགྱུར་རམ་ཡང་ན་མི་འགྱུར་རོ། །ཞེས་པ་ལྟ་བུ། གསུམ་པ་ལ་མཚན་ཉིད། དཔེར་བརྗོད་བཤད་པ་དང་གསུམ། དང་པོ་ནི། འདི་འདྲ་བའི་ཐེ་ཚོམ་གྱི་སླད་དུ་ནི་གལ་ཏེ། འགའ་ཞིག་ཏུ་སྦྱར་བ་ན། དེ་ནི་རྒྱན་ཉིད་དུ་འགྱུར་གྱི། དེ་ལ་སྐྱོན་མེད་པ་འདི་ལྟ་སྟེ། གཉིས་པ་ནི། མ་སྨད་པ་དེ་ནི་ལུས་སྐྱེས་ཏེ་འདོད་པའམ་ཚ་བའི་འཇིགས་པས་གཟིར་ཞིང་སྦྱོར་བ་རྩུབ་མོ་ཡིས་དུས་འདི་ཉིད་ཀྱིས་ནི་བཟུང་བར་མཐོང་སྟེ། ད་ནི་བདག་ཅག་ཁྱོད་ལ་འདོད་པའི་རེ་བ་ཅི་ཡང་མེད་དོ། །དཔེར་ན། འཇམ་དབྱངས་གྲུབ་བམ་དབྱངས་ཅན་མས་རྗེས་སུ་བཟུང་བའི་སྐྱེས་བུ་ཁྱོད། སྙན་ཚིག་གཞུང་བརྒྱ་སྨྲ་བ་ལ། རྨད་བྱུང་བློ་གྲོས་ཅན་དེར་སྨོན། །ཞེས་པ་ལྟ་བུ། གསུམ་པ་ནི། འདོད་པས་གཟིར་རམ་ཚ་བས་གདུངས་ཞེས་པ་ངེས་མེད་ཐེ་ཚོམ་བྱེད་པའི་ཚིག་གིས་(༡༣༡བ)


GLG020_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

རྩེད་འཇོས་ཀྱལ་ཀའི་སྒོ་ནས་མཛའ་བོ་སྐྱེས་པ་དེའི་ཡིད་འཁྲུགས་པར་བྱ་བའི་ཕྱིར་དུ་ཕོ་ཉ་མོས་སྨྲས་སོ། །ལྔ་པ་རིམ་པ་ཉམས་པ་ལ་མཚན་ཉིད། དཔེར་བརྗོད། དམིགས་བསལ་དང་གསུམ། དང་པོ་ནི་བཤད་བྱའི་དོན་མང་པོ་དག་སྔ་མར་མདོར་བསྟན་ནས། དེའི་རྗེས་སུ་ཡོན་ཏན་གྱི་དོན་རྣམས་གོ་རིམས་མ་འཁྲུགས་པར་སྦྱར་དགོས་པ་ལ། གལ་ཏེ་གོ་རིམས་ཀྱིས་རྗེས་སུ་བསྟན་པར་མ་བྱས་ནས། རིམ་པ་ཉམས་པར་མངོན་པར་བརྗོད་པའི་སྐྱོན་དུ་དེ་དག་ནི། བཤད་དེ། དཔེར་ན། གཉིས་པ་ནི། འགྲོ་བ་རྣམས་ཀྱི་གནས་པའི་རྒྱུ་ཁྱབ་འཇུག །སྤྲུལ་པའི་རྒྱུ་ཚངས་པ། འཇིག་པའི་རྒྱུ་དབང་ཕྱུག་ཅེས་མདོར་བསྟན་ནས་རྒྱས་བཤད་ཀྱི་སྐབས་སུ། མ་སྐྱེས་པ་བདེ་འབྱུང་དང་། སྲེད་མེད་ཀྱི་བུ་དང་ཆུ་སྐྱེས་ཀྱི་སྐྱེ་གནས་ཅན་གྱིས་ཁྱེད་རྣམས་ལ་སྲུངས་ཤིག་ཅེས་གོ་རིམས་འཆོལ་བའོ། །དཔེར་ན། ཁ་དོག་ཨིནྡྲ་ནཱི་ལ་སུ་ཝརྞ། །གངས་རིའི་མདངས་དང་ལྡན་པའི་ལྷག་པའི་ལྷ། །ཕྱག་ན་པདྨ་འཇམ་མགོན་གསང་བདག་གིས། །དུས་རྣམས་ཀུན་ཏུ་དགེ་ལེགས་སྩལ་དུ་གསོལ། །ཞེས་པ་ལྟ་བུ། གསུམ་པ་ལ་མཚན་ཉིད་དཔེར་བརྗོད་གཉིས། དང་པོ་ནི། བརྗོད་དོན་གྱི་འབྲེལ་པ་ངེས་པར་ཤེས་པའི་རྒྱུར་གོ་རིམས། འཁྲུགས་པའི་སྦྱོར་བ་གང་ཡང་གལ་ཏེ་འབད་པར་བྱས་ནས་རིམ་པ་ཟློས་ཀྱང་སྐྱོན་མིན་པར་མཁས་པ་རྣམས་ཀྱིས་སྨྲ་སྟེ། དཔེར་ན། གཉིས་པ་ནི། གཉེན་དང་བྲལ་བས་གཏོང་བ་དང་། ཤི་སྟེ་ལུས་གཏོང་བ་དང་། ཡུལ་དང་བྲལ་ནས་གཏོང་བ་ཞེས་པ་གསུམ་པོ་(༡༣༢ན)


GLG020_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དང་པོ་དང་ཐ་མ་གཉིས་དང་བྲལ་བ་ནི་ཉོན་མོངས་པའི་སྡུག་བསྔལ་རིང་བ་ཡིན་ལ། བར་མ་ལུས་དང་བྲལ་བ་ནི་སྐད་ཅིག་གི་གདུང་བ་སྟེ་ཡུན་ཐུང་ངོ་། །དཔེར་ན། པད་དཀར་མེ་ཏོག་བ་ཀུ་ལ། །ཀུ་མུ་ཏ་ཡི་ཆུ་སྐྱེས་གསུམ། །དང་མཐའ་ཉི་ཟླས་ཁ་འབྱེད་ཀྱང་། །བར་པ་ཁ་ཡི་ཆང་གིས་སོ། །ཞེས་པ་ལྟ་བུ། དྲུག་པ་སྒྲ་ཉམས་པ་ལ་མཚན་ཉིད་དཔེར་བརྗོད། དམིགས་བསལ་དང་གསུམ། དང་པོ་ནི། བརྗོད་དོན་གྱི་མཚོན་བྱ་ལ་རྣམ་དབྱེ་དང་རྐྱེན་གྱི་མཚན་ཉིད་ཀྱི་ལམ་ལ་མཚོན་ན། དེ་དང་མི་མཐུན་པའི་ཚིག་སྦྱོར་ནི་མཆོག་མིན་པ་མི་མཁས་པ་དག་འདོད་པ་ནི་སྒྲ་ཉམས་པ་ཡིན་ཏེ། མཆོག་གི་མཁས་པ་རྣམས་དག་འདོད་པ་འདི་ནི་སྐྱོན་ལྟར་སྣང་ཡང་སྐྱོན་མ་ཡིན་ནོ། །གཉིས་པ་ནི། ས་གཞི་རྒྱ་མཚོའི་སྐ་རགས་ཅན་དེ་ནི་རྒྱལ་པོ་ཁྱོད་ཀྱི་དཔུང་པས་སྲུངས་ཤིག །ཅེས་རྒྱ་དཔེར། རྒྱལ་ཆེན་གྱི་སྐད་དོད་མ་ཧཱ་རཱ་ཛ་ན་ཞེས་ལས་འཛིན་གྱི་བསྡུ་བ་ཡོད་པས་དེའི་མཐར། ཙནྡྲ་པའི་མདོ་ལས་ཚིག་སྡུད་ཀྱི་མཐའོ། །ཞེས་སྤྱིར་བཏང་ནས། ས་ཁི་དང་། ཨ་ཧར྄་དང་། རཱ་ཛན྄་རྣམས་ཀྱི་ཊཙ྄འོ། ཞེས་པས་ཊཙ྄འི་རྐྱེན་བྱིན། ཙ྄་དབྱངས་དོན་དང་། ཊི་ཏ྄་དྷ། ཨཎ྄། ཨཉ྄། ཋཀ྄ ཋཉ྄། ནཉ྄། སྣཉ྄། ཀཉ྄་ཀྭ་རཔ྄་ཁྱུན་ལས་སོ་ཞེས་པའི་ཁྱད་དོན་གྱིས་ཊ་ཕྱིས་ཨ་བཞག །ནའི་ཨཙ྄་ལ་སོགས་པ་ལ་ངོས་མཐའི་ཨཎྲ་ཕྱིས་ཤིང་དབྱངས་མེད་དབྱངས་ལ་ཡང་དག་པར་སྦྱར་བས། རཱ་ཛ་ཞེས་འབྱུང་དགོས་པ་ལ་འདིར་དེ་མེད་པར་རཱ་ཛན྄་(༡༣༢བ)


GLG020_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་དང་། རྣམ་དབྱེ་དྲུག་པའི་ཚབ་ལ་བཞི་པ་བྱིན་པའི་སྐྱོན་གྱིས། རྒྱལ་ཆེན་ཁྱོད་ལ་དཔུང་པས་བསྲུངས་ཞེས་འབྲེལ་མེད་ཀྱི་ཚིག་འབྱུང་བས་མཚོན་ཏེ། རྒྱ་དཔེར། རྐྱེན་དང་རྣམ་དབྱེ་ནོར་བའི་དཔེར་བརྗོད་ཤིན་ཏུ་གསལ་ལོ། །སྐྱོན་འདི་ཤིན་ཏུ་སྤང་བའི་གནས་ཡིན་ཀྱང་། ད་ནི་དུས་དབང་གིས་མང་པོ་འབྱུང་བར་ངེས་ཏེ་ཀར་ལུགས་ཀྱི་དྲུང་པ་སི་ཏོ་བར་ཁ་ཁྲལ་ཕོག་ནས། མཚམས་སྦྱོར་ལྔ་པའི་འགྲེལ་པ་བརྗོད་བྱ་གང་ཡང་མེད་པ་ཞིག་བརྩམས། དེའི་མཇུག་ཏུ་ལོ་ཙཱ་བ་བརྟན་པ་མིང་ལེ་དྲུག་པ་བསྒྲལ་ནས་བསླབ་མ་མྱོང་བ་དེ་ལ་བློ་བརྟན་ལྔ་པ་ཞེས་པ་བསྔགས་བརྗོད་བྱེད་པ་སོགས་བླུན་པོའི་སྣང་ཚུལ་ནི་ཤིན་ཏུ་མང་ངོ་། །ཞེས་པ་སྔར་བཤད་པ་དེ་ནི། ཚིག་འདི་ལ་ནི་ཉམས་འགྱུར་ཡོད་པ་མི་ནུས་པ་ན་ཤེས་འདོད་མེད་དོ། །དཔེར་ན། འཁོར་བར་འཁྱམས་པའི་འགྲོ་བ་རྣམས། །གཏན་བདེ་ཐོབ་ལས་ཕྱག་བཙལ་ཏེ། །སངས་རྒྱས་རྣམས་ལ་བྱིན་བརླབས་ནས། །འདོད་པའི་དོན་ཀུན་གྲུབ་པར་གྱུར། །ཅེས་གཏན་བདེ་ཐོབ་ཕྱིར་དང་། སངས་རྒྱས་ཀྱིས་ལྟ་བུ་དགོས་པ་ལ་མ་བྱུང་ཞིང་། སྒྲ་སྒྲུབ་ལ་ཡང་། སུ་ཁ་ལ་རྣམ་དབྱེ་བཞི་པའི་དེ་དགོས་རྒྱུ་ལ། ལྔ་པའི་དེས་བྱིན་པ་དང་། བུདྡྷ་ལ་རྣམ་དབྱེ་གསུམ་པའི་བྷིས྄་དགོས་རྒྱུ་ལ། བདུན་པའི་སུཔ྄་བྱིན་པས་འཁྲུལ་ལོ། །གསུམ་པ་ལ་དཔེར་བརྗོད་དང་། སྒྲུབ་བྱེད་གཉིས། དང་པོ་ནི། ལྷོ་ཡི་རི་ལས་ཉེ་བར་བཏུད་པའི་རླུང་གིས་ཙཱུ་ཏའི་རྐང་འཐུང་གི་ནི་ཡལ་འདབ་རྣམས་པར་རོལ་ཞིང་རྩེ་བ་ལྟར་བསྐྱོད་པ་ཡིས་མྱུ་གུ་མཛེས་(༡༣༣ན)


GLG020_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྡན་པར་བྱེད་དོ། །གཉིས་པ་ནི། ཞེས་སོགས་ཀ་ཙནྡ་གྱི་བསྟན་བཅོས་བདག་ཉིད་ཆེན་པོ་རྣམ་ལ་ལྟ་བ་ལ་གཡེལ་བའི་སེམས་དང་ལྡན་པ་འགའ་ཞིག་ལ། རི་ལ་ཞེས་པ་རྣམ་དབྱེ་བདུན་པ་ཐོབ་མོད་སྙམ་པ་འབྱུང་བའི་སྒྲ་ཉམས་པ་བཞིན་དུ་སྣང་མོད་ཀྱི། མིང་ལེ་བཞི་པར་གཉིས་ཐོབ་པ་ལ་ཕ་རོལ་སྟེར་བར་བཤད་པས་སྐྱོན་མེད་པའི་ཕྱིར་སྐལ་བཟང་འདི་ནམ་ཡང་གཏོང་བ་མ་ཡིན་ནོ། །དཔེར་ན། རྒྱལ་བས་ཐུགས་རྗེ་ཆེར་འཕེལ་བས། །འགྲོ་བའི་སྡུག་བསྔལ་མ་ལུས་ཞི། །ཕན་བདེའི་འཁྲི་ཤིང་མྱུ་གུ་དེ། །དབྱར་གྱི་མཚོ་ལྟར་འཕེལ་བར་གྱུར། །རྒྱལ་བའི་ཞེས་དྲུག་པ་ཐོབ་པ་འདྲ་ཡང་བྱེད་ཚིག་བྱས་ན་ལེགས་སོ། །བདུན་པ་ངལ་སོ་ཉམས་པ་ལ། །མཚན་ཉིད། དཔེར་བརྗོད། །དམིགས་བསལ་དང་གསུམ། །དང་པོ་ནི། ཚིགས་བཅད་རྣམས་ལ་ངལ་སོ་ངེས་པའི་གནས། སྡེབ་སྦྱོར་གྱི་ཚིག་གི་གཅོད་མཚམས་ངལ་སོ་བར་རིག་དགོས་ལ། དེ་ཉམས་གཅོད་མཚམས་མིང་མ་རྫོགས་པར་ངལ་སོ་བ་ནི་ཉམས་པ་སྟེ། ཉན་པ་པོ་དག་དགའ་བ་མིན་པ་སྐྱེད་དེ། དཔེར་ན། གཉིས་པ་ནི། བུད་མེད་རྣམས་ཀྱིས་ཡང་དག་པར་བརྗོད་པའི་ཚིག་གླུ་གར་སོགས་སྙན་པའི་རོ་དང་ཉམས་མེད་པ་ལ། སྐབས་འདིར་སྐྱེས་བུའི་མཆོག་རྣམས་ནད་འགྲོགས་པའི་མིའི་དབང་པོ་ཉི་མའི་རིགས་རྒྱུད་ལས་བྱུང་བ་འདིས་ལྟ་བར་བྱེད་དོ། །ལ་སོགས་པ་སྡེབ་སྦྱོར་ཉམས་པ་ནི་སྐྱོན་ནོ། །རྒྱ་དཔེར། སྟྭཱིཎཱཾ་སཾ་གཱི་ཏི། བརྗོད་པའི་སྐད་དོད་གཱི་ཏི་མ་རྫོགས་(༡༣༣བ)


GLG020_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པར་ངལ་སོས་པས་ངལ་སོ་ནོར་བ་སོགས་ཤིན་ཏུ་གསལ་ལོ། །དཔེར་ན། མཆོག་རྣམས་འདྲེན་སངས་རྒྱས་པ་དག །ལུས་ཅན་ཀུན་བརྩེ་ལྡན་མ་མ། །གང་དེ་ཡིས་བདག་ལ་ཕན་འདོགས། །མྱུར་སྩོལ་ཤིག་ཐུགས་རྗེ་ཅན་ཀྱེ། །ཞེས་པ་ལྟ་བུ། གསུམ་པ་ལ་དངོས་དང་། སྒྲུབ་བྱེད་གཉིས། དང་པོ་ནི། གཙུག་ལག་གཉིས་ཀྱི་བྱ་བ་དང་བྱ་བ་མ་ཡིན་པ་བླང་དོར་མ་ཚང་བ་མེད་པར་ལུང་ཉིད་ཀྱི་སྒོ་ནས་ལྟ་བར་བྱེད་ཅིང་། གཞན་ཡང་མི་བདག་འདི་ཡི་དབང་དུ་གྱུར་པའི་ས་འཛིན་ཀུན་སྲུང་བར་བྱེད་ཅེས་པ་དེ་ལྟར་མིང་གི་དབུས་སུ་ངལ་སོ་སྦྱོར་བ་ལྟར་ཡོད་ཀྱང་སྐྱོན་མེད་དོ། །རྒྱ་དཔེར། ཀཱཪྻ་ནྱ་ཞེས་པའི་ཡཱ་ནི་རྣམ་དབྱེའི་ཤུགས་ལས་རིང་པོར་གྱུར་ལ། ཎི་ནི་རྣམ་དབྱེ་ཡིན་པས། དབུས་སུ་ངལ་སོ་བྱུང་བ་ལ་སྐྱོན་མེད་ཅིང་། ཡ་བཏགས་བྱུང་བ་ནི་མཚམས་སྦྱོར་གྱི་སྟོབས་སོ། །དཔེར་ན། དབྱངས་ཅན་ལྷ་མོ་སྨོས་ཅི་དགོས། །འཇམ་དབྱངས་ཀྱིས་ཀྱང་བློ་གྲོས་ཀུན། །འབད་པ་མེད་པར་སྩལ་བ་ཡིས། །རྣམ་པར་དཔྱོད་འདི་དེ་རྨད་བྱུང་། །ཞེས་འཇམ་དབྱངས་དང་ཀྱིས་གཉིས་ཀྱི་བར་བཅད་པ་དང་། དེ་རྨད་ཅེས་སྦྲེལ་བ་ལ་སྐྱོན་མེད་པ་ལྟ་བུ། གཉིས་པ་ནི། ཇི་ལྟར་རྣམ་དབྱེའི་སྟོབས་ཀྱིས་ཚིག་གི་མཐའ་ཕྱིས་པར་བྱས་པ་ལ་ལྷག་མ་ཚིག་ཉིད་དུ་ངེས་པ་དེ་བཞིན་དུ། མཚམས་སྦྱོར་རྣམ་འགྱུར་གྱི་མཐའ་ཡང་ཚིག་ཉིད་ཅེས་ནི་བརྗོད་པ་ཡིན་ནོ། །དེ་ལྟ་ན་ཡང་དེ་རྣ་བར་རྩུབ་པས་སྙན་ངག་མཁན་རྣམས་མི་སྦྱོར་ཏེ། རྒྱལ་པོ་དེའི་རྒྱལ་(༡༣༤ན)


GLG020_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱི་ཏོག་གི་ཆུ་འཛིན་བསྐུལ་ཞེས་པ་འདིའོ། །རྒྱ་དཔེར། ཏོག་གི་སྐད་དོད་ཀེ་ཏུའི་ཀེ་ནི་རྐང་པ་དང་པོའི་མཐའ་བྱུང་བ་བདུན་པའི་ཚིག་ཡིན་ཡང་མི་སྙན་པས་སྤང་བར་བྱའོ། །བརྒྱད་པ་སྡེབ་སྦྱོར་ཉམས་པ་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། གང་དུ་ཡི་གེ་ཆད་ལྷག་ཤོར་བས་རིང་ཐུང་དང་ལྕི་ཡང་སྡེབ་སྦྱོར་ལས་བཤད་པ་ཇི་ལྟ་བ་བཞིན་མི་གནས་པ་དེ་ནི་སྡེབ་སྦྱོར་ཉམས་པ་ཞེས་བྱ་སྟེ། སྐྱོན་འདི་ནི་ཤིན་ཏུ་སྨད་པའི་གནས་སོ། །གཉིས་པ་ལ་གཉིས་ལས། དང་པོ་ཆད་ལྷག་དཔེར་བརྗོད་ནི། ཟླ་བའི་འོད་ཟེར་རབ་བསིལ་བས་རེག་ཅེས་པ་རྒྱ་དཔེར་ཡི་གེ་རྐང་པ་བདུན་ལས་མེད་པས་ཉུང་བ་ཉིད་དང་། ས་ཧ་ཀཱ་རའི་ལོ་འདབ་གསར་པ་རྣམས་སྣུམ་ཞིང་ཞེས་པ་འདི་ལ་ཡི་གེ་དགུ་ཡོད་པས་ལྷག་པའོ། །དཔེར་ན། ཀྱེ་མ་བོད་རྒན་བླུན་པོ་རྣམས། །ཐ་ག་པ་འདྲའི་བླ་ཆེན་རྣམས་ལ་དགའ། །ཤེས་བྱ་ཤེས་པའི་བློ་ལྡན་རྣམས་ལ། །ཕག་རྒོད་ལྟ་བུར་གཟུར་བར་བྱེད་པ་དེའོ། །ཞེས་པ་ལྟ་བུ། གཉིས་པ་ལྕི་ཡང་གི་དཔེར་བརྗོད་ནི། འདོད་པའི་མདའ་རྣོན་པོ་དེ་དག་རི་དྭགས་མིག་ཅན་མ་རྣམས་ལ་རྣམ་པར་འཕངས། ཞེས་པ་དབང་པོ་རྡོ་རྗེའི་ཐོག་མ་ཏ་ཡིན་པས་དེའི་ལྕི་ཡང་དང་མ་མཐུན་པས་ཇི་བཞིན་མིན་ལ། མཛེས་མའི་མིག་ཅན་དག་ལ་མྱོས་བྱེད་འདོད་ལྷའི་མདའ་རྣོན་པོ་ལྷུང་(༡༣༤བ)


GLG020_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ཡང་། ཉེ་དབང་རྡོ་རྗེའི་ཐོག་མར་ཛ་ཡོད་པས་དེ་དང་མཐུན་པས་ཇི་བཞིན་མིན་ནོ། །དཔེར་ན། མཧཱཀརུཎྱཱགགནཱཏྶུཪྻམཏིཡཙྪཀརཿ དེཝབམརཱ་མཛྙུཤྲཱིགྷོཥཱཡནམསྶརྦྦཀཱལ། །ཞེས་པ་བྲམ་ཟེ་ཕྲུག་གུ་རྩེན་གྱི་སྡེབ་སྦྱོར་འདི་ལ། བྷ་ཏ་ལ་ག་ཐོབ་ཀྱང་། འདིར་ཧཱ་ཤྲི་ཀཱ་ཛུ་རྣམས་ཡང་བ། །ཐུགས་རྗེ་ཆེན་པོའི་མཁའ་དབྱིངས་ལས། །བློ་གྲོས་ཉིན་བྱེད་སྩོལ་མཛད་པ། །ལྷ་མཆོག་འཇམ་དཔལ་དབྱངས་ལ་ནི། །དུས་རྣམས་ཀུན་ཏུ་ཕྱག་འཚལ་ལོ། །དགོས་པ་ལ་ལྕི་བ་དང་། ཏི་མ་ལྕི་བ་དགོས་པར་ཡང་བ་ལྟ་བུའོ། །དགུ་པ་མཚམས་སྦྱོར་ཉམས་པ་ལ་མཚན་ཉིད། །དཔེར་བརྗོད། དམིགས་བསལ་དང་གསུམ། དང་པོ་ནི། བསྡུས་པའི་ཚིག་མཚམས་སྦྱར་བ་བརྗོད་པར་མི་འདོད་ཅེས། ཚིག་གཅིག་གམ་ཐ་དད་པ་རྣམས་ལ་མཚམས་སྦྱོར་ཐོབ་ཀྱང་མེད་པའི་རིགས་གང་ཞིག །དཔེར་ན། ན་མ་ཨཱཪྻ་ཞེས་པ་ལྟ་བུ་རྣམ་བཅད་དང་ཨེ་ཨ་ཡའི་ཡ་ཕྱིས་ཤུལ་སོགས་དམིགས་བསལ་གྱི་རྒྱུ་མཚན་མེད་པ་ལ་མཚམས་མི་སྦྱོར་བ་དེ་ནི་མཚམས་སྦྱོར་བྲལ་བ་ཞེས་བསྟན་ནོ། །གཉིས་པ་ནི། མཁའ་དང་བདག་གི་ཡིད་ཕྲོགས་པ་ལ་ཡང་། རླུང་གིས་དལ་བུར་རྒྱུ་བ་ཡིས་ནི་འདོད་པ་འཕེལ་ཏེ་འཁྲིག་པ་བསྟེན་པ་ནི། བུད་མེད་ཀྱི་འགྲམ་པའི་དཀྱིལ་འཁོར་ལ་རྔུལ་གྱི་ཆུ་རྒྱས་པ་ནི་སེལ་བར་བྱེད་དོ། །རྒྱ་དཔེར། ཙ་ར་ཏཱ། ཨངྒ་ནཱ་གཉིས་མཚམས་མ་སྦྱར་བ་ལྟ་བུ་སྟེ། དཔེར་ན། ཟླ་བའི་དཀྱིལ་འཁོར་ཇི་བཞིན་དུ། །རབ་(༡༣༥ན)


GLG020_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་མ་ཏི་ཨཱ་ཀ་ཤ །ཇི་བཞིན་མཐའ་ཡས་པ་ནི། །བླ་མ་ལྷ་ཡི་དྲིན་ལས་སོ། །ཞེས་པ་ལྟ་བུ། གསུམ་པ་ནི། མཚན་མོ་འདི་ལ་ཞེས་པའི་སྐད་དོད་ཀྱི་མགོའི་ཨཱ་དང་། ཚིགས་བཅད་སྔ་མའི་གཤམ་གྱི་པི་གཉིས་པོ་མཚམས་མི་སྦྱོར་བ་ནི་ཤད་ཉིས་བརྩེགས་ཀྱིས་ཆོད་པས། འདི་འདྲ་མཁས་པས་ཉམས་པའི་སྐྱོན་དུ་རིག་པར་མི་བྱེད་དོ། །དཔེར་ན། མཁས་དབང་ཙནྡྲ་གོ་མི་ཡི། །འཆད་རྩོད་རྩོམ་པའི་བི་ཙཱ་ར་ཨ་ཏི་ཤ་ཡི་ངོ་མཚར་ནི། ཆེ་ཞེས་ཀུན་གྱིས་གླེང་བར་བྱེད། ཅེས་པ་ལྟ་བུ། བཅུ་པ་ཡུལ་འགལ་བ་སོགས་ཀྱི་སྐྱོན་ལ། འགལ་བ་དྲུག་གི་མཚན་ཉིད་མདོར་བསྟན། སོ་སོའི་དཔེར་བརྗོད་རྒྱས་པར་བཤད། གནས་སྐབས་འགལ་ཡང་སྐྱོན་མེད་དུ་བསྟན་པ་དང་གསུམ། དང་པོ་ནི། རི་དང་། ནགས་དང་། ཡུལ་འཁོར་ལ་སོགས་ཡུལ་དང་། ཉིན་མཚན་དང་། དབྱར་སོགས་དུས་དྲུག་ལ་སོགས་དུས་དང་། འདོད་པའི་ཡོན་ཏན་གྱི་དོན་ལྔ་ལ་བརྟེན་པ་ཡི་གར་དང་གླུ་སོགས་སྒྱུ་རྩལ་ཏེ་འབྱུང་པོ་སེམས་ཅན་རྒྱུ་བ་དང་། མི་རྒྱུ་བ་བེམ་པོ་རྣམས་ཀྱི་འཇུག་པ་ཇི་ལྟ་བ་ནི་འཇིག་རྟེན་གྱི་མིང་ཅན་ནོ། །རིག་པ་གཏན་ཚིགས་རིག་པ་རྟོག་གེའི་བདག་ཉིད་དང་། ཐོས་པ་རིག་བྱེད་དང་བཅས་པ་གསུངས་པ་ལུང་ཉིད་ཡིན་ཏེ། རྒྱུ་མཚན་དེས་ན་སྙན་ངག་མཁན་པོ་མིང་ཤེས་རློམ་གྱི་བག་མེད་པ་རྣམས་ཀྱིས་སྦྱོར་བ་ལས། ཚུལ་དང་ལྡན་པས་ཡུལ་དུས་དང་མི་འགལ་བ་དང་དེར་ཇི་ལྟར་(༡༣༥བ)


GLG020_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་བཞིན་སྦྱོར་གྱི། གནས་ལུགས་ཇི་བཞིན་མིན་པར་གལ་ཏེ་སྦྱོར་བ་ལ་རབ་ཏུ་ཞུགས་པ་ན་འདིར་ནི་ཡུལ་སོགས་འགལ་བ་ཞེས་བརྗོད་དོ། །གཉིས་པ་ལ་དྲུག་ལས། དང་པོ་ཡུལ་འགལ་བ་ནི་ག་བུར་རྐང་འཐུང་ལ་རེག་པའི་མ་ལ་ཡའི་རླུང་གི་དྲི་བཟང་པོ་ཅན་ཞེས་པ། རི་དེ་ན་ག་བུར་གྱི་ཤིང་མེད་པས་འགལ་ལོ། །ཀ་ལིངྒཱ་ཡི་ནགས་སུ་སྐྱེས་པའི་གླང་པོ་འདི་དག་རི་དྭགས་ཀྱི་རིགས་ཞེས་པ་ནི། རི་དེའི་གླང་པོ་རྣམས་བྷ་དྲའི་རིགས་ཡིན་པས་འགལ་ལོ། །ཙོ་ལའི་ཡུལ་གྱི་ཆུ་ཀླུང་ཀ་ཝེ་རིའི་འགྲམ་ངོགས་ཀྱི་སའི་ཨ་ཀ་རུ་ནག་པོ་ནི་སྔོན་པོ་ཞེས་པ། ཆུ་དེའི་འགྲམ་ན་ཨ་ག་རུ་མེད་པས་འགལ་ལོ། །ཞེས་པ་ཡུལ་དང་འགལ་བ་ཡི་ཚིག་གི་འཇུག་པ་འདི་འདྲ་བ་མང་ངོ་། །དཔེར་ན། ཀེ་ལ་ཤ་རྩེར་འགྱིང་བའི་སྟག་མོ་དེས། །ང་རོ་ཙམ་གྱིས་རི་དྭགས་མ་ལུས་འདར། །སཱ་ལའི་ལྗོངས་ཀྱི་སྐྱེད་ཚལ་ན་འཁྲུངས་པའི། །རྣམ་རྒྱལ་གསེར་མདོག་ནད་ཀུན་འཇོམས་པར་བྱེད། །ཅེས་པ་ལྟ་བུ། གཉིས་པ་དུས་དང་འགལ་བ་ནི། མེ་ཏོག་པདྨ་ཅན་ནི་མཚན་མོ་རྒྱས་ཤིང་། ཉིན་པར་ཀུ་མུ་ཏ་ལྡན་པ་དག་གསལ་ལོ། །ཤིང་ནི་ཙུ་ལ་ནི་དཔྱིད་ཀྱི་དུས་སུ་རབ་ཏུ་རྒྱས་སོ། །སོ་ཀ་དག་ནི་ནམ་མཁའ་དངས་པ་ལ་སྤྲིན་གྱིས་གཏབས་སོ། །ངང་པའི་སྒྲ་ནི་དབྱར་མི་སྙན་པ་ལ་དེ་ཉན་པར་འོས་སོ། །སྟོན་ནི་རྨ་བྱ་མི་དགའ་བ་ལ་དགའ་བས་མྱོས་པ་སྟེ། དགུན་སྟོད་རླུང་དང་སྤྲིན་པ་ལྡང་བ་ལ་ཉི་མ་དྲི་མ་མེད་དོ། །དགུན་བསིལ་བའི་དུས་ཙན་དན་གྱིས་དགོས་པ་མེད་པ་ལ་དེ་བསྔགས་པར་འོས་སོ། །(༡༣༦ན)


GLG020_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་འདི་འདྲ་དུས་དང་ནི་འགལ་བའི་ལུགས་དག་བསྟན་པ་ཡིན་ནོ། །དཔེར་ན། ཟླ་གཞོན་ཟེར་གྱིས་ཕྱེ་བའི་པདྨ་ལ། །རྩེ་དགའ་ཁོང་ནས་རྒོད་པའི་བུང་བ་ལྡིང་། །དགུན་དུས་འདབ་མ་རྒྱས་པའི་ཨུཏྤ་ལ། །མཛེས་མ་ཁྱོད་ཀྱི་རྣ་བའི་རྒྱན་དུ་འཇེབས། །ཞེས་པ་ལྟ་བུ། གསུམ་པ་སྒྱུ་རྩལ་དང་འགལ་བ་ལ་དམ་བཅའ། དཔེར་བརྗོད། དོན་བསྡུ་བ་དང་གསུམ། དང་པོ་ནི། སྒྱུ་རྩལ་དག་དང་འགལ་བའི་ལམ་ཅུང་ཟད་བསྟན་པར་བྱ་སྟེ། དཔེར་ན། གཉིས་པ་ནི། དཔའ་བ་དང་སྒེག་པ་དག་གི་དངོས་པོའི་ཉམས་ཀྱི་རྒྱུར་གྱུར་པའི་སེམས་ཀྱི་ཁྱད་པར་བརྟན་པ་ནི་སྤྲོ་དགའ་ཡིན་པ་ལ་དེ་ཁྲོ་བ་དང་ཡ་མཚན་པ་ཡིན་ཞེས་པའོ། །དཔེར་ན། འབོད་གྲོགས་མགྲིན་གཅོད་རཱ་མ་ཎ། །མི་སྡུག་ཁྲོ་བའི་ཉམས་དག་གིས། །ཀུན་ཏུ་དགའ་བའི་འཛུམ་དང་བཅས། །རྩེ་བའི་ཟློས་གར་དག་གིས་བྲེལ། །ཞེས་པ་ལྟ་བུ། གསུམ་པ་ནི། དྲང་སྲོང་སོགས་དབྱངས་བདུན་རྫོགས་པ་འདི་དག་ནི་ཚང་པའམ་གང་རུང་དམན་པ་དང་། ཐ་དད་པའི་ལམ་སྟེ་ཡུལ་དང་མཐུན་པར་རབ་ཏུ་འཇུག་གོ །འདི་ལྟར་སྒྱུ་རྩལ་དྲུག་ཅུ་རྩ་བཞིར་འགལ་བའི་ཚུལ་ལེགས་པར་རྟོགས་པར་བྱའོ། །དེ་ལྟ་བུའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཡོངས་སུ་བཅད་པར་ལེའུ་བཞི་པ་ཞིག་སློབ་དཔོན་འདི་ཉིད་ཀྱིས་མཛད་པ་ཡོད་པར་གྲགས་པ་ལས། དེར་ནི་དེ་ཡི་རང་བཞིན་གསལ་བར་འགྱུར་རོ། །བཞི་པ་འཇིག་རྟེན་དང་འགལ་བ་ནི། །གླང་པོ་དག་ལ་ནི་རལ་པ་མེད་པར་དེ་གཡོ་བ་དང་། རྟ་ལ་ར་ནི་མེད་པར་དེ་རྣོ་བ་(༡༣༦བ)


GLG020_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དང་། སྙིང་པོ་མེད་པའི་ཆུ་ཤིང་ཨེ་རཎྜ་ལ་སྙིང་པོ་ལྕིའོ། །སྙིང་པོ་ལྕི་བའི་སེང་ལྡེང་ལྗོན་པ་ལ་སྙིང་པོ་མེད་དོ། །ཞེས་པ་འདི་ནི་འཇིག་རྟེན་གྱི་ལུགས་ཉིད་དང་འགལ་བས་ཀུན་གྱིས་སྨད་དོ། །དཔེར་ན། དབྱར་གྱི་ཆར་སྤྲིན་སྟུག་པོ་ལས། །བྱུང་བའི་ཚ་སྲེག་མེ་ལྕེ་ཡིས། །བསྲེགས་པའི་དུད་སྤྲིན་འཐུལ་བ་ཡིས། །ས་གཞི་ཐམས་ཅད་ལྡེམ་ལྡེམ་གཡོ། །ཞེས་པ་ལྟ་བུ། ལྔ་པ་རིག་པ་དང་འགལ་བ་ལ། དམ་བཅའ། དཔེར་བརྗོད། མཇུག་བསྡུ་དང་གསུམ། དང་པོ་ནི། རིག་པ་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་རིག་པ་སྟེ། དེ་དང་འགལ་བ་བསྟན་པར་བྱའོ། །གཉིས་པ་ལ་ཕྱི་ནང་གཉིས་ལས། དང་པོ་ནི། བདེ་བར་གཤེགས་པས་འདུས་བྱས་ཐམས་ཅད་འཇིག་པར་ནི་གསུངས་པ་བདེན་མོད། །དེ་ལྟ་ནའང་ཙ་ཀོ་རའི་མིག་ཅན་མ་དེ་ནི་བདག་གི་སྙིང་ལ་ད་དུང་རྟག་པར་གནས་སོ། །དཔེར་ན། དུག་གསུམ་ངན་པའི་ཁ་ལོ་པས། །འགྲོ་རྣམས་ངན་འགྲོར་འཁྲིད་བྱེད་ཀྱང་། །མཛའ་མོ་འདི་ལ་སྤྱད་པ་ཡིས། །མངོན་མཐོའི་ས་ལ་འགྲོ་བར་ངེས། །ཞེས་པ་ལྟ་བུ། གཉིས་པ་ནི། སེར་སྐྱའི་སློབ་མ་གངས་ཅན་པ་རྣམས་ཀྱིས་སྔར་ནས་དངོས་པོར་གནས་པ་ལ་ཡོད་པ་ཉིད་རབ་ཏུ་སྐྱེ་བར་འགྱུར་ཞེས་ཉེ་བར་བརྗོད་པ་དེ་ནི་མི་རིགས་ཏེ། དངོས་པོ་རྣམས་སྔར་མེད་པ་ཉིད་ནི་བདག་ཅག་གི་ཕྱིས་རབ་ཏུ་སྐྱེ་བར་མཐོང་བ་གང་གི་ཕྱིར་རོ། །དཔེར་ན། འཇིག་རྟེན་བྱེད་པོ་ཚངས་པ་ནི། །ཡིན་ཞེས་སྨྲ་བ་རྫུན་པ་སྟེ། །མེས་པོའི་སྔོན་ནས་སྲིད་པ་འདི། །གྲུབ་པ་བདག་གིས་ངེས་པར་མཐོང་། །ཞེས་པ་ལྟ་བུར་གསུམ་(༡༣༧ན)


GLG020_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། རིག་པ་དག་དང་འགལ་བ་ཡི་ལུགས་ནི་ཀུན་ཏུ་བསྟན་པར་བྱས་ཟིན་ནོ། །དྲུག་པ་ལུང་དང་འགལ་བ་ལ་དམ་བཅའ། དཔེར་བརྗོད་གཉིས། དང་པོ་ནི། དེ་ནས་ལུང་དང་འགལ་བ་ཡི། འཇུག་པ་དང་ནི་བསྟན་པར་བྱའོ། །གཉིས་པ་ལ། མེ་མ་བཞག་ཀྱང་མཆོད་སྦྱིན་བྱེད་པ་ལུང་དང་འགལ་ཚུལ། ཆོ་ག་མ་བྱས་ཀྱང་རིག་བྱེད་ཀླག་པ་ལུང་དང་འགལ་ཚུལ་གཉིས་ལས། དང་པོ་ནི། རང་བཙས་དུས་ཀྱི་མེའི་རྒྱུན་ནི་བཞག་པ་མ་ཡིན་ཡང་རང་གི་བུ་སྐྱེས་པར་གྱུར་པའི་ཚེ་བྲམ་ཟེ་རང་གི་སྤྱོད་པ་མ་ཉམས་པས་བརྒྱན་པ་འདི་དག་ནི་བཻ་ཤྭཱ་ན་རཱི་སྟེ་མེའི་མཆོད་སྦྱིན་སླར་སྒྲུབ་པར་བྱེད་དོ། ཞེས་མ་བཞག་ཀྱང་མཆོད་སྦྱིན་བྱེད་པ་ལུང་དང་འགལ་བ་སྟེ། དཔེར་ན། རྒྱུན་དུ་སྲོག་ཆགས་དུ་མ་དག །བསད་པའི་ཤ་ཁྲག་ལོངས་སྤྱོད་ཅིང་། །རྙེད་བཀུར་ཆེད་དུ་བྲམ་ཟེ་ཡིས། །གཙང་སྤྲའི་སྤྱོད་པ་འཛིན་པར་བྱེད། །ཞེས་པ་ལྟ་བུ། གཉིས་པ་ནི། རིག་བྱེད་ཀྱི་གཞུང་ལས། བུ་སྐྱེས་པའི་ཚེ་སྔོན་ལ་ཆོ་ག་བྱས་ནས། རྗེས་སུ་རིག་བྱེད་ཀླག་དགོས་པར། འདིར་ནི་ཆོ་ག་མ་བྱས་ཀྱང་། བླ་མའི་གནས་སྐབས་དག་ལས་སྲིད་སྲུང་ལ་སོགས་པའི་རིག་བྱེད་བཀླགས་སོ། །དཔེར་ན། རང་བཞིན་དག་པའི་ཤེལ་དག་ནི་དབྱི་བ་སོགས་འདུ་བྱེད་གཞན་ལ་ལྟོས་པ་མེད་པ་བཞིན་ནོ། །ཞེས་པ་ལུང་དང་འགལ་ལོ། །དཔེར་ན། གཙུག་ལག་ཡོན་ཏན་མ་བསླབ་པའི། །དེ་ཉིད་གཞན་ལ་འཆད་ཅིང་སྟོན། །དབང་ཁྲིད་གདམས་པ་མ་ཐོབ་པར། །སློབ་མ་སྨིན་(༡༣༧བ)


GLG020_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ལམ་ལ་འགོད། །ཅེས་པ་ལྟ་བུ། གསུམ་པ་གནས་སྐབས་འགའ་ཞིག་ཏུ་འགལ་སྐྱོན་མེད་པར་བསྟན་པ་ལ། སྤྱིར་བསྟན་པ་དང་། སོ་སོར་བཤད་པ་གཉིས། དང་པོ་ནི། སྔར་བཤད་པའི་སྐྱོན་ནི་མཐའ་དག་འདི་ལ་ཡང་རེས་འགའ་སྙན་ངག་མཁན་མཁས་པས་སྐྱོན་གྱི་གྲངས་ལས་རབ་ཏུ་འདས་ནས་ཡོན་ཏན་གྱི་ལམ་ནི་རྣམ་པར་འཛིན་ནོ། །གཉིས་པ་ལ་དྲུག་ལས། དང་པོ་ཡུལ་དང་འགལ་ཡང་སྐྱོན་མེད་པ་ནི། རྒྱལ་པོ་དེ་ཡི་མཐུ་ཡིས་ནི། དེ་ཡི་སྐྱེད་མོས་ཚལ་དུ་ལྷ་རྣམས་ཀྱི་དཔག་བསམ་གྱི་ལྗོན་པ་ཡལ་འདབ་ཀྱི་གོས་དམར་པོ་དང་ལྡན་པ་དག་གི་གནས་སུ་གྱུར་རོ། །དཔེར་ན། བོད་ཡུལ་ཚོང་འདུས་འགུར་མོའི་སྐྱེད་ཚལ་དུ། །སྨན་རྒྱལ་གཡུ་ཐོག་མགོན་པོའི་ལེགས་བྱས་ཀྱིས། །རྣམ་རྒྱལ་གསེར་མདོག་ཕྱུར་བུར་སྤུངས་པ་ཡིས། །ལྟ་ན་སྡུག་གི་གྲོང་ཁྱེར་བཞིན་དུ་མཛེས། །ཞེས་པ་ལྟ་བུ། གཉིས་པ་དུས་དང་འགལ་ཡང་སྐྱོན་མེད་པ་ནི། རྒྱལ་པོ་འཆི་བའི་འཇིགས་པ་གསལ་བར་བྱེད་པའི་ལྟས་ངན་པའི་ཚེ། དུས་གཅིག་ཏུ་ཀ་དམ་པ་ཡི་མེ་ཏོག་རྡུལ་དང་འགྲོགས་ལ། འདབ་མ་བདུན་པ་ལས་འཁྲུངས་པའི་མེ་ཏོག་རྣམས་སྐྱེད་པར་བྱེད་ཅིང་། དྲག་པོ་ཡི་རླུང་དག་རྒྱུ་བར་བྱེད་དོ། །ཞེས་ཀ་དམ་པ་དང་འདབ་བདུན་པ་གཉིས་གཅིག་དབྱར་དང་གཅིག་སྟོན་གྱི་དུས་མ་གཏོགས་མི་འབྱུང་བས་སྤྱིར་འགལ་ཡང་། རྒྱལ་པོ་འཆི་བའི་ལྟས་ངན་ལ་སྐྱོན་མེད་དོ། །དཔེར་ན། རྩ་རླུང་ལས་སུ་རུང་བའི་རྣལ་འབྱོར་པས། །དགུན་(༡༣༨ན)


GLG020_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གྲང་བའི་རེག་བྱ་ཀུན་བཅོམ་ནས། །ས་གཞི་རི་ཀླུངས་དྲོས་པས་སྤང་ལྗོངས་ཀུན། །མ་རྒད་གཞོན་ནུའི་འོག་པག་གྱོན་སྙམ་བྱེད། །ཅེས་པ་ལྟ་བུ། གསུམ་པ་སྒྱུ་རྩལ་དང་འགལ་ཡང་སྐྱོན་མེད་པ་ནི། ཁྱོགས་ཀྱིས་བཏེག་ནས་གཡོ་ཞིང་རབ་ཏུ་བསྐུལ་བས་ཡིད་སྐྲག་པར་གྱུར་ཏེ། དེའི་སྟེང་ནས་ཁས་གླུ་བརྗོད་པའི་སྐྱེ་བོ་བུད་མེད་རྣམས་མྱུར་བས་གླུའི་སྟབས་མི་མཉམ་པས་སྤྱིར་མི་སྙན་ཡང་འདོད་ལྡན་འགའ་ཞིག་ལ་ནི་སྙན་པས་ཆགས་པ་དག་ནི་འཕེལ་བར་བྱེད་དོ། །དཔེར་ན། འདོད་པས་མྱོས་པའི་ཚ་གདུང་གིས། །ལུས་ཕྲའི་རྒྱན་གྱི་མེ་ཏོག་རྣམས། །སྙིགས་ཀྱང་གར་གྱི་ལྡེམ་ལྡེམ་ལ། །ཆགས་ལྡན་མཛེས་པའི་སྣང་བ་འཆར། །ཞེས་པ་ལྟ་བུ། བཞི་པ་འཇིག་རྟེན་དང་འགལ་ཡང་སྐྱོན་མེད་པ་ནི། ཟླ་བའི་འོད་ཟེར་རབ་ཏུ་བསིལ་བ་ཡིན་ཡང་། རང་གི་བུད་མེད་དང་བྲལ་བའི་ཉོན་མོངས་ཀྱིས་ཡིད་འཁྲུགས་པ་འདི་རྣམས་ཚ་བའི་བསྲེག་བྱ་འཛིན་པར་འདོད་པ་དང་ལྡན་པ་རྣམས་བརྩི་བར་བྱེད་དོ། །དཔེར་ན། ད་དྷུ་ར་ཡིས་ཆེར་མྱོས་པ། །འགའ་ཞིག་ཀུན་གསལ་འགྲམ་པ་ལ། །ཆུ་ཤེལ་དབང་པོའི་དཀྱིལ་འཁོར་ནི། །དུ་མ་ཤར་བའི་ལྟད་མོ་མཐོང་། །ཞེས་པ་ལྟ་བུ། ལྔ་པ་རིག་པ་དང་འགལ་ཡང་སྐྱོན་མེད་པ་ནི། དབང་ཕྱུག་ནི་ཉི་མ་སོགས་གསལ་བས་གཞལ་བྱ་ཡིན་ཡང་། འགའ་ཞིག་ཏུ་མི་སྣང་བས་གཞལ་བྱ་མིན་ལ། ས་སོགས་ཆ་ལྡན་ཡིན་ཡང་། རང་གི་ངོ་བོ་ཆ་ལྡན་མིན་ལ། རང་གི་གཟུགས་རྟག་པའི་རང་བཞིན་གཅིག་ཉིད་ཡིན་ཡང་སྤྲུལ་པ་(༡༣༨བ)


GLG020_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་པས་གཅིག་ཉིད་མིན་པ། སྣ་ཚོགས་པའི་གཟུགས་ཅན་ཁྱོད་ལ་ཕྱག་འཚལ་ལོ། དཔེར་ན། བརྒྱ་ཕྲག་ལོ་ལྡན་བཅུ་དྲུག་ངང་ཚུལ་འཆང་། །འགྲོ་ཀུན་ལ་བརྩེ་འདོད་ལྷ་འཇོམས་ལ་བརྩོན། །ཉོན་མོངས་བཅོམ་ཀྱང་དབྱངས་ཅན་ལྷ་མོ་ལ། །ཆགས་པའི་ཉམས་ཀྱིས་འཁྱུད་པ་འཇམ་དཔལ་དབྱངས། །ཞེས་པ་ལྟ་བུ། དྲུག་པ་ལུང་དང་འགལ་ཡང་སྐྱོན་མེད་པ་ནི། སྐྱ་སེང་གི་བུ་ལྔ་པོ་དག་གི་ནི་ཆུང་མ་རྒྱལ་པོ་ལྔ་ལེན་གྱི་བུ་མོ་དྲཽ་པཱ་དི་ཞེས་བྱ་བ་དེ་ནི་བུད་མེད་འཆོལ་བའི་སྐྱོན་གྱིས་ཡོངས་སུ་དག་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་འདི་འདྲ་ལྷ་ཡིས་སྒྲུབ་པར་བྱེད་དེ་བསོད་ནམས་ཀྱི་མཐུའོ། །སྐྱེས་པ་ལྔ་ཙམ་དང་འགྲོགས་པའི་བུད་མེད་ལ་འཆོལ་བའི་སྐྱོན་མེད་པ་ནི་སྤྱིར་འགལ་ཡང་། ཁྱད་པར་འཕགས་བསྟོད་ཀྱི་ལུང་ནས་བཤད་པའི་སྐྱོན་མེད་དོ། །དཔེར་ན། སོ་སོ་སྐྱེ་བོའི་ས་ནས་སྐད་ཅིག་ལ། །གསང་སྔགས་ཐབས་ལམ་ཟབ་མོའི་མན་ངག་གིས། །མཆོག་གི་དང་པོའི་ལམ་བཟང་ཐོབ་པ་འདི། །རྒྱུད་སྡེ་ཡིད་བཞིན་ནོར་བུའི་དགོངས་པའོ། །ཞེས་པ་ལྟ་བུ།
མཇུག་གི་དོན།བཞི་པ་འཇུག་གི་དོན་ལ། དངོས་དང་། ཕན་ཡོན། རྩོམ་པ་པོ་སྒྱུར་བྱེད་བཤད་པ་གསུམ། དང་པོ་ནི། རྗོད་བྱེད་ཀྱི་སྒྲ་དང་བརྗོད་བྱའི་དོན་གྱི་རྒྱན་ནི་རྣམ་པར་བཀྲ་བ་དང་། ཚེགས་ཆུང་བ་བྱ་སླ་བ་དང་ཚེགས་ཆེ་བ་བྱ་བ་དཀའ་བ་དག་གི་ལམ་མ་ནོར་བ་དང་། སྙན་ངག་རྣམས་ཀྱི་ཡོན་ཏན་དང་སྐྱོན་གྱི་ཚུལ་དེ་ལྟར་གོང་དུ་མདོར་བསྡུས་ནས་རབ་ཏུ་(༡༣༩ན)


GLG020_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཟིན་ནོ། །གཉིས་པ་ནི། སྙན་ངག་གི་རིག་པ་སྒྲུབ་པར་བྱེད་པའི་ཐབས་སུ་དཎྜི་བདག་གིས་བསྟན་པའི་ལམ་འདིར་ནི་སྙན་ངག་གི་སྤང་བླང་གི་སྐྱོན་དང་ཡོན་ཏན་དག་རབ་ཏུ་རྟོགས་པའི་བློ་གྲོས་ཅན་སྐལ་བ་བཟང་པོའི་དབང་ཕྱུག་ཏུ་གྱུར་པའི་སྙན་ངག་གི་ཚིག་དང་མངོན་པར་འགྲོགས་པར་བྱས་ན་ལེགས་ཚོགས་འབྱུང་བའི་དཔེ། ཆང་མིག་མ་སྟེ་མིག་ཟིམ་བུར་ལྟ་བའི་མཛེས་མ་དག་དང་ལང་ཚོ་དར་ལ་བབ་པ་ཅན་གྱི་སྐྱེས་པ་དང་དགྱེས་དགུར་རྩེ་བཞིན་པའི་ཡིད་ལ་དགའ་བ། ལུས་ལ་བདེ་བ་དང་། འཕྲལ་ཡུན་ཀུན་ཏུ་དགེ་བའི་སྙན་པའི་གྲགས་པ་ཕུལ་དུ་བྱུང་བའི་སྐལ་བ་བཟང་པོ་རྒྱུན་མི་ཆད་པ་ཐོབ་པར་འགྱུར་རོ། །སྙན་ངག་མེ་ལོང་ལས། ལེའུ་གསུམ་པའི་འགྲེལ་པ་དང་དཔེར་བརྗོད་བཤད་ཟིན་ཏོ། །གསུམ་པ་ནི། འཕགས་པའི་ཡུལ་གྱི་སྙན་ངག་མཁན་རྣམས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་ཤར་ལྷོའི་ལམ་གྱི་སྙིང་པོ་མཐའ་དག་བསྡུས་པའི་སྙན་ངག་གི་བསྟན་བཅོས་མེ་ལོང་གི་གཞུང་འདི། འཇམ་དབྱངས་གོང་མའི་ཏི་ཤྲི་དཔལ་ལྡན་ས་སྐྱ་པ་བླ་མ་ཆོས་ཀྱི་རྒྱལ་པོ་དང་། དེའི་ཉེ་གནས་བོད་ཆོལ་ཁ་གསུམ་ལ་དབང་སྒྱུར་བའི་དཔོན་ཆེན་ཤཱཀྱ་བཟང་པོ་གཉིས་ཀྱིས་མཐུན་པའི་རྐྱེན་སྦྱར་བ་ལ་བརྟེན་ནས། དཔལ་ས་སྐྱའི་གཙུག་ལག་ཁང་དུ། གནས་ལྔ་རིག་པའི་པཎྜི་ཏ་ལཀྵྨི་ཀ་ར་དང་། (༡༣༩བ)


GLG020_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་མིག་གཅིག་པུ་ལོ་ཙཱ་བ་འཇམ་དཔལ་དབྱངས་ཤོང་ལོ་རྡོ་རྗེ་རྒྱལ་མཚན་གཉིས་ཀྱིས་ལེགས་པར་བསྒྱུར་ཅིང་། དེའི་རྗེས་སུ་དཔང་སྟོན་ཐམས་ཅད་མཁྱེན་པ་ལོ་ཙཱ་བ་བློ་གྲོས་བརྟན་པའི་ཞལ་སྔ་ནས་ཀྱིས་གོ་དཀའ་བའི་ཆ་ཤས་སུ་གྱུར་པ་དང་། དོན་ཆེ་བ་རྣམས་ལ་འགྱུར་བཅོས་མཛད་པ་ཡིན་ལ། དུས་ཕྱིས་རང་ཅག་ཐ་སྙད་མཁན་པོ་རྣམས་ལ་བཀའ་དྲིན་མཚུངས་པ་མེད་པ་མ་ཧཱ་པཎྜི་ཏ་ཆེན་པོ་ཆོས་སྐྱོང་བཟང་པོས་ཀྱང་འགྱུར་བཅོས་མཛད་ཅིང་། སྙེ་ཐང་ལོ་ཙཱ་བ་བློ་གྲོས་བརྟན་པ་བཞི་པས་ཀྱང་ལེགས་པར་འགྱུར་བདེ་བར་བཅོས་པ་ཡིན་ནོ། །སྨྲས་པ། སྨིན་ལེགས་བྱེ་བའི་སྙེམས་པ་ཡོངས་འཕྲོག་མཚན་དཔེའི་ངོ་མཚར་མཛེས་མའི་ལང་ཚོར་གྲུབ་པའི་སྣང་བ་སྟེར་མཁས་དཔལ། །མཉེན་ལྕུག་སོར་རྩེས་བསྐུལ་པའི་རྒྱུད་ལས་ཆོས་ཀྱི་གནས་ལུགས་དབྱངས་སུ་མཚར་བའི་ཚངས་པའི་གསུང་གི་དཔེ་ཟླ་ཅན། །ཟག་མེད་བདེ་ཆེན་དཔལ་གྱི་རྩེ་དགའ་ཁོང་ནས་རྒོད་ཀྱང་ཆགས་པའི་ཉམས་ཀྱི་འཇོ་སྒེག་གར་མཁན་ཀུན་དགའི་དཔྱིད། སྨྲ་བའི་དབང་ཕྱུག་ངག་གི་མཆོད་སྦྱིན་འདོད་དགུར་སྩོལ་བའི་སྔོན་མེད་དཔག་བསམ་ཡོངས་འདུ་གསར་པ་དབྱངས་ཅན་ལྷ། །གང་གིས་རྗེས་བཟུང་ཕུལ་བྱུང་མཁྱེན་དཔྱོད་དྲི་བྲལ་མེ་ལོང་གཙང་མའི་ངོས། རྨད་བྱུང་གཏམ་སོགས་བརྗོད་དོན་སྲོག་ལྡན་བཅད་ལྷུག་སྤེལ་མའི་ཕྲ་ལྡེམ་ལུས། སྒྲ་དོན་སྣ་ཚོགས་རྒྱན་གྱིས་ལེགས་(༡༤༠ན)


GLG020_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སྤུད་ཉམས་འགྱུར་སྟོང་གི་གར་བསྒྱུར་བའི། །ཤེས་ལྡན་གཟིགས་མོར་འཚར་དུ་དངར་བའི་བྱེད་པོ་དཎྜིའི་གཙུག་ལག་མཆོག །དཔྱད་གསུམ་དག་པའི་ནོར་བུས་ལེགས་དྲུངས་རིག་གནས་རྒྱ་མཚོར་འཁྱིལ་བའི་ཆབ། །རྣམ་དཔྱོད་གསེར་གྱི་སྐྱོགས་ལས་བཅུས་པའི་ལེགས་བཤད་རིན་ཆེན་ཕྲེང་འཛིན་ལ། །འཇམ་དབྱངས་གཞོན་ནུ་དགྱེས་པས་མགྲིན་འཁྱུད་སྙན་ཚིག་འབྱུང་གནས་དབང་གི་རྒྱལ། །ཤེས་བྱ་ཀུན་ལ་འཇིགས་མེད་རྡོ་རྗེ་མཁས་དབང་སྨོན་འགྲོ་པཎ་ཆེན་དེའི། །གསུང་རྒྱུན་དབྱངས་ཀྱི་རྒྱལ་མོའི་པི་ཝང་སྒྲ། །འཆད་མཁས་སོར་མོས་ལེགས་བསྐུལ་རྣ་བའི་དཔྱིད། །ལེགས་བཤད་དགའ་སྟོན་འཇོ་བའི་བདུད་རྩིའི་བཅུད། །ཐོས་བརྩོན་ཤེས་རབ་ཡོལ་གོར་འཕྱུར་བ་ལས། །གྲངས་མེད་རིག་གནས་ལྗོན་པས་ཉེར་དུད་དབུས། །སྙན་འགྱུར་བྱེ་བའི་འབྲས་བུ་གཡུར་ཟ་བའི། །མི་ཟད་གཏེར་གྱི་ལེགས་བཤད་རོ་བརྒྱའི་དཔལ། །བསྟན་བཅོས་ཡོངས་འདུའི་དབང་པོ་ཆེ་འདི་གྲུབ། །རྗོད་བྱེད་ཙམ་གྱི་དབུ་བའི་དོ་ཤལ་དང་། །ཉེས་བཤད་ཆུ་སྲིན་གདུག་པས་མ་གཙེས་པའི། །དཀའ་གནས་ཞིབ་མོར་འགྲེལ་བ་ཡོལ་མེད་རླབས། །སྙན་ངག་ནོར་བུའི་འབྱུང་ཁུངས་འདི་གཅིག་པུ། །ཚིག་ཉུང་དོན་རྒྱས་རྒྱུད་ལས་ཉེར་དྲངས་པའི། །དཎྜིའི་བཞེད་དོན་རྫོགས་པར་བླངས་པའི་གླུ། །སྐལ་བཟང་རྣ་བར་འཇེབས་པའི་དགའ་སྟོན་འདི། །དབྱངས་ཅན་མགྲིན་པར་ཆགས་ལས་(༡༤༠བ)


GLG020_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་ཅི། །བརྟན་གཡོའི་ཆོས་ཀྱིས་རང་བཞིན་ཡངས་པའི་ཟླ། །གཙུག་ལག་ག་བུར་འཛག་པའི་ཀུན་དགའི་དཔྱིད། །སྙན་འགྱུར་སྣང་བའི་བསིལ་ཟེར་འབུམ་འཕྲོ་བས། །རྒྱལ་བསྟན་ཀུན་ད་ཁོང་ནས་འཛུམ་པ་བཞིན། །འཁྲུལ་པའི་རང་འཚང་ངོམ་པའི་སྲིད་སྒྲུབ་མགོ། དཔྱད་གསུམ་དག་པའི་མཚོན་གྱིས་ཉེར་བྲེགས་པས། །དགག་སྒྲུབ་དྲི་ངའི་རོ་དེས་པད་དཀར་མིག །གཉིས་པ་སཱ་ལའི་ལྗོངས་སུ་འོངས་མིན་ནམ། །མང་ཐོས་ལང་ཚོ་རྒྱས་པའི་རྣམ་དཔྱོད་མིག །ཤེས་བྱ་ཀུན་ལ་འཇུག་པའི་དཀྱུས་རིང་ལ། །རྗེས་ཆགས་རྒྱལ་གསུང་ཡན་ལག་བཅུ་གཉིས་མ། །མཛའ་བའི་སྐལ་བཟང་གཏོང་མིན་དམ་དུ་འཁྱུད། །མཐའ་མེད་ཁེངས་པའི་རོ་ལྡན་སྲིད་ཞིའི་དངོས། །སྒྲ་དོན་རྒྱུད་དུ་འདྲེན་ལ་དབྱངས་ཅན་མ། །ཁྱོད་དང་ཐ་དད་དབྱེ་བ་མ་ནུས་ཞེས། །ཕུར་བུས་དབང་པོའི་མདུན་སར་གཏམ་དུ་གླེང་། །ཤོང་དཔང་རྙོག་བྲལ་ཤོང་ལོའི་དབྱངས་ཅན་མགུལ་རྒྱན་དཔང་ལོ་གཞུང་དོན་གསལ་བ། ཞ་ལུ་བའི་གནད་བསྡུས་པ་ལྟ་བུ། གསུང་གི་གངྒཱའི་རྒྱུན། །ཐོས་བརྩོན་ཧུབ་ཀྱིས་འདྲེན་ཞིང་སྐྱུག་མཁས་པའི། །ངུར་སྨྲིག་འཛིན་པའི་ཛཧྣུ་མཆིས་ཞེས། །ཉི་ཟླ་གཟའ་སྐར་ལྟ་ཕྱིར་མཁའ་ལ་ལྷགས། །འཇམ་ཁ་སྣང་ཐང་པ་རིན་སྤུངས་པ་དཔལ་སྒང་པ་ཟུར་མཁར་པ་ཀླུ་སྒྲུབ་པ། མཁས་མང་རྒྱ་ཆེར་འགྲེལ་བའི་མ་ལ་ཡར། །ལེགས་བཤད་ཙནྡན་ལྗོན་པའི་ཕྲེང་བ་ལ། །འཁྲུལ་བའི་བྲང་འགྲོའི་ལྕེ་གཉིས་རྐྱོང་བ་དག །སྒྲུབ་དང་སུན་འབྱིན་དྲི་ཡིས་བསལ་བར་བྱས། །མེ་ཏོག་མདའ་(༡༤༡ན)


GLG020_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བཤེས་གཉེན་རྫུ་བག་གིས། །དཔའ་བོ་གཙུག་ལག་པའི་མཆན་དང་། འབྲི་སྟག་ཀར་འབྲུག་བཞིའི་འགྲེལ་བ་དཔེར་བརྗོད་སོགས། མུ་ཅོར་དུག་མདས་བཤད་སྒྲུབ་རིགས་པའི་ཚོགས། །འཇོམས་པའི་དམ་བཅའ་བསད་པའི་དམར་བའི་ཁྲག །མཚམས་སྤྲིན་ཇི་བཞིན་ཐུབ་བསྟན་མཁའ་ལ་མཛེས། །མོངས་རྟུལ་ཆང་གིས་ཆེར་མྱོས་ཚུལ་འཆོས་ཀྱི། །འཁར་བ་ལ་བརྟེན་རྣམ་དཔྱོད་གོམ་འཁྱོར་བས། །གཟིག་ཤུན་མགྲིན་བཟང་གོས་སུ་ཉེར་ཀླུབས་པའི། །བཤེས་གཉེན་དེ་རྣམས་སྨྲ་བཅད་ངལ་སོ་མཛོད། །བ་ལང་ཚིག་ལྡན་རྟོག་གེའི་ཨེ་རཎྜར། །ཉམས་དང་འགྱུར་བའི་རོ་བཅུད་ཆེས་མངར་བའི། །སྙན་ངག་འབྲས་བུ་རེ་བའི་གཞུང་ལུགས་པ། །མཁའ་དབྱིངས་ཨུཏྤལ་ཕོན་པོ་ཐོད་དུ་འཆིང་། །གཏི་མུག་ཁུང་བུར་སེམས་གནས་བདེ་བའི་རོར། །རྗེས་ཆགས་ཉོན་མོངས་དུག་གིས་ཐར་པའི་སྲོག །གཅོད་པའི་རྫུན་གཏམ་ཕུད་སྒྲོག་སྒོམ་ཆེན་གྱི། །རྣ་བར་ལེགས་བཤད་འདི་འདྲ་ཚེར་མའི་གྲོགས། །དཀའ་གནད་ཀུན་གསལ་འདྲེན་བྱེད་ལས་འོངས་མེས། །པཎ་ཆེན་བསོད་གྲགས་པ་དང་སྒོམ་སྡེ་ནམ་མཁའ་རྒྱལ་མཚན་སོགས་རང་ཕྱོགས་པ་མང་པོ་དང་། རྗེ་དྲུང་མི་བསྐྱོད་པ་ཆོས་རྗེ་གོ་རམས་པ། རྟ་ནག་མཁན་པོ་ཆོས་རྣམ་རྒྱལ་སོགས། ཚིགས་བཅད་དམ་དུམ་སྦྱོར་ལ་སྙན་ངག་པར། །ཁེངས་ལྡན་འདོད་ལྷ་བསྲེགས་དང་ལྷན་ཅིག་ཏུ། །གསེར་མདོག་ཅན་མཁན་པོ་ལྕང་འདམ་པ། འབྲུག་པ་སངས་རྡོར་བ་སྡེ་པ་མདར་བ་སོགས་ཅུང་ཟད་སྦྱངས་པའི་སྔོན་གྱི་ལྷ་རྣམས་འདར། །(༡༤༡བ)


GLG020_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་སྦྱོར་རྗོད་བྱེད་བཀྲ་བའི་དབང་པོའི་གཞུ། །དོན་གྱི་སྙིང་པོར་དཔྱད་ཚེ་སྟོང་པའི་གཟུགས། །གནད་འགག་གཟུང་དུ་མེད་པའི་ལྟད་མོ་ལ། །བྱིས་པའི་བློ་ཅན་གནས་རྙིང་ཆོས་རྗེ་དང་སྡེ་པ་མདར་པས་བརྩམས་པའི་འགྲེལ་པ། པཎ་ཆེན་ཤཱཀ་མཆོག་གི་དཔེར་བརྗོད། དོན་མེད་ངལ་བས་མནར། །དེ་ཕྱིར་དབྱངས་ཀྱི་རྒྱལ་མོ་རིག་པའི་འཕྲུལ། །མཐའ་དག་མགྲིན་པར་ཆགས་པའི་བང་མཛོད་ལས། །དབྱངས་ཅན་དགྱེས་པའི་གླུ་དབྱངས་ནོར་བུའི་དཔྱ། །ཤེས་ལྡན་རྣ་བར་འདོད་པ་ཅི་ཡང་འཇོ། །རྣམ་པར་འབྱེད་པའི་ཤེས་རབ་འཁོར་ལོ་ཡིས། །འཁྲུལ་པའི་དྲི་མ་བདར་བའི་དཀྱིལ་འཁོར་ཅན། །དོན་བཟང་རིག་པའི་ཚ་ཟེར་འབུམ་འཕྲོ་བ། །ཁོ་བོའི་རྣམ་པར་དཔྱོད་པའི་མཁའ་ལ་ཤར། །དེ་ལྟའི་མངར་བའི་ཁྱད་པར་ཕྲ་མོའི་རྡུལ། །སྦྲང་རྩིར་འཁྱིལ་བའི་གླེགས་བམ་འདབ་བརྒྱ་བ། །རྣམ་པར་བཞད་ལ་ཤེས་ལྡན་རྐང་དྲུག་ཚོགས། །ཀུན་ཡིད་འགུགས་པའི་སྙན་འགྱུར་གླུར་ལོང་ཞིག །གྲགས་བླ་ཆེན་ཕལ་ཆེར། སྐམ་ཆེན་པོར་འགྱིང་བའི་སྟོབས་ལྡན་དཔུང་། །རབ་རྨོངས་ནོར་འཛིན་འོག་ཏུ་ཉེར་བཏང་ནས། །ཀུན་ལས་རྣམ་པར་རྒྱལ་བའི་བསྟན་བཅོས་ཀྱི། །གདུགས་དཀར་སྲིད་རྩེའི་བར་དུ་འཁོར་འདིར་ལྟོས། །འཇམ་དབྱངས་དབྱངས་ཅན་ལྷ་ཡིས་རྗེས་བཟུང་ཞིང་། །མཁས་དབང་དབང་པོའི་དཔེ་ཟླ་ཉེར་བསྟེན་པས། །སྙན་ཚིག་ཚིག་གི་སྤྲོས་པ་ནམ་མཁའི་མཐའ། །མི་འཛད་འཛད་པ་མེད་པའི་གཏེར་བཞིན་སྤེལ། །ཕུར་བུའི་བློ་ལྡན་བློ་གྲོས་རྣམ་པར་ཡངས། །ཤེས་བྱ་(༡༤༢ན)


GLG020_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གཟིགས་ཀུན་མཁྱེན་ལོ་ཙཱ་བ། །ཚེ་དབང་དོན་གྲུབ་དོན་གྱི་པཎྜི་ཏ། །རིགས་ཆོས་རྒྱུད་འཛིན་རྒྱུད་ལྡན་ངག་གི་ལྷའི། །མང་མང་མཐའ་མེད་རིག་པའི་གནས་རྣམས་ཀུན། །ཆིལ་ཆིལ་རླབས་ཕྲེང་གཡོ་བའི་རྒྱ་མཚོ་ཆེ། །མངར་མངར་ཚིག་གི་ཕྲེང་བར་ལེགས་བརྒྱུས་ནས། །གསལ་གསལ་བློ་ཡི་ནོར་འཛིན་ཁྱོན་ཀུན་བཀང་། །རྗོད་བྱེད་ལུས་ཀྱི་མཛེས་མཛེས་དར་བབ་མར། །སྣ་ཚོགས་སྙན་པའི་ཁྲོལ་ཁྲོལ་རྒྱན་སྤུད་ནས། །དོན་བཟང་ཉམས་ཀྱི་ལྡེམ་ལྡེམ་གར་བསྒྱུར་བས། །ཡིད་ཀྱི་དགའ་སྟོན་ཡང་ཡང་སྤེལ་བའི་མཆོག །བུང་བའི་མདངས་འཛིན་དབུ་སྐྲ་འཁྱོག་ལྡེམ་ལྡེམ། །ཡིད་འོང་ཟླ་བ་ཚེས་པ་དཀར་གསལ་གསལ། །རིན་ཆེན་རྩ་ཕྲན་རྣ་བས་འོད་འཚེར་འཚེར། །དབྱངས་ཅན་ལྷ་མོ་དགྱེས་པའི་ཞལ་འཛུམ་འཛུམ། །འཛུམ་བག་ཉམས་ཀྱིས་སྒེག་པའི་སྒྱུ་འཕྲུལ་གར། །གར་སྟབས་ཁོ་བོའི་མགྲིན་པའི་པད་མཚོའི་དཀྱིལ། །དཀྱིལ་འཁོར་གང་བའི་ཟླ་ལྟར་མཛེས་བཞིན་དུ། །དུ་མར་སྤྲུལ་པའི་ཟློས་གར་དེ་རྨད་བྱུང་། །བརྩོན་པའི་དཔྱིད་ཀྱི་མངལ་ལས་སྦྲུམ། །ཤེས་རབ་དབྱར་གྱི་རྒྱལ་མོ་དར། །ལེགས་བཤད་འབྲས་བུའི་ཁུར་གྱིས་དུད། །རིག་པའི་དྲི་བསུང་ཆེས་ཆེར་རྒྱས། །ལུང་གི་ལོ་འདབ་ཕང་ཕུང་ཅན། །མི་འཇིག་དམ་བཅའ་རྩ་བ་བརྟན། །ངག་གི་དོན་ཀུན་འབད་མེད་དུ། །ལྷུན་གྱིས་གྲུབ་པའི་དཔག་བསམ་དབང་། །བློ་གྲོས་ཀུན་གསལ་ཡངས་པ་ལ། །སྨྲ་མཁས་བཅུ་གཉིས་བདག་པོའི་དཔལ། །(༡༤༢བ)


GLG020_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བཟང་པད་དཀར་གཞོན་ནུའི་ཚོགས། །དགའ་སྟོན་སྟེར་བའི་གཉེན་གཅིག་བུ། །རྒྱ་ཆེན་རྣམ་དཔྱོད་ལྕགས་ཀྱུ་ཡིས། །མཚོ་བྱུང་ལྷ་མོ་འགུགས་བྱེད་པའི། །འཇིགས་པ་མེད་པའི་སྙིང་སྟོབས་ཀྱིས། །མ་རྨད་གོ་ཆ་བཙན་པོ་གྱོན། །ཐུབ་པའི་བསྟན་ལ་འཆད་རྩོད་དང་། རྩོམ་པའི་ལང་ཚོ་དར་བའི་ཁ། ལྷག་པའི་ལྷ་ཡི་རབ་ཕྱེ་བས། །ཀུན་ལས་རྣམ་པར་རྒྱལ་བའི་སྡེས། །མང་ཐོས་གསེར་གྱི་རྩིབས་སྟོང་གིས། །ཆོས་ཀྱི་འཁོར་ལོས་སྒྱུར་བའི་དཔལ། །འདོད་པ་མེད་པར་ལྷུན་གྲུབ་པའི། །རྫོགས་ལྡན་དགའ་སྟོན་དཔལ་དེ་དར། །དེ་ལྟར་དགེ་ཚོགས་ཤུགས་དྲག་དྲི་གཞོན་གྱིས། །མི་མཐུན་རྒུད་པའི་ཆུ་འཛིན་མཐར་བསྐྲད་ནས། །བསྟན་དང་འགྲོ་བའི་ཉེར་འཚོའི་རྟ་ལྗང་ཅན། །ཕན་བདེའི་སྣང་བས་སྲིད་འདི་ལེགས་ཁྱབ་ཅིང་། །ཕུལ་བྱུང་བློ་གྲོས་ཡིད་བཞིན་དབང་གི་རྒྱལ་པོ་མཆོག་གང་གི །ལུང་དང་རྟོགས་པའི་འདོད་དགུར་སྤྱོད་པའི་སྐལ་བ་བཟང་པོ་ཡི། །གྲགས་སྙན་ཕྱོགས་ཀྱི་རྣ་ལུང་རབ་མཛེས་ཀུན་མཁྱེན་བཙོང་ཁ་པའི། །ཆོས་དང་སྲིད་ཀྱི་དཔལ་ཀུན་སྲིད་མཐར་འཕེལ་ཞིང་དར་བ་དང་། །བཅུ་ཕྲག་རིག་པའི་གསེར་གྱི་ཁྲིར་འགྱིང་ཆོས་ཀུན་ལྟ་བའི་མིག་སྟོང་ཅན། །རྣོ་ངར་རིག་པའི་རྩེ་བརྒྱ་འཛིན་མཁས་ཀུན་ལས་རྣམ་པར་རྒྱལ་བའི་ལྷ། །མཁས་མང་འཆི་བ་མེད་པའི་དབང་ཕྱུག་ཤོང་དཔང་བརྒྱུད་པའི་བསྟན་པ་ཡི། །ལེགས་བཤད་བདུད་རྩིས་ཀུན་ནས་འཚོ་བའི་དགའ་སྟོན་མཆོག་ཏུ་རྒྱས་གྱུར་ཅིག །དེ་ལྟར་མཁས་པ་ཐམས་ཅད་(༡༤༣ན)


GLG020_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགའ་སྟོན་བླ་ན་མེད་པའི་སྙན་ངག་མེ་ལོང་འདི་ཉིད། འཇམ་དཔལ་དབྱངས་ཤོང་སྟོན་ལོ་ཙཱ་བས་བསྒྱུར་བ་ནས་བཟུང་། སྙིགས་དུས་ཀྱི་ཀུན་མཁྱེན་གཉིས་པ་ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོའི་བར་དུ་དར་རྒྱས་ཆེ་ཞིང་། དེ་ནས་ཀྱང་འཇིག་རྟེན་གྱི་མིག་གཅིག་པུ་དེའི་དྲིན་གྱི་བློ་གསལ་མང་པོར་འཕེལ་བའི་རྒྱུད་ལས་མཆོག་ཏུ་གྱུར་པ། སྒང་རྒན་འོད་ཟེར་རྒྱལ་མཚན་དང་། གྲངས་ཆེན་འཇམ་དཔལ་རྡོ་རྗེ་གཉིས་ཀྱི་ལེགས་བཤད་ཡོངས་སུ་རྫོགས་པ་ཐོབ་པ་སྨོན་འགྲོ་པཎྜི་ཏ་རིག་གནས་རྒྱ་མཚོའི་ཕྲེང་བ་འཛིན་པ་ཙམ་མ་གཏོགས། ཚུལ་བཞིན་སྦྱངས་པས་ཤེས་པའི་མཁས་པ་ཉུང་བར་གྱུར་ཅིང་། ཁྱད་པར་དིང་དུས་གཞུང་གི་གནད་ཕྱོགས་ཙམ་མ་རིག་པར། སྔོན་གྱི་མཁས་པའི་སྙན་ཚིག་དཔེར་བླངས་ན་ཚིགས་བཅད་དམ་དུམ་སྦྱོར་བ་ལ་སྙན་ངག་ཤེས་པར་སྨྲ་བ་སོགས་གཞུང་ལུགས་ཐ་སྙད་རིག་པ་གང་ལ་ཡང་མ་བསླབས་པར་ཤེས་པའི་ཀུན་མཁྱེན་དང་པཎྜི་ཏ། ལམ་གྱི་གནད་ཅུང་ཟད་མ་བསྒོམས་པར་ཐོབ་པའི་གྲུབ་ཆེན་དང་སྤྲུལ་སྐུ། ཁ་ཟས་འདི་ཙམ་གྱིས་ལྟོ་བ་ཁེངས་མི་ཁེངས་ཀྱི་ཚོད་ཀྱང་མི་ཐིངས་པར་དུས་གསུམ་རྟོགས་པའི་མངོན་ཤེས་སོགས་རྒྱུ་མེད་པར་འབྲས་བུ་སྐྱེད་པའི་སྣང་ཚུལ་ཅི་མང་ཞིག་གངས་ཅན་འདིར་མཆིས་ཀྱང་། ཁོ་བོ་ནི་འོ་སྐོལ་གྱི་སྟོན་པ་ཉི་མའི་གཉེན་གྱིས་རྒྱུ་འབྲས་ཀྱི་རྣམ་གཞག་མདོ་སྡེ་དུ་མར་བཀའ་སྩལ་བ་ལ་ངེས་པ་(༡༤༣བ)


GLG020_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པའི་དབང་གིས་ན། ཚིགས་བཅད་ཙམ་རྩོམ་ཤེས་པའི་བློ་རྩ་མ་གཏད་པར། སྨོན་འགྲོ་པཎ་ཆེན་གྱི་རིགས་ཆོས་ཀྱི་རྒྱུད་འཛིན་སྐད་གཉིས་སྨྲ་བའི་དཔྱོད་ལྡན་འཇམ་དབྱངས་དབང་རྒྱལ་རྡོ་རྗེ་ལ་ལམ་རྣམ་པར་དབྱེ་བ་རྣམས་ལ་བཟུང་། སྐྱོན་བཅུ་སྤོང་བའི་བར་གྱི་གཞུང་དོན་ཡོངས་སུ་རྫོགས་པའི་དཀའ་གནད་དང་བཅས་པ་ནན་ཏན་དུ་ཐོས་ཤིང་། དཔེར་བརྗོད་ཀྱི་རྩོམ་རྒྱུགས་སོགས་ཞིབ་མོར་བྱས་ཏེ་ཁོང་དུ་ཆུད་པར་བརྟེན། སློབ་དཔོན་མཁས་པ་ཉིད་ཀྱིས་ཀྱང་ལེགས་སོ་དང་བཅས། འགྲེལ་པ་ཞིག་བརྩམས་ན་ལེགས་པའི་མཚམས་སྦྱར་ཞིང་། སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོར་གྲགས་པའི་ཟུར་གྱི་རིགས་སྔགས་འཆང་པའི་རྒྱུད་དུ་བྱུང་ཞིང་། གསང་སྔགས་གསར་རྙིང་དང་ཐ་སྙད་རིག་པ་སོགས་ལ་རྣམ་པར་དཔྱོད་པའི་སྣང་བ་མཆོག་ཏུ་ཡངས་པའི་ཆོས་ཀྱི་རྗེ་སྔགས་རམ་པ་དཔལ་འབྱོར་འཕྲིན་ལས་རབ་རྒྱས། རང་གི་གམ་དུ་ཉེ་བར་བཅར་པའི་ཕྱོགས་འདི་ལ་མོས་པ་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ། གསོ་རིག་སྨྲ་བ་བློ་བཟང་གཞན་ཕན་དབང་པོ། ཡིག་རིགས་བཅུ་ཕྲག་ཤེས་པའི་སོར་མོའི་འདུ་བྱེད་པ་ངག་དབང་དགེ་ལེགས། སའི་ཚངས་པ་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་མདུན་དུ་ལུགས་གཉིས་ཀྱི་བློ་གྲོས་ཅན་དཀའ་བཅུ་བ་ཤེས་རབ་རྒྱ་མཚོ་སོགས་ཀྱིས་བསྐུལ་བ་དང་། བླ་མ་འཇམ་དཔལ་དབྱངས་དང་ཞལ་མི་གཉིས་པ་གང་གི་བསྟན་པ་རིན་པོ་ཆེ་འདི་ལ་སྔོན་ཆད་ཞང་ཞུང་པ་ཆོས་དབང་གྲགས་པ་དང་(༡༤༤ན)


GLG020_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཅན་བཞད་པའི་རྡོ་རྗེ་དགེ་འདུན་རྒྱ་མཚོ་སོགས་དུ་མ་བྱོན་ཡང་། དེང་དུས་ཕྱོགས་འདི་ལ་ལྗགས་ཀྱི་དབང་པོ་རྐྱོང་བ་ཉིན་སྐར་ལྟར་གྱུར་པ་ནས། གཞན་ཕྱོགས་པ་འགས་ཐ་སྙད་མི་ཤེས་ཞེས་ཁ་ཟེར་བ་འགོག་པ་དང་། ཤོང་དཔང་བརྒྱུད་པའི་བསྟན་པ་ཡུན་རིང་པོར་གནས་པའི་ཆེད་དུ་ལྷག་བསམ་གྱིས་ཀུན་ནས་བསླང་སྟེ། གཞུང་དོན་རྫོགས་པར་བཀྲལ། གྲོལ་བ་དང་ནི་རིགས་དང་མཛོད། ཅེས་པ་ནས་སྐྱ་སེང་བུ་ལྔ་དག་གི་ནི། །ཞེས་པའི་བར་གྱི་དཔེར་བརྗོད་མཐའ་དག་རང་བློས་བསྐྲུན། གོ་སླ་བ་རྣམས་ཚིག་ཉུང་ངུ་དང་དཀའ་གནས་ཀུན་ཞིབ་མོར་བཀྲོལ་བའི་སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས་ཞེས་པ་འདི་ཡང་། གནམ་སྐོས་ཀྱི་རྒྱལ་པོ་དཔལ་ཕག་མོ་གྲུ་པའི་བློན་པོ། འཕགས་ཡུལ་པའི་རྒྱལ་རིགས་སཱ་ལ་པ་ཆེན་པོ་ཟ་ཧོར་གྱི་རིགས་ལས་བྱུང་ཞིང་། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རིང་ལུགས་པ་ངག་གི་དབང་ཕྱུག་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེའམ་སྐད་གཉིས་སྨྲ་བའི་སྙན་ངག་མཁན་ཚངས་སྲས་ཞད་པའི་རྡོ་རྗེ་གདོང་དྲུག་དགའ་བའི་བཤེས་གཉེན་དུ་འབོད་པས། རྒྱལ་བ་ཟས་གཙང་གི་སྲས་པོ་དྲག་པོ་ཞེས་པ་ལྕགས་སྤྲེལ་ལ་སྐུ་བལྟམས་ནས་ཉིས་སྟོང་དྲུག་རྒྱ་དྲུག་ཏུ་སླེབ་ཅིང་། རང་ལོ་སོ་གཅིག་པ། འཕགས་ཡུལ་བ་ཨཱ་ཛི་ཏ། ཕྱོགས་འདིར་ཐམས་ཅད་འདུལ་དུ་གྲགས་པ། རྒྱ་ནག་གི་རྒྱལ་ཁབ་ཏུ་ཏིང་ཧ་ཞེས་མེ་ཕག་ཆུ་ཤེལ་གྱི་དབང་པོ་སྨིན་དྲུག་གིས་ཉ་བའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པ། དུས་འཁོར་བའི་ཡ་ཎའི་དབྱངས་ཧ་གསལ་བྱེད་ཇི་འཆར་ཞིང་། ཁམས་ནམ་མཁའ། སྙིང་སྟོབས་ཀྱི་སྙིང་སྟོབས་གསལ་ཆེན་པོའི་བུ་མོ་དབྱངས་འཆར་བའི་དམར་ཕྱོགས་ཀྱི་དགའ་བ་གསུམ་པ། དབྱངས་ཨ་གསལ་བྱེད་(༡༤༤བ)


GLG020_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཝ་ཁམས་ས། འདོད་ཡོན་དྲི་འཆར་བའི་ཚེས་ལ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་གཟིམ་ཁང་ལུགས་གཉིས་ཀྱི་མདུན་ས་དགའ་ལྡན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕོ་བྲང་དུ་དབུ་བཙུགས། ལོ་དེ་ཁའི་མགོ་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་པའི་ཚེས་ཀྱི་ཏཏྐཱལ་གཞུའི་དུས་སྦྱོར་ལ་རྫོགས་པར་གྲུབ་པའི་མཐུས། གནས་ལྔ་རིག་པའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་བའི་ལེགས་ཚོགས་སིདྡྷིར་སྟུ། །ནམ་སྶརསྭསྟྱཻ། འཛད་པ་མེད་པ་རྒྱལ་ཀུན་མཁྱེན་པའི་ཕུང་པོར་སྤུངས་པའི་ནོར། །མཛེས་སྡུག་དྲི་ཟའི་བུ་མོའི་གཟུགས་སུ་གྲུབ་པའི་ལང་ཚོ་ཅན། །རྒྱུད་མང་འཕྲུལ་ལས་ཟབ་རྒྱས་ཆོས་ཀྱི་གླུ་ཡི་དབྱངས་སྙན་པོ། །གདུ་བུའི་སྒྲ་དང་ལྷན་ཅིག་སྒྲོགས་ཤིག་ངག་དབང་ལྷག་པའི་ལྷ། །ཤེས་བྱའི་རང་བཞིན་ཕ་མཐའ་བྲལ་བའི་མཁའ། །མཐའ་ཀླས་ཚིག་གི་སྦྱོར་བའི་གཤོག་རླབས་ཀྱིས། །འཇམ་པའི་བྱེད་པོ་མཁས་དབང་དཎྜི་ཡི། །ངོ་མཚར་གཞུང་བརྒྱའི་རྩེར་སོན་མེ་ལོང་མ། །ཚུལ་འདིའི་གཞུང་དོན་འཆད་དང་རྒྱན་གསུམ་ཚིག །སྨྲ་བའི་དབང་ཕྱུག་ཤོང་པང་ལོ་ཙཱ་བའི། །དྲི་མེད་བརྒྱུད་པ་འཛིན་པའི་འཇིག་རྟེན་མིག །ཕལ་ཆེར་དུས་ཀྱི་བསྐལ་བས་ཆེས་ཆེར་ནོངས། །མཁས་པའི་ངག་སྒྲོས་རྐུ་དང་གྲོང་པའི་ཚིག །རྣམ་པར་བཅད་ལ་སྙན་ངག་པར་རློམ་དང་། །མགྲིན་པའི་རྩ་འཁོར་གྲོལ་བའི་སྒྲོ་བཏགས་ཅན། །སྙིང་མེད་ཆུ་ཤིང་ལྟ་བུའི་སྐྱེ་བོས་གང་། །འོན་ཀྱང་དེང་དུས་གཙུག་ལག་བྱེ་བའི་སྒོ། །འབྱེད་ལ་འཇམ་དབྱངས་སྨོན་གྲོ་ལོ་ཙཱ་བ། །འཇིག་རྟེན་མེས་པོ་རྣ་བ་བརྒྱད་པ་ཡིས། །བསམས་བཞིན་སྤྲུལ་པར་ངེས་ལས་གཞན་དུ་ཅི། །གང་དེའི་དྲིན་ལས་མི་འཇིགས་སྤོབས་པ་མཆོག །དགེ་བའི་བློ་གྲོས་མི་དམན་ཡངས་པ་ལས། །དཀའ་བའི་གནད་ཀྱིས་མདུད་ཀུན་འགྲོལ་བྱེད་པའི། །མཁས་རྣམས་དགའ་བ་སྐྱེད་པར་བྱེད་འདི་(༡༤༥ན)


GLG020_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲུན། །སྙན་འགྱུར་ཆ་ཤས་རྫོགས་པའི་པུསྟ་ཀ །སྔོན་མེད་ཟླ་བ་འདྲེན་པའི་ཆོ་ག་མཁན། མི་ཟད་པར་གྱི་རླུང་གི་ཤིང་རྟ་ཡིས། །ཤེས་ལྡན་གླིང་བཞིའི་མུན་པ་ཅིག་ཅར་སེལ། །གཟིགས་མོར་ཚར་དུ་དངར་བྱེད་ཡི་གེའི་གཟུགས། །སོར་མོའི་འཕྲུལ་ལྡན་བློ་བཟང་མཆོག་གྱུར་དང་། །བསོད་ནམས་བསམ་འགྲུབ་སྨིན་གྲུབ་བསྟན་པ་རྣམས། །བི་ཤྭ་ཀརྨ་ས་འདིར་འོངས་པ་བཞིན། །ཚུལ་འདིར་ལུས་ངག་ཡིད་གསུམ་འབད་པ་ཡིས། །རྣམ་དཀར་དགེ་བའི་འབྲས་བུའི་བཀྲ་ཤིས་དུང་། །མ་སྨད་གཡས་སུ་འཁྱིལ་བའི་ཕན་བདེའི་སྒྲ། །སྲིད་པའི་རྩེ་མོའི་བར་དུ་སྒྲོག་གྱུར་ཅིག །བསོད་ནམས་ཆུ་གཏེར་འཁྱིལ་བའི་རྫིང་ཆེན་པོར། །ཚེ་དཔལ་འབྱོར་པའི་གཉིས་སྐྱེས་ལུས་དཀར་ཙམ། །བདེ་བའི་སྙན་འགྱུར་གླུ་དབྱངས་སྒྲོག་བཞིན་དུ། །སྐྱིད་པའི་ཕུར་ལྡིང་རྩེ་འཇོར་རོལ་གྱུར་ཅིག །དག་པ་དོན་དམ་འགྱུར་མེད་རྡོ་རྗེའི་ཁམས། །ལྷུན་གྲུབ་མཚན་དཔེས་བརྒྱན་པའི་གར་མཁན་མ། ཟུང་འཇུག་སྐུ་བཞིའི་དཔལ་དེ་མངོན་འགྱུར་ནས། །དོན་གཉིས་འབྲས་བུར་ལོངས་སུ་སྤྱོད་གྱུར་ཅིག །(༡༤༥བ)


GLG020_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཡུལ་མཁས་པའི་གཙུག་རྒྱན་སྨྲ་བའི་དབང་ཕྱུག་དཎྜིའི་ལེགས་བཤད་མེ་ལོང་གི་དཀའ་འགྲེལ་འདི་རྩོམ་པ་ལ། ཐོག་མར་རང་གིས་ཚུལ་བཞིན་དུ་བསླབ་སྦྱང་བྱས་པ་སྔོན་དུ་འགྲོ་དགོས་པས། རྒྱ་གར་ཆུ་བོ་གངྒཱ་ཚུན་ཆད་དུ་རིག་པའི་གནས་ལྔ་ལ་ཡང་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ། སྨོན་འགྲོ་ལོ་ཙཱ་བ་རིག་གནས་རྒྱ་མཚོའི་ཕྲེང་བ་འཛིན་པ་ཚེ་དབང་དོན་གྲུབ་ཀྱི་ཆོས་ཀྱི་སྲས་འཇམ་དབྱངས་དབང་རྒྱལ་རྡོ་རྗེའི་དྲུང་དུ་རིག་གནས་འདི་ལ་སྦྱངས་སྐབས། གོ་དོན་དང་རྩོམ་རྒྱུགས་ལ་བསྔགས་བརྗོད་འདི་ལྟར་མཛད་དོ། །ཟ་ཧོར་རྒྱལ་རིགས་ཡོངས་འདུའི་འཁྲི་ཤིང་རྩེར། །འཇིག་རྟེན་དབང་ཕྱུག་དགྱེས་པའི་མེ་ཏོག་དཀར། །ཡོངས་འཛིན་ལྷ་དང་བཅས་པའི་གཙུག་རྒྱན་དུ། །བསྔགས་འོས་འདི་ནི་ངོ་མཚར་ཨེ་མ་ཕུལ། །གང་གི་མཁྱེན་བཟང་སྤྲིན་གྱི་བ་གམ་རྩེར། །སྙན་ཚིག་ཉམས་ཀྱི་འབྲུག་སྒྲ་བཞད་པའི་ཚེ། །བདག་ལུས་ཙནྡན་ནགས་ཀྱི་ཁང་བུ་ན། །སེམས་ཀྱི་མདོངས་མཐའ་དགའ་བའི་གར་གྱིས་བྲེལ། །ཤོང་པང་བླ་མའི་ལེགས་བཤད་བདུད་རྩིའི་རྒྱུན། །མ་ལུས་ཐུགས་ཀྱི་བུམ་པར་ལེགས་བསྡུས་ནས། །བློ་གསལ་འགྲོ་ལ་ཨ་བྷི་ཥཱི་ཉྩའི་ཆུ། །རིགས་མེད་འགྱེད་པའི་སྨོན་འགྲོ་ལོ་ཙཱ་བ། །དེ་རིགས་ག་བུར་འཐུལ་བའི་ནགས་ཀླུང་ནས། །རིག་གནས་དྲི་(༡༤༦ན)


GLG020_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་དབེན་པ་ཕལ་པའི་ཤིང་། །སྙོམ་ལས་ལོ་མའི་ཁུར་གྱིས་དུད་པ་དེའི། །ལག་པའི་ཡལ་འདབ་འཛུམ་ཞིང་འདི་སྐད་ཞུ། །གང་ཚེ་སྙན་ཚིག་ཨུ་དུམྦཱ་རའི་ཕྲེང་། །མཁས་མང་རྣམ་དཔྱོད་ཡངས་པའི་སྐུ་རྒྱན་དུ། །གསལ་བར་འགོད་པའི་མཁྱེན་ལྡན་དགེ་དབང་ཡང་། །ཁེངས་པ་ཉམས་ཏེ་མཐོ་རིས་བྲོས་སམ་སྙམ། །ཞེས་སོ། །དཀའ་འགྲེལ་འདི་བརྩམས་ཟིན་ཕྲལ་པཎ་ཆེན་སྨོན་འགྲོ་ཡབ་སྲས་ཀྱི་དྲུང་དུ་རྩོམ་ཕུད་དང་ཞུས་དག་ལ་བསྲིངས་པའི་ཚེ། སྐུ་མདུན་ཆེན་མོས་ལན་དུ་འཕྲིན་ཡིག་འདི་ལྟར་རོ། །མདོ་སྔགས་སྡེ་སྣོད་གཙུག་ལག་གི་འབྱོར་བ་མ་ཚང་བ་མེད་ཅིང་མངོན་པར་འབྱོར་བའི་མིའི་ཉི་མ། མཁྱེན་རབ་ནོར་བུ་འབུམ་ཕྲག་གིས་གཏམས་པའི་ས་མུ་དྲ། རྣམ་དཔྱོད་ཀྱི་འོད་སྣང་ལྷག་པར་གསལ་བའི་ཟླ་བ། མཁས་པ་ཐམས་ཅད་ཀྱི་གཙུག་གི་ཅོད་པན། ཕྱོགས་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་པདྨོར། རྒན་བུའི་སོར་བཅུ་སྙིང་ཁར་བཀོད་ནས་ཞུ་བ། བྱང་ཕྱོགས་གངས་རིའི་ལྗོངས་འདི་ན། ཐ་སྙད་གཙུག་ལག་བརྫུན་གྱི་འཁྲུལ་གཏམ་དབྱངས་སུ་ལེན་པར་སྤྲིན་གྱི་རྔ་གསངས་སྒྲོག་མཁན་ཤིན་ཏུ་མང་ཡང་། ལེགས་བཤད་འཆི་མེད་ལྷའི་རྔ་སྒྲ་ཙམ་གྱིས་ཀྱང་། སྨྲ་བྱེད་ཉི་མས་ཀུན་མུད་ཟུམ་པ་ལྟར་གྱིས་འཆད་རྩོད་རྩོམ་པའི་མཛད་བཟང་ཁོར་མོར་(༡༤༦བ)


GLG020_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བའི་སྐབས་ནས། བཀའ་དམ་ཡིད་ཀྱི་གསོས་སྨན་དུ་གྱུར་པ་སྔ་ཕྱིར་ཕེབས་པས་དངོས་མཇལ་གྱི་དགའ་སྤྲོས་གྱུར་ལགས། སྔོན་མེད་པའི་སྙན་ངག་གི་འགྲེལ་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་ངེས། ལྕམ་བུ་དང་ཟོལ་སྦྱོར་སྤངས་པའི་འདྲེན་བྱེད་ནས་བདུད་རྩིའི་རྒྱུན་ཡང་འཛག་པ་འདི་ཁར་གྱུར་པ། སྙན་ཊཱིཀ་འདི་ལ་ལྕགས་ནན་ཐར་གསུམ་གྱིས་དཔྱད་བརྡར་བྱས། བློ་ནས་ཅུང་ཟད་མི་གསལ་བ་རྣམས་ལ་པང་ལོ། གུང་ཐང་བདེ་བློའི་འགྲེལ་པ་སོགས་ཚད་ཐུབ་ལ། བདག་གཉིས་ཀས་ཞིབ་བལྟས་བྱས། རྒན་བུའི་མིག་ཤིན་ཏུ་གསལ་ཡང་། བབ་ཐེག་པོ་རང་མི་ཡོང་འདུག་པས། ཨོ་ལོས་བསྒྲགས། རྒན་བུས་སེམས་གཞན་ལ་མ་ཡེངས་པར་ཉན་ནས། དོགས་པ་ཡོང་འདྲ་སྙམ་པ་ཐམས་ཅད་ལ། སློབ་དཔོན་མཁས་པ་རྩོད་བྲལ་ཡོངས་ལ་གྲགས་པའི་གསུང་རྒྱུན་ཟབ་མོ་མ་བརྗེད་པ་རྣམས་ཤོག་ཟེར་ལ་ཡིག་ཆུང་དུ་བཀོད་པ་ལྟར། མཁྱེན་རབ་རྡོ་རྗེ་ཕ་ལམ་གྱིས་ཐུགས་གཞིག་འཇུག་པ་གནང་ཆ་དང་། ཞུ་དག་གྲུབ་ནས་འགྱང་ཙམ་སོང་ཡང་། སྟག་ཚང་ལོ་ཙཱའི་དུས་འཁོར་སྤྱི་དོན་ལ་མཆན་ཞིབ་གྲགས་ཞུ་དག་བྱེད་པ་འདི་ཁས། ད་བར་འགྱངས་པ་ལ་དགོངས་ཁྲེལ་མི་འཇུག་པ་དང་། སྙིང་པོའི་ཞུ་མཆིད། ད་ལམ་སྙན་ཚིག་གི་འགྲེལ་པ་འདི་པར་དུ་རྐོ་བ་གནང་ཚེ། རིག་གནས་ཀྱི་བསྟན་པ་ལ་ཕན་པ་གཞལ་དུ་མ་མཆིས་པ་འབྱུང་བ་ལྟར། (༡༤༧ན)


GLG020_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་ཁྱེད་ཀྱིས་ཆབ་ཤོག་ནས་བཟུངས་གསུང་རྩོམ་ཐམས་ཅད་པར་ལ་བཀོད་པ་མཁྱེན་མཁྱེན། བསྟན་པ་རིན་པོ་ཆེར་ཕན་ངེས་ལགས། སླར་ཕེབས་འོས་ཚོགས་དལ་འགྲོའི་རྒྱུན་ལྟར་དང་། རྒན་བུ་ལྔ་པའི་མཐར་གཏུགས་འདུག་པས། འདི་ཕྱི་ཐམས་ཅད་དུ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་འཛིན་པ་མཁྱེན་མཁྱེན་མཁྱེན། ཞུ་ཡིག་རྟེན་བཀྲ་ཤིས་ཁ་བཏགས་ལ་རྒྱ་མཛེས། ཧོར་ཟླ་བརྒྱད་པའི་དམར་ཕྱོགས་ཀྱི་དགའ་བ་གསུམ་པའི་ཚེས་བཟང་ལ་ཕུལ་བའི་ཞུ་ཡིག །སྲས་ཀྱི་འཕྲིན་ཡིག་འདི་ལྟར་རོ། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྒྱལ་དབང་ཐམས་ཅད་གཟིགས་པའི་ཞབས་དྲུང་དུ། ཞུ་བ། སྐུའི་དཀྱིལ་འཁོར་གསེར་གྱི་རི་དབང་གུར་གུམ་གྱི་ཆར་པས་བཀྲུས་པ་ལྟར་བརྟན་ཞིང་། བརྗིད་ཆགས་པར་བཞུགས་པའི་རིང་ནས། ཉམས་དང་འགྱུར་བས་ཡོངས་སུ་སྒེག་པའི་ཐུགས་དམ་སྙན་ཚིག་གི་ཕྲེང་བ་དང་། རྨ་བྱའི་མགྲིན་པའི་ཁ་དོག་ལ་འགྲན་པའི་གོས་བཟང་། ལྷ་རྫས་ཟླ་བའི་གྲོགས་པོ་དང་ཆབས་ཅིག་པར། དཎྜིའི་ཞལ་ལུང་དང་མཐུན་པའི་ཚིག་རྒྱན་གྱི་འགྲེལ་པ་ཟླ་མ་མཆིས་པ་རྣམས་སྤྱི་བོའི་ཅོད་པན་དུ་འབྱོར་ཞིང་། ཉེ་བར་ཡང་། ཐུགས་དམ་ཞིབ་འཁོད་བཀྲ་ཤིས་པའི་དར་དང་བཅས་ཕྱག་རྒྱའི་རེ་ཁ་མ་ཉམས་པར་ཟུར་ཕུད་ཀྱི་རྒྱན་དུ་ཐོབ་པས། བདག་སེམས་ཀྱི་གཉིས་སྐྱེས་གཞོན་ནུ་(༡༤༧བ)


GLG020_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་གསུམ་པའི་རྩེ་དགའ་ལ་རེག་པར་གྱུར་ལགས། ཆེད་ཞུས། སྤྱིར་དཔང་ལོ་ཆེན་པོའི་འགྲེལ་པ་ཚད་གཏུག་ཏུ་སྣང་ཡང་། ཧ་ཅང་ཚིག་སྣེ་བསྡུས་གྲགས་ཤིང་། གཞན་མ་གངས་རིའི་ལྗོངས་འདིར་སྙན་ངག་སྨྲ་བ་ཕལ་ཆེ་བ་ནི་ཉེས་བཤད་མུན་པའི་ལམ་དུ་འཁྱམས་པ་ཁོ་ན་ལས། གཞན་དུ་མ་མཐོང་ལགས་ཀྱང་། ད་ལམ་དཎྜིའི་དགོངས་དོན་པདྨའི་ཚལ་རྣམས་དུས་གཅིག་ཏུ་ཕྱེ་བ་ལ། གསལ་བྱེད་ཀྱི་ཉི་མ་མཆོག་འདི་ལེགས་བཤད་ཀྱི་འོད་སྟོང་སྤྲོ་བཞིན་པར་ཤར་བས། བདག་སོགས་རིག་གནས་པའི་བུང་བ་རྣམས་གཏམ་སྙན་གྱི་གླུ་དབྱངས་ཕྱོགས་བཅུར་སྒྲོག་པ་ལ་ཆས་པར་གྱུར་ལགས་ཤིང་བཀའ་རྩོམ་གསར་གནང་ལ། ལགས་དྲུང་དང་ཐུན་མོང་ནས་ཞུ་དག་ཞིབ་ཏུ་གྲུབ་བསྟུན། ཅུང་ཟད་ཐེ་ཚོམ་པ་ཙམ་གྱི་རིགས་ལ་ཤོག་ཟེར་དང་བཅས་སྟག་ཚང་པའི་དུས་འཁོར་སྤྱི་དོན་ཞལ་བཤུས་གྲུབ་པར་ཞུས་དག་དིང་སང་བྱེད་རྩིས་ཀྱི་འཕྲལ་ཉིད་དུ་འབུལ་རྩིས་ལགས་ནའང་། ད་ལམ་སྡེབས་སུ་འབུལ་རྒྱུ་མ་བྱུང་བར། རྣམ་དབྱིངས་དམ་པ་མི་ཁྲེལ་བ་མཁྱེན་མཁྱེན་ཞིང་། སླད་ནས་དུས་འཁོར་གྱི་སྤྱི་དོན་འབུལ་བ་དང་བཅས། སྐུ་ཞབས་སུ་འཕྲལ་ཉིད་རྫོང་སྟར་ཞུ་དགོས་འདུག་པ། ཞིབ་ཞུས་ནང་སོ་གྲོང་སྨད་ནས་ཀྱི་ཞུ་ཤོག་ཏུ་ཕུལ་བ་ལྟར། དབྱིངས་བཞུགས་མཁྱེན་ངོས་(༡༤༨ན)


GLG020_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་འོས་ཀྱང་གངྒཱའི་རྒྱུན་ལྟར་མཁྱེན་མཁྱེན་ལགས། ཞུ་ཡིག་འདེགས་རྟེན་བཀྲ་ཤིས་པའི་ལྷ་རྫས་གངས་རིའི་མདངས་ལྡན་ལ་རྒྱ་མཛེས་དང་བཅས་ཉེ་བར་ཞུ་ཐོ། དེ་ལྟར་ཅུང་ཟད་ཐེ་ཚོམ་པ་རྣམས་ཀྱི་རིགས་ལ་ཤོག་ཟེར་འདུག་པར་དཔྱད་པ་བྱེད་དགོས་རྣམས་ཁོ་བོ་ཤར་ཕྱོགས་གོང་མ་ཆེན་པོའི་དྲུང་དུ་བགྲོད་པ་སོགས་ཀྱིས་གཡེངས་ཏེ་འགྱངས་པ་ལས་སླར་ཡང་ལོ་བཞི་བཅུ་པ་མེ་མོ་སྤྲེའུའི་ལོར་ཞུས་དག་པར་བྱས་པ་ཡིན་ནོ།། །།


previousསྒྲ་རྒྱན་གྱི་སྐོར་བཤད་པ།next