Nitartha Digital Library
Tibetan
གསུང་འབུམ་པོད་དང་པོ། རྣམ་ཐར་དང་དབུ་མ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དོན་དམ་རྟེན་འབྲེལ་དེ་ཀུན་རྫོབ་རྟེན་འབྲེལ་རྣམས་གདོད་ནས་འགག་པའི་གཞི་བདེན་དོན་སོགས་ཡིན་པར་བསྟན་པ།
   
   
   
   
   
   
   
   
   
   


 
previousདོན་དམ་རྟེན་འབྲེལ་དེ་ཀུན་རྫོབ་རྟེན་འབྲེལ་རྣམས་གདོད་ནས་འགག་པའི་གཞི་བདེན་དོན་སོགས་ཡིན་པར་བསྟན་པ། next

དོན་དམ་རྟེན་འབྲེལ་དེ་ཀུན་རྫོབ་རྟེན་འབྲེལ་རྣམས་གདོད་ནས་འགག་པའི་གཞི་བདེན་དོན་སོགས་ཡིན་པར་བསྟན་པ།

བཞི་བ་དོན་དམ་རྟེན་འབྲེལ་དེ་ཀུན་རྫོབ་རྟེན་འབྲེལ་རྣམས་གདོད་ནས་འགག་པའི་གཞི་བདེན་དོན་སོགས་ཡིན་པར་བསྟན་པ་ནི། དོན་དམ་རྟེན་འབྲེལ་ཆོས་དབྱིངས་ཟབ་མོ་ནི། །རྟེན་འབྲེལ་འདི་མིན་རྟེན་འབྲེལ་གཞན་མཆོག་ཡིན། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན་པ་ཡིན། །དག་པ་རྣམ་པ་བཅུ་གཉིས་འཆང་བ་ཡིན། །བདེན་དོན་བཅུ་གཉིས་ཆགས་སོགས་བཅུ་གཉིས་ཡིན། །དུས་སྦྱོར་ཉི་མའི་དབུགས་རྣམས་འགག་པ་ཡིན། །ཡུམ་དང་ཕལ་ཆེན་སྔགས་ལས་གསུངས་པ་ཡིན། །རྫོགས་ལྡན་མཁས་མཆོག་རྣམས་ཀྱི་གསུངས་པ་ཡིན། །གསུམ་ལྡན་མར་བཅད་ཕལ་གྱི་སྤྱོད་ཡུལ་མིན། །རྩ་བར། དོན་དམ་རྟེན་འབྲེལ་ཆོས་དབྱིངས་ཟབ་མོ་ནི། །ཞེས་པ་ནས་སྤྱོད་ཡུལ་མིན། །ཞེས་པའི་བར་ཤོ་ལོ་ཀ་གཉིས་དང་རྐང་བ་གཅིག་བྱུང༌། དེའི་ཚིག་དོན་ནི། དོ༵ན་ད༵མ་རྟེ༵ན་འབྲེ༵ལ་ཆོ༵ས་ཀྱི་དབྱི༵ངས་ཟ༵བ་མོ༵་ནི༵། ཕྱི་ནང་ཀུན་རྫོབ་ཀྱི་རྟེ༵ན་འབྲེ༵ལ་འདི༵་མིན༷་གྱི། འདི་ལས་རྟེ༵ན་འབྲེ༵ལ་གཞ༵ན་མཆོ༵ག་ཕ་རོལ་དམ་པ་དང་པོའི་སངས་རྒྱས་ཀྱི་རྟེན་འབྲེལ་ཡིན༷་ལ། དེ་ཡང་འགལ་འདུས་སྐྱོན་མེད་འཇིག་རྟེན་དཔེ་ལས་འདས་པའི་རྟེན་འབྲེལ་ཡིན་ནོ། །དེ་ནི་རྟེན་འབྲེལ་ཡ༵ན་ལ༵ག་བ༵ཅུ་གཉི༵ས་ཀྱི་སྲི༵ད་རྩ༵་གདོད་ནས་རང་བཞིན་གྱིས་བཏོ༵ན་པ༵འི་གཞི་ཡི༵ན་ཞིང༌། དྲི་མ་དེ་རྣམས་ཀྱིས་གདོད་ནས་རང་བཞིན་གྱིས་ད༵ག་པ༵འི་གཞིའི་རྣ༵མ་པ༵་དོན་དམ་གྱི་ས་བཅུ༵་གཉི༵ས་དབྱེར་མེད་དུ་འཆ༵ང་བ༵་ཡང་ཡི༵ན་ལ། དེ་རྣམས་ཉིད་དོན་དམ་དུ་བདེ༵ན་པའི་དོན༷་རྡོ་རྗེ་བཞིའི་ཞལ་བཅུ༵་གཉི༵ས་ཡིན་པ་དང༌། ཆག༷ས་སོག༷ས་བཅུ༵་གཉི༵ས་ཡིན༷་ཞེས་པས་བཅུ་གཉིས་ནི་མ་རིག་པ་གཞན་ནས་རྒ་ཤི་གཞན་གྱི་བར་བཅུ་གཉིས་དང༌། གདོད་ནས་རང་བཞིན་གྱིས་དག་པ་དང༌། རྣམ་པར་དག་པ་དང༌། ཤིན་ཏུ་རྣམ་པར་དག་པའི་མ་རིག་པ་ནས་རྒ་ཤིའི་བར་ཡང་ཡིན་ཞིང༌། དེ་རྣམས་ཉིད་དོན་དམ་གྱི་གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང༌། འདུ་བ་དང་ཉེ་བའི་འདུ་བ། ཚན་དོ་དང་ཉེ་བའི་ཚན་དོ་ཧ། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། མཐོང་གཅོད་དང་ཉེ་བའི་མཐོང་གཅོད་དེ། དོན་དམ་གྱི་གནས་བཅུ་གཉིས་ཀྱང་ཡིན་པར་ཆོས་རྗེ་ཀུན་མཁྱེན་གྱིས་གསུངས་སོ། །ཡང་དོན་དམ་དེ་དུ༵ས་སྦྱོ༵ར་ཉི༵་མ༵་སྟེ། ལུགགླང༌། འཁྲིག་པ། ཀར་ཊ། སེང་གེ བུ་མོ། སྲང༌། སྡིག་པ། གཞུ། ཆུ་སྲིན། བུམ་པ། ཉ་དང་བཅུ་གཉིས་པོ་རེ་རེ་ལ་འཕོ་ཆེན་གྱི་དབུག༵ས་སྟོང་དང་བརྒྱད་བརྒྱ་རེ་ཡོད་པས་འཕོ་ཆེན་བཅུ་གཉིས་ཀྱི་དབུགས་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་རྣམ༵ས་གདོད་ནས་རང་བཞིན་གྱིས་འག༵ག་པ༵་དེའི་གཞི་ཡང་ཡི༵ན་ཞིང༌། ཡུམ༵་ལས་ཀྱང་དེ་ལྟར་གསུངས་པ་ཡིན་ཏེ། ཡུམ་རྒྱས་པ་ལས། མ་རིག་པ་འདུས་མ་བྱས་པ་སྟེ། གང་ད༵ང་ཡང་བྲལ་བས་མ་ཡིན་ནོ། །ཞེས་སོགས་གསུངས་པ་དང༌། ཕལ༷་ཆེན༷་གྱི་མདོར། འདུས་མ་བྱས་ཀྱི་རྟེན་འབྲེལ་གསུངས་པ་ཡང་འདི་དང་དགོངས་པ་གཅིག་ཡིན་ལ། ཡང་སྔ༵གས་དཔལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་དྲི་མེད་འོད་ལས༵། བདེན་པ་བཅུ་གཉིས་ནི། མ་རིག་པ་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དང༌། མིང་དང༌། གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྲེད་པ་དང༌། ལེན་པ་དང༌། སྲིད་པ་དང༌། སྐྱེ་བ་དང༌། རྒ་ཤི་སྟེ། བདེན་པ་བཅུ་གཉིས་ནི། མངལ་སྐྱེས་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ལ། སངས་རྒྱས་རྣམས་ཀྱི་ནི་སྒྲིབ་པ་དང་བྲལ་བའོ། །འཕོ་བ་བཅུ་གཉིས་ཀྱི་སྲོག་གི་རླུང་རྒྱུ་བའི་ཕྱིར་མངལ་ནས་སྐྱེས་པ་རྣམས་ཀྱི་སྒྲིབ་པ་དང་བཅས་པ་ཡིན་ལ། ཡན་ལག་བཅུ་གཉིས་འགག་པའི་ཕྱིར། སངས་རྒྱས་རྣམས་ནི་སྒྲིབ་པ་དང་བྲལ་བའོ། །ཞེས་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཀུན་ཏུ་འོད་ཀྱི་ས་ཆེན་ནོ། །དེ་ཉིད་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩིའི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའ་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་རབ་ཏུ་གནས། །རྡོ་རྗེ་འོད་ནི་བཞི་བ་སྟེ། །ས་དེའི་འདི་ནི་ཡིད་དགའ་བའོ། །ལྷག་པའི་བསམ་པ་བརྟན་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བཏགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ནི་དྲུག་པ་སྟེ། པདྨ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་སེམས་ཉིད་ཀྱིས། །དྲི་མ་མེད་པ་ཡོངས་སུ་འཛིན། །བདུན་པ་ལས་ཀྱི་འོད་ཅེས་པ། །སངས་རྒྱས་འཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔག་མེད་ཅེས་པ་སྟེ། །དེ་ལ་དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་པ་དགུ་བ་སྟེ། །ཐམས་ཅད་དཔེ་ནི་རྟོགས་པར་བྱེད། །བཅུ་བ་ཤེས་རབ་འོད་ཅེས་པ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོ་བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །ཞེས་གསུ༵ངས་པ༵་ཡི༵ན་ཞིང༌། དེ་རྣམས་ནི། དོན་དམ་འགོག་བདེན་གྱིས་བསྡུས་པའི་ས་བཅུ་གཉིས་སོ། །རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་ནི་ཀུན་རྫོབ་ལམ་བདེན་གྱིས་བསྡུས་པར་གསུངས་སོ། །འདིའི་སྐབས་སུ་འདི་ཉིད་ཀྱི་རང་འགྲེལ་ལས། རྒྱུད་ནི་རྒྱུད་གཞན་གྱིས་ཤེས་བྱ། །མདོ་ནི་མདོ་གཞན་གྱིས་ཤེས་བྱ། །མདོ་ཡང་རྒྱུད་ཀྱིས་ཤེས་པར་བྱ། །རྒྱུད་ཀྱང་མདོ་ཡི་ཤེས་པར་བྱ། །གཉིས་ཀས་གཉིས་ཀ་ཤེས་པར་བྱ། །དེ་ཡང་ཐོས་བསམ་སྒོམ་པ་དང༌། །བཤད་སྒྲུབ་རྣམ་པར་དག་པས་སོ། །དེས་ན་གསུང་རབ་ཟབ་དགུ་ཡི། །གཞི་ལམ་འབྲས་བུ་ཟབ་དགུ་རྟོགས། །ངེས་པའི་དོན་གྱི་གཞི་འབྲས་ཀུན། །བདེ་གཤེགས་སྙིང་པོ་ཉིད་དུ་གཅིག །ལམ་ནི་དེ་ཡི་རྣལ་འབྱོར་རོ། །དྲང་དོན་གཞི་ལམ་འབྲས་བུ་རྣམས། །དེ་རྣམས་སོ་སོ་འཁོར་དུ་གཏོགས། །དེ་ལྟར་རྫོགས་ལྡན་ཆོས་མཆོག་དང༌། །རྒྱལ་བའི་རང་འགྲེལ་ལས་ཤེས་བྱ། །ཞེས་པ་ནི་མན་ངག་གི་ཚིགས་སུ་བཅད་པའོ། །ཞེས་གསུངས་སོ། །རྫོག༵ས་ལྡ༵ན་གྱི་མཁ༵ས་མཆོ༵ག་ས་བཅུའི་དབང་ཕྱུག་རྣམས་དང་མཁས་གྲུབ་ནཱ་རོ་པཎ་ཆེན་ལ་སོགས་པ་རྣམ༵ས་ཀྱི༵་གསུང༵ས་པ༵་བཞིན་ཡི༵ན་ནོ། །འོན་ཀྱང་གསུ༵མ་ལྡ༵ན་མ༵ར་བཅ༵ད་ཕ༵ལ་གྱི༵་སྤྱོ༵ད་ཡུ༵ལ་མི༵ན་ཏེ། དེ་རྣམས་ཀྱིས་ནི་དེ་ལྟར་མ་རྟོགས་ཤིང་དེ་ལས་ལོག་པར་འཆད་པ་མང་དུ་སྣང་བའི་ཕྱིར་རོ། །

ལྔ་བ་དོན་དམ་རྟེན་འབྲེལ་དེ་སེམས་ཙམ་ལས་འདས་པས་དེ་ལྟར་སྟོན་ཞིང་འདོད་པ་རྣམས་སེམས་ཙམ་ལས་འདས་པར་བསྟན་པ་ནི། དེ་རྣམས་སེམས་ཙམ་མིན་པའི་རྒྱུ་མཚན་ནི། །མཐའ་བྲལ་སྟོང་གཞི་ཕུང་གསུམ་ཡིན་ཕྱིར་དང༌། །སེམས་ཙམ་ཡིན་ན་དངོས་སྨྲ་ཡིན་པའི་ཕྱིར། །སྟོང་གཞི་དེ་རྣམས་རྣམ་ཤེས་ཆོས་ལས་འདས། །གཉིས་མེད་ཡེ་ཤེས་ཚུལ་འཆང་ཡིན་ཕྱིར་དང༌། །སྐད་ཅིག་གཅིག་དང་དུ་མ་དང་བྲལ་ཕྱིར། །དེ་དག་དངོས་སྨྲའི་ཆོས་སུ་ག་ལ་རུང། །རྩ་བར། དེ་རྣམས་སེམས་ཙམ་མིན་པའི་རྒྱུ་མཚན་ནི། །ཞེས་པ་ནས། ག་ལ་རུང་ཞེས་པའི་བར་ཤོ་ལོ་ཀ་གཅིག་དང་རྐང་བ་གསུམ་བྱུང༌། དེའི་ཚིག་དོན་ནི། འགྱུར་མེད་ཡོངས་གྲུབ་ཀྱི་དོན་དམ་དེ༵་རྣམ༵ས་སེ༵མས་ཙ༵མ་མི༵ན་པ༵འི་རྒྱུ༵་མཚ༵ན་ནི༵། མཐ༵འ་ཐམས་ཅད་དང་བྲ༵ལ་བའི་གཞི་ཡིན་པའི་ཕྱིར་དང་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་སྟོ༵ང་བའི་ག༵ཞི་ཡིན་པའི་ཕྱིར་དང༌། དངོས་དང་དངོས་མེད་གང་ཡང་མ་ཡིན་གྱི་དབུས་མ་བར་མ་ཕུ༵ང་པོ་གསུ༵མ་པ་ཡི༵ན་པའི་ཕྱི༵ར་ན་དངོས་སྨྲ་མ་ཡིན་པ་ད༵ང༌། དངོས་སྨྲ་མ་ཡིན་ན། སེམས་ཙམ་གྱི་གྲུབ་མཐའ་མི་རུང་སྟེ། སེམ༵ས་ཙ༵མ་ཡི༵ན་ན༵་དངོ༵ས་སྨྲ༵་ཡི༵ན་དགོས་པ༵འི་ཕྱི༵ར་རོ། །གཞན་ཡང་ཀུན་རྫོབ་གྱི་ཆོས་ཐམས་ཅད་ཀྱིས་སྟོ༵ང་བའི་གཞི༵་དེ༵་རྣམ༵ས་ཐམས་ཅད་རྣ༵མ་ཤེ༵ས་ཀྱི་ཆོ༵ས་ལ༵ས་འད༵ས་པའི་གཟུང་འཛིན་གཉི༵ས་མེ༵ད་ཀྱི་ཡེ༵་ཤེ༵ས་དབྱེར་མེད་ཀྱི་ཚུ༵ལ་དུ་འཆ༵ང་བ་ཡི༵ན་པའི་ཕྱི༵ར་ད༵ང༌། སྐ༵ད་ཅི༵ག་གཅི༵ག་ད༵ང་དུ༵་མ༵་ད༵ང་བྲ༵ལ་བ་ཡིན་པའི་ཕྱིར༷། སྟོང་གཞི་དེ༵་དག༵་དངོ༵ས་སྨྲ༵འི་ཆོ༵ས་སུ༵་ག༵་ལ༵་རུ༵ང་སྟེ་མི་རུང་བའི་ཕྱིར་རོ། །མདོར་ན་ཀུན་རྫོབ་ཐམས་ཅད་ཀྱིས་གདོད་ནས་སྟོང་ཞིང་དབེན་པ་ལ་དག་པའི་གཞི་དོན་དམ་དེ་བཞིན་ཉིད་འགྱུར་མེད་ཡོངས་གྲུབ་དེ་སེམས་ཙམ་ལས་ཤིན་ཏུ་འདས་པས་དེ་ལྟར་སྟོན་ཞིང་འདོད་པ་རྣམས་ཀྱང་སེམས་ཙམ་ལས་ཤིན་ཏུ་འདས་པར་བསྟན་ཏོ། །ལྔ་བ་འཁོར་ལོ་བར་བའི་བརྗོད་བྱའི་གཙོ་བོ་ཡང་རང་སྟོང་མེད་དགག་ཙམ་མ་ཡིན་པར་དོན་དམ་པའི་རྣམ་པ་ཀུན་ལྡན་ཡིན་པར་བསྟན་པ་ནི། ཆོས་འཁོར་གཉིས་པའི་དོན་ཡང་དེ་བཞིན་ཉིད། །ཡོན་ཏན་དཔག་ཡས་ཚང་བ་ཡིན་པའི་ཕྱིར། །མེད་དགག་མ་ཡིན་དེ་ཕྱིར་རང་སྟོང་དང༌། །ཅང་མེད་སྟོང་པ་ཆད་པའི་སྟོང་པ་མིན། །རྣམ་ཀུན་མཆོག་ལྡན་སྟོང་གཞི་ཡིན་ཕྱིར་དང༌། །འགྱུར་མེད་མཆོག་གི་བདེ་ཆེན་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་ཕྱག་རྒྱ་ཆེ། །དོན་དམ་ཨེ་ཝཾ་ཡི་གེ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་ཡེ་ཤེས་སྐུ། །དོན་དམ་ཐིག་ལེ་གྲུ་གསུམ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་རྡོ་རྗེའི་སྐུ། །དོན་དམ་རྡོ་རྗེ་བྷ་ག་ཡིནཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་སྔགས་ཀྱི་སྐུ། །དོན་དམ་ཨཱ་ལི་ཀཱ་ལི་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་གཡུང་དྲུང་སྐུ། །དོན་དམ་རྡོ་རྗེ་པད་མ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་ཐེར་ཟུག་སྐུ། །དོན་དམ་རྡོ་རྗེ་ཟླ་ཉི་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་ཆོས་ཉིད་སྐུ། །དོན་དམ་རྡོ་རྗེའི་ཁུ་རྡུལ་ཡིན་ཕྱིར་དང༌། པྲ་ཕབ་བརྒྱད་དང་མཚུངས་པའི་རྡོ་རྗེའི་དབྱིངས། །དོན་དམ་ཆ་མེ་ཀུན་འགྲོ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་སྔགས་ཀྱི་དབྱིངས། །དོན་དམ་རྣམ་བཅུ་དབང་ལྡན་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་བདེ་བའི་དབྱིངས། །དོན་དམ་ལུས་མེད་རྡོ་རྗེ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་དབུ་མ་ཆེ། །དོན་དམ་རྡོ་རྗེ་སྙིང་པོ་ཡིན་ཕྱིར་དང༌། །པྲ་ཕབ་བརྒྱད་དང་མཚུངས་པའི་རྡོ་རྗེ་འཆང༌། །དོན་དམ་རྡོ་རྗེ་སེམས་དཔའ་ལ་སོགས་དང༌། །དོན་དམ་རྒྱལ་བའི་ཡུམ་གྱུར་ཤེར་ཕྱིན་སོགས། །ཟབ་མོ་མཐར་ཐུག་ཐམས་ཅད་ཡིན་ཕྱིར་རོ། །རྩ་བར། ཆོས་འཁོར་གཉིས་པའི་དོན་ཡང་དེ་བཞིན་ཉིད། །ཅེས་པ་ནས། ཐམས་ཅད་ཡིན་ཕྱིར་རོ། །ཞེས་པའི་བར་ཤོ་ལོ་ཀ་བརྒྱད་བྱུང༌། དེའི་ཚིག་དོན་ནི། དེ་ལྟར་ཆོས་འཁོར་གསུམ་པའི་དོན་གྱི་གཙོ་བོ་དེ་བཞིན་ཉིད་ཡིན་པར་མ་ཟད། ཆོ༵ས་འཁོ༵ར་གཉི༵ས་པ༵འི་དོ༵ན་གྱི་གཙོ་བོ་ཡ༵ང་དེ༵་བ༵ཞིན་ཉི༵ད་ཡིན་ལ། དེབཞིན་ཉིད་ཀྱང་དོན་དམ་འདུས་མ་བྱས་ཀྱི་སྟོབས་སོགས་ཡོ༵ན་ཏ༵ན་དཔ༵ག་ཏུ་ཡ༵ས་པ་ཚ༵ང་བ༵་ཡི༵ན་པ༵འི་ཕྱི༵ར། དགག་པ་གཉིས་པོ་གང་རུང་གང་ཞིག །མེ༵ད་དག༵ག་མ༵་ཡི༵ན་པ་དེ༵འི་ཕྱི༵ར་ར༵ང་སྟོ༵ང་ད༵ང་ཅ༵ང་མེ༵ད་སྟོ༵ང་བ༵་ཆ༵ད་པ༵འི་སྟོ༵ང་བ༵་མི༵ན་ལ། རྣ༵མ་ཀུ༵ན་མཆོ༵ག་ལྡ༵ན་གྱི་སྟོ༵ང་ག༵ཞི་ཡི༵ན་པའི་ཕྱི༵ར་དང༷༌། འགྱུར་བཅས་ཀྱི་བདེ་བ་མ་ཡིན་པར་འགྱུ༵ར་མེ༵ད་མཆོ༵ག་གི༵་བདེ༵་ཆེ༵ན་ཡི༵ན་པའི་ཕྱི༵ར་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུ༵ངས་པ༵འི་ཕྱ༵ག་རྒྱ༵་ཆེ༵་བ་དོ༵ན་ད༵མ་པའི་བདེ་སྟོང་ངོ་བོ་ཨེ༵་ཝ༵ཾ་གི་ཡི༷་གེ༵་ཡི༵ན་པའི་ཕྱི༵ར་ད༵ང༌། དེ་ལ་པྲ་ཕབ་བརྒྱད་ནི་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། པྲ་ཕབ་བརྒྱད་ནི། མེ་ལོང་མཐེ་བོང་སྒྲོན་མེ་ཟླ། །ཉི་མ་ཆུ་དང་རལ་གྲི་མིག །པྲ་འབེབས་འཛུགས་པ་བརྒྱད་རྣམས་ནི། །རྒྱལ་བ་རྣམས་ཀྱིས་པྲ་འབེབས་གསུངས། །ཞེས་གསུངས་སོ། །ཡང་པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུ༵ངས་པ༵འི་ཡེ༵་ཤེ༵ས་ཆོས་ཀྱི་སྐུ༵་དོ༵ན་ད༵མ་པའི་ཐི༵ག་ལེ༵་གྲུ༵་གསུ༵མ་ཡི༵ན་པའི་ཕྱི༵ར་དང༵༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུ༵ངས་པ༵འི་རྡོ༵་རྗེ༵འི་སྐུ༵་དོན༵་ད༵མ་རྡོ༵་རྗེ༵་བྷ༵་ག༵་ཡི༵ན་པའི་ཕྱི༵ར་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུ༵ངས་པའི༵་སྔག༵ས་ཀྱི༵་སྐུ༵་དོ༵ན་ད༵མ་པའི་ཨཱ༵་ལཱི༵་ཀཱ༵་ལི༵་ཡི༵ན་པའི་ཕྱི༵ར་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུང༵ས་པ༵འི་གཡུ༵ང་དྲུ༵ང་སྐུ༵་དོ༵ན་ད༵མ་རྡོ༵་རྗེ༵འི་པ༵ད་མ༵་ཡི༵ན་པའི་ཕྱི༵ར་དང༵༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུང༵ས་པ༵འི་ཐེ༵ར་ཟུ༵ག་སྐུ༵་དོ༵ན་ད༵མ་པའི་རྡོ༵་རྗེ༵་ཟླ༵་བ་ཉི༵་མ་ཡི༵ན་པའི་ཕྱི༵ར་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུང༵ས་པ༵འི་ཆོ༵ས་ཉིད༵་ཀྱི་སྐུ༵་དོ༵ན་ད༵མ་པའི་རྡོ༵་རྗེ༵འི་ཁུ༵་བ་དང་རྡུ༵ལ་གཉིས་ཡི༵ན་པའི་ཕྱི༵ར་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུ༵ངས་པ༵འི་རྡོ༵་རྗེ༵འི་དབྱི༵ངས་དོ༵ན་ད༵མ་ཆ༵་མེ༵ད་ཀུ༵ན་འགྲོ༵་ཡི༵ན་པའི་ཕྱིར༵་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུ༵ངས་པ༵འི་སྔ༵གས་ཀྱི༵་དབྱི༵ངས་དོ༵ན་ད༵མ་པའི་རྣ༵མ་བ༵ཅུ་དབ༵ང་ལྡ༵ན་ཡི༵ན་པའི་ཕྱི༵ར་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུ༵ངས་པ༵འི་བ༵དེ་བ༵འི་དབྱིང༵ས་དོ༵ན་ད༵མ་ཀུན་རྫོབ་ཀྱི་ལུ༵ས་མེ༵ད་པའི་རྡོ༵་རྗེ༵་ཡི༵ན་པའི་ཕྱི༵ར་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་ད༵ང་མཚུང༵ས་པ༵འི་ད༵བུ་མ༵་ཆེ༵་བ༵་དོན༵་དམ༵་པའི་རྡོ༵་རྗེ༵འི་སྙི༵ང་པོ༵་ཡི༵ན་པའི་ཕྱི༵ར་ད༵ང༌། པྲ༵་ཕ༵བ་བརྒྱ༵ད་དང་མཚུང༵ས་པ༵འི་རྡོ༵་རྗེ༵་འ༵ཆང་དོ༵ན་ད༵མ་རྡོ༵་རྗེ༵་སེམ༵ས་དཔ༵འ་ལ༵་སོ༵གས་པ་ཡིན་པ་ད༵ང༌། དོ༵ན་ད༵མ་རྒྱ༵ལ་བ༵འི་ཡུ༵མ་གྱུ༵ར་ཤེ༵ར་ཕྱི༵ན་སོག༵ས་མདོར་ན། དོན་དམ་པའི་ཟ༵བ་མོ༵་མཐ༵ར་ཐུ༵ག་ཐམ༵ས་ཅ༵ད་ཡི༵ན་པའི་ཕྱི༵ར་ཏེ། འདི་ཉིད་ཀྱི་བསྡུས་དོན་འགྲེལ་བ་ལས། འཁོར་ལོ་བར་བའི་བརྗོད་བྱའི་གཙོ་བོ་ཡང་གཞན་སྟོང་ཟབ་མོ་དེ་བཞིན་ཉིད་ཡིན་ཞིང༌། དེ་ཡང་རང་སྟོང་བེམ་སྟོང་ཆད་སྟོང་མེད་དགག་ཡོངས་གཅོད་དུ་ཅི་ཡང་མ་གྲུབ་ཙམ་པ་དེ་འདྲ་གཏན་ནས་མ་ཡིན་གྱི། ཡོན་ཏན་དཔག་ཡས་ཚང་བ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དོན་དམ་པའི་ཨེ་ཝཾ་ཡེ་ཤེས་སྐུ་རང་བཞིན་འོད་གསལ། ཡུམ་ཆེན་མོ། རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཤེར་ཕྱིན་ཟབ་མོ་ལ་སོགས་པ་ཟབ་མོ་མཐར་ཐུག་ཐམས་ཅད་ཡིན་པར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ༵། །གོ་རམས་པས་ཀུན་མཁྱེན་ཇོ་ནང་བས་འཁོར་ལོ་བར་བས་བསྟན་བྱའི་སྟོང་ཉིད་ནི་ཅང་མེད་སྟོང་རྐྱང་ཉི་ཚེ་བའི་སྟོང་ཉིད་དུ་འདོད། ཅེས་བཤད་པ་དང༌། གུང་ཐང་བསྟན་པའི་སྒྲོན་མེའི་དྲང་ངེས་མཆན་འགྲེལ་ལས་འདིས་ཁོ་རང་གི་ལུགས་ཀྱི་གཞན་སྟོང་ཆེན་མོ་དེ་འཁོར་ལོ་ཐ་མར་གསུངས་ཡང་བར་བ་ཆད་སྟོང་མེད་དགག་ཙམ་གྱི་རང་སྟོང་ཞིག་ལས་མ་གསུངས་ལ་རང་སྟོང་དེ་སྟོང་ཉིད་དངོས་མ་ཡིན་པར་འདོད་པའི་ཕྱིར། ཞེས་གསུངས་པ་དང༌། སེ་ར་རྗེ་བཙུན་པའི་ཀར་ལན་ཀླུ་གྲུབ་དགོངས་རྒྱན་ལས། ཡུམ་རྒྱས་འབྲིང་བསྡུས་གསུམ་ལས་ཆད་སྟོང་མེད་དགག་ཙམ་ཞིག་བསྟན་གྱི་སྔར་བཤད་པའི་གཞན་སྟོང་ཆེན་མོ་བདེན་གྲུབ་དེ་མ་བསྟན་པར་བཞེད། ཅེས་དང༌། ཡང་དེ་ལས་སྟོང་ཉིད་ཡིན་ན་གཞན་སྟོང་ཆེན་མོ་ཡིན་པས་ཁྱབ་ཅེས་ཀུན་མཁྱེན་ཇོ་ནང་བ་དང༌། ཀརྨ་བའི་དེ་ལྟར་འདོད་ཅེས་བཀོད་འདུག་ཀྱང༌། ཇོ་ནང་རང་ལུགས་ལ་དེ་ལྟར་ཁས་མི་ལེན་ཏེ་གོང་དུ་བཤད་ཟིན་པའི་བཀའ་བསྡུ་བཞི་བ་ལས། ཆོས་འཁོར་གཉིས་པའི་དོན་ཡང་དེ་བཞིན་ཉིད། །ཡོན་ཏན་དཔག་ཡས་ཚང་བ་ཡིན་པའི་ཕྱིར། །མེད་དགག་མ་ཡིན་དེ་ཕྱིར་རང་སྟོང་དང༌། །ཅང་མེད་སྟོང་བ་ཆད་པའི་སྟོང་བ་མིན། །ཞེས་དང། འདི་ཉིད་ཀྱི་རང་འགྲེལ་ལས། ཆོས་འཁོར་གསུམ་པའི་དོན་གྱི་གཙོ་བོ་ཡང་དེ་བཞིན་ཉིད་ཡིན་པར་མ་ཟད་ཆོས་འཁོར་གཉིས་པའི་དོན་གྱི་གཙོ་བོ་ཡང་དེ་བཞིན་ཉིད་ཡིན་ལ། དེ་བཞིན་ཉིད་ཀྱང་དོན་དམ་འདུས་མ་བྱས་ཀྱི་སྟོབས་སོགས་ཡོན་ཏན་དཔག་ཡས་ཚང་བ་ཡིན་པའི་ཕྱིར། མེད་དགག་མ་ཡིན་དེ་ཕྱིར་རང་སྟོང་དང་ཅང་མེད་སྟོང་བ་ཆད་པའི་སྟོང་བ་མིན་ཞེས་དང༌། ཡང་བཀའ་བསྡུ་བཞི་བ་ལས། དེ་ཕྱིར་རྒྱལ་ཡུམ་རྒྱས་འབྲིང་བསྡུས་ལ་སོགས། །ཆོས་འཁོར་གཉིས་པའི་སྟོང་ཉིད་ཟབ་མོ་དང༌། །སྙིང་པོའི་མདོ་ལྔ་མདོ་བཅུ་ལ་སོགས་པ། །ཆོས་འཁོར་གསུམ་པའི་སྟོང་ཉིད་ཟབ་མོ་དང༌། རྒྱུད་སྡེ་རྣམ་བཞིའི་སྟོང་ཉིད་ཟབ་མོ་སྟེ། །མདོ་རྒྱུད་ཟབ་མོའི་སྟོང་ཉིད་ཟབ་མོ་ཀུན། །ཀུན་རྫོབ་མ་ཡིན་དོན་དམ་བདེན་པ་ཡིན། །ཞེས་དང༌། ཆོས་རྗེ་ཀུན་མཁྱེན་གྱི་འདི་ཉིད་ཀྱི་བསྡུས་འགྲེལ་ལས། །བཀའ་འཁོར་ལོ་ཐ་མ་གཉིས་དང༌། རྒྱུད་སྡེ་བཞིའི་བརྗོད་བྱའི་གཙོ་བོར་སྟོང་ཉིད་ཟབ་མོ་དེར་གཅིག་ཅིང་ཞེས་པ་ལ་སོགས་པའི་ལུང་རིགས་དུ་མས་གྲུབ་པ་དང༌། གཞན་ཡང་རང་སྟོང་དེ་སྟོང་ཉིད་དངོས་མ་ཡིན་པར་འདོད་ཟེར་བ་དང༌། སྟོང་ཉིད་ཡིན་ན་གཞན་སྟོང་ཡིན་པས་ཁྱབ་པ་འདོད་ཟེར་བ་གཉིས་མི་འཐད་དེ་ཇོ་ནང་རང་ལུགས་ལ་གོང་དུ་རྒྱས་པར་ལུང་རིགས་ཀྱི་སྒོ་ནས་བཤད་ཟིན་པ་ལྟར་གཞི་གྲུབ་ན་སྟོང་ཉིད་ཡིན་པས་ཁྱབ་པ་ཁས་བླངས་ནས། སྟོང་ཉིད་ལ་མེད་པའི་སྟོང་བ་ཉིད་དང༌། ཡོད་པའི་སྟོང་པ་ཉིད་དང༌། རང་བཞིན་སྟོང་བ་ཉིད་གསུམ་ཡོད་ཅིང༌། དེས་ན་སྟོང་ཉིད་ཡིན་ན་གཞན་སྟོང་ཡིན་པས་མ་ཁྱབ་པར་རང་བཞིན་སྟོང་ཉིད་ཡིན་ན་གཞན་སྟོང་ཡིན་པས་ཁྱབ་པ་བཞེད་དོ། །སྐབས་འདིར་ཁྱད་པར་འདི་ཤེས་པར་བྱ་དགོས་སྟེ། ཇོ་ནང་རང་ལུགས་ལ་འཁོར་ལོ་བར་བ་རུ་གཙོ་བོར་བསྟན་པའི་སྟོང་ཉིད་དེ་ཟབ་མོ་ཡིན་ཀྱང༌། དེང་སང་རང་སྟོང་བར་གྲགས་པ་རྣམས་ཀྱིས་འཁོར་ལོ་བར་བའི་དགོངས་པ་ཡིན་ཞེས་ཁས་བླངས་པའི་རང་སྟོང་ནི་ཅང་མེད་སྟོང་རྐྱང་མེད་དགག་ཙམ་ཡིན་པ་དང་དེ་འཁོར་ལོ་བར་བའི་དགོངས་དོན་མཐར་ཐུག་མ་ཡིན་པར་བཞེད་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཟབ་དོན་ཉེར་གཅིག་ལས། ཀུན་མཁྱེན་ཇོ་ནང་པ་ཆེན་པོ་ནི་ཐལ་རང་གི་ལྟ་བ་འདི་འཁོར་ལོ་བར་བ་དང་རིགས་ཚོགས་ཀྱི་དགོངས་པར་རློམ་པ་ཡིན་ཀྱང༌། དགོངས་པ་རྨ་མེད་པ་མ་ཡིན་ལ། རིགས་ཚོགས་དངོས་བསྟན་གྱི་ཚིག་ཕལ་ཆེར་ལ་འབྱོར་བ་ལྟར་སྣང་ཡང༌། མི་འབྱོར་བ་ཡང་མང་དུ་ཡོད་ལ། འཁོར་ལོ་བར་བའི་གཞུང་ཚིག་མང་པོས་གཞན་སྟོང་གསལ་བར་སྟོན་པས་འཁོར་ལོ་བར་བ་དང་རིགས་ཚོགས་ཀྱི་དངོས་བསྟན་སྒྲ་ཇི་བཞིན་པ་མ་ཡིན་ནོ། །དེ་ལ་འཁོར་ལོ་བར་བ་དང་རིགས་ཚོགས་ཀྱི་ཚིག་ཕལ་ཆེར་གྱི་དངོས་བསྟན་ནི་ཐལ་རང་དང་གཞན་སྟོང་གཉིས་ཀ་ལ་མི་འགལ་ཡང༌། རང་སྟོང་བར་གྲགས་པའི་ཐུན་མོང་མ་ཡིན་པའི་གྲུབ་མཐའི་ཁུངས་ལ་འདྲེན་པ་རྣམས་ནི། དེ་རྣམས་ཉིད་ལ་འཁྲུལ་གཞི་བྱུང་བ་ཡིན་གྱི་གྲུབ་མཐའ་དེ་དང༌། མི་སྟོན་ཅིང་དེ་ལས་གཞན་དེའི་ལུགས་དང་འགལ་ཞིང་གཞན་སྟོང་ཁོ་ན་སྟོན་པ་ཐུན་མོང་མ་ཡིན་པ་རྣམས་གསལ་ཞིང་རྒྱས་པར་འབྱུང་བ་ཡིན་ལ། ཐལ་རང་གི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་དེང་སང་རང་སྟོང་གི་ལྟ་བར་གྲགས་པ་དེ་མི་སྟོན་ཀྱང་རྒྱལ་བ་སྲས་བཅས་ཀྱི་དགོངས་པའི་རང་སྟོང་དེ་རྒྱས་པར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་འཁོར་ལོ་བར་བ་ངེས་དོན་གྱི་མདོ་ཡིན་པར་འགྱུར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ། འཁོར་ལོ་བར་བའི་སྒྲས་ཟིན་ཐམས་ཅད་སྒྲ་ཇི་བཞིན་པར་ཁས་བླངས་མི་རུང་བའི་ཕྱིར་ཏེ་རྒྱལ་བའི་ཡུམ་ལས། ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱིས་སྟོང་དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང་ཞེས་སོགས་ཀྱིས་རང་སྟོང་མ་ཡིན་པ་དག་རང་སྟོང་དུ་སྒྲས་ཟིན་དུ་སྟོན་པ་གང་ཞིག་དེ་སྒྲ་ཇི་བཞིན་དུ་ཁས་བླངས་མི་རུང་བའི་ཕྱིར་ཏེ། ཡུམ་མདོ་ལས་རང་སྟོང་མ་ཡིན་པ་དག་རང་སྟོང་དུ་སྒྲའི་ཟིན་ལ་གསུངས་བའི་མདོ་ཚིག་དག་དགོས་པ་དགོངས་གཞི་དངོས་སམ་སྒྲའི་ཟིན་ལ་གནོད་བྱེད་དང་གསུམ་གྱི་སྒོ་ནས་དྲང་དོན་དུ་བཀྲལ་བའི་ཚུལ་དབུ་མ་ཆེན་པོའི་གཞུང་རི་ཆོས་ངེས་དོན་རྒྱ་མཚོ་ལས་གསུངས་པ་འདི་ལྟ་སྟེ། ཇི་སྐད་དུ། གལ་ཏེ་འཁོར་ལོ་གཉིས་པར་ཤེར་ཕྱིན་སྟོན་པའི་ཕྱིར་ངེས་པའི་དོན་དང་བླ་ན་མེད་པ་ཡིན་པ་ལ་དེ་ལས་བཟློག་པར་བསྟན་པ་ཉིད་ཀྱི་ཕྱིར་ལུང་འདི་དྲང་དོན་དགོངས་པ་ཅན་ཡིན་ནོ་ཞེ་ན། འདི་ནི་ལེགས་པར་མ་བརྟགས་པའི་ཚིག་སྟེ་ཤེར་ཕྱིན་སྟོན་པའི་རྒྱུ་མཚན་གྱིས་དྲང་དོན་དང་བླ་ན་ཡོད་པ་ལ་སོགས་པར་སྟོན་པ་མ་ཡིན་གྱི་རང་སྟོང་མ་ཡིན་པ་རང་སྟོང་དུ་སྟོན་པ་ལ་སོགས་པའི་རྒྱུ་མཚན་གཞན་རྣམས་ཀྱིས་དེ་ལྟར་སྟོན་པའི་ཕྱིར་རོ། །མ་སྐྱེས་མ་འགགས༵་གཟོད་མ་ནས་ཞི་བ་ལ་སོགས་པ་དང༌། ཤེར་ཕྱིན་ནི་འཁོར་ལོ་གསུམ་པར་ཡང་སྟོན་ཅིང་རྡོ་རྗེ་ཐེག་པར་ཡང་སྟོན་ཏེ་མི་གསལ་བ་དང་རབ་ཏུ་གསལ་བ་སྟོན་པའི་རྒྱུ་མཚན་གྱིས་དེ་དག་གི་དོན་ལ་རྨོངས་པ་དང་མ་རྨོངས་པ་ལ་སོགས་པའི་ཁྱད་པར་ཆེ་བ་དང་ཤིན་ཏུ་ཆེ་བར་ཡང་ཡོད་དོ། །ཞེས་དང༌། གལ་ཏེ་ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་ལ་སོགས་པ་རང་སྟོང་མ་ཡིན་ན། རྒྱལ་བའི་ཡུམ་ལས་ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱིས་སྟོང༌། དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང༌། ཡང་དག་པའི་མཐའ་ནི་ཡང་དག་པའི་མཐས་སྟོང༌། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཀྱིས་སྟོང༌། ཞེས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་སྟེ་གང་སྟོང་པ་དེ་ནི་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཏེ་སྐྱེ་བ་མེད་དོ། །ཞེས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཤིན་ཏུ་མེད་ན་དེ་ལ་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད། ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་དགོངས་པ་གང་ཞེ་ན། དེ་ནི་དྲང་བའི་དོན་དུ་དགོངས་ནས་གསུངས་པ་སྟེ། དགོངས་པ་ངེས་པར་འགྲེལ་བའི་མདོར་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་ཉིད་དང༌། འགག་པ་མ་མཆིས་པ་ཉིད་དང༌། གཟོད་མ་ནས་ཞི་བ་ཉིད་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ཏེ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་ཚུལ་གྱིས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་སོ་ཞེས་གསུངས་བའི་ཕྱིར་རོ། །དེ་བཞིན་དུ། འཁོར་ལོ་བར་བའི་གཞུང་གཞན་དང་གཞན་དུ་ཡང༌། རང་སྟོང་མ་ཡིན་པ་ལ་རང་སྟོང་དུ་གསུངས་པ་ཐམས་ཅད་དྲང་དོན་དགོངས་པ་ཅན་ཉིད་དུ་ཁོང་དུ་ཆུད་པར་བྱ་སྟེ། ལེགས་པར་རྣམ་པར་ཕྱེ་བའི་མན་ངག་ཐུན་མོང་མ་ཡིན་པའི་སྒྲོན་མེ་ལ་བརྟེན་ནས་སོ། །འདིར་དེ་ལྟར་དགོངས་ཏེ་གསུངས་པའི་དགོས་པ་ནི་ཆོས་ཀྱི་དབྱིངས་ལ་སོགས་པ་དེ་དང་དེར་འཛིན་པ་དང་འདུ་ཤེས་པ་དང་རྣམ་པར་རྟོག་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་རོ། །དེ་ངེས་དོན་ཡིན་པ་ལ་གནོད་བྱེད་ནི། ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ལ་སོགས་པ་གང་ཡིན་པ་དེ་རྣམས་ཉིད་མཐར་ཐུག་གི་སངས་རྒྱས་སྐུ་བཞི་དང་ཡེ་ཤེས་ལྔ་དང་ཨེ་ཡིག་དང་བྷ་ག་དང་ཆོས་འབྱུང་དང་ཆུ་སྐྱེས་དང་གསང་བ་དང་གསང་ཆེན་དང་ཨ་ཡིག་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་སྣ་ཚོགས་ཡུམ་དང་རྡོ་རྗེ་ཕག་མོ་ལ་སོགས་པ་དང༌། ཝཾ་ཡིག་དང་བདེ་བ་ཆེན་པོ་དང་ཐིག་ལེ་དང་རྡོ་རྗེ་དང་ཧེ་རུ་ཀ་དང་དེ་ཁོ་ན་ཉིད་དང་རང་བྱུང་གི་སངས་རྒྱས་ལ་སོགས་པ་དང༌། རྡོ་རྗེ་འཆང་དང་རྡོ་རྗེ་སེམས་དཔའ་དང་ཨེ་ཝཾ་ཡི་གེ་དང་དུས་ཀྱི་འཁོར་ལོ་དང་རྡོ་རྗེ་འཇིགས་བྱེད་དང་རྡོ་རྗེ་དབང་ཕྱུག་དང་འཁོར་ལོ་སྡོམ་པ་དང་གསང་བ་འདུས་པ་དང་ཀྱེའི་རྡོ་རྗེ་ལ་སོགས་པ་དོན་དམ་པའི་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་ཐམས་ཅད་ཡིན་པར་གསུངས་ཤིང་དེ་རྣམས་ཉིད་ཀྱང་ཆོས་ཉིད་དེ་བཞིན་ཉིད་ལ་སོགས་པ་ཡིན་པར་གསུངས་པའི་ཕྱིར་དང༌། དེ་རྣམས་རང་སྟོང་མ་ཡིན་པའི་ཡོན་ཏན་གྱི་ཆོས་སྟོབས་དང་མི་འཇིགས་པ་ལ་སོགས་པ་མཐའ་ཡས་པའི་བདག་ཉིད་དུ་གསུངས་པའི་ཕྱིར་རོ། །འདིར་དགོངས་གཞི་ནི་ཆོས་ཀྱི་དབྱིངས་ལ་སོགས་པ་དེ་རྣམས་སུ་འཛིན་པ་དང༌། དེ་རྣམས་ཀྱི་ཁྱབ་པའི་ཆོས་ཅན་ཀུན་རྫོབ་ཐམས་ཅད་རང་སྟོང་ཡིན་པ་ལ་དགོངས་ནས་དེ་སྐད་གསུངས་པ་སྟེ། གཟུགས་སོགས་ཆོས་ཐམས་ཅད་ལ་ཚན་པ་གསུམ་དུ་གསུངས་པ་ལས་རང་སྟོང་དུ་གསུངས་པ་རྣམས་ཀུན་བརྟགས་གཞན་དབང་གི་གཟུགས་སོགས་ལ་དགོངས་པའི་ཕྱིར་རོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ་ཞེས་གསུངས་པ་གང་ཡིན་པ་དེ་ཡང་སྔ་མ་བཞིན་དུ་དྲང་དོན་དགོངས་པ་ཅན་ཡིན་ཏེ། ཆོས་དབྱིངས་དེ་བཞིན་ཉིད་མེད་པ་མ་ཡིན་ཡང༌། དེ་ལ་གློ་བུར་བའི་ཆོས་རྣམས་དབྱེར་མེད་དུ་མེད་པ་ལ་དགོངས་ནས་དེ་སྐད་གསུངས་ཏེ། དེ་དང་དེར་འདུ་ཤེས་པ་དང་རྣམ་པར་རྟོག་པ་ཞི་བར་བྱ་བའི་དོན་དུའོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་ངོ་བོ་ཉིད་མེད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ་ཞེས་གསུངས་པ་ཡང༌། ཆོས་དབྱིངས་དེ་བཞིན་ཉིད་རང་གི་ངོ་བོ་མེད་པ་ལ་དགོངས་པ་མ་ཡིན་གྱི་གཞན་གློ་བུར་བའི་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ལ་དགོངས་ནས་དེ་སྐད་གསུངས་ཏེ། འདིར་ཡང་དགོས་པ་ནི་སྔ་མ་བཞིན་ནོ། །དེ་དག་ངེས་དོན་ཡིན་པ་ལ་གནོད་བྱེད་ནི། རྒྱལ་བའི་ཡུམ་ཉིད་ལས་ཀྱང༌། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་དེ་དག་གི་དེ་བཞིན་ཉིད་དང༌།

མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དང༌། ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང་ཆོས་ཀྱི་གནས་ཉིད་དང་ཆོས་སྐྱོན་མེད་པ་ཉིད་དང་ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་དེ་བཞིན་དུ་གནས་ཏེ་དེ་ལ་བདག་ཀྱང་མེད། སེམས་ཅན་དང་སྲོག་དང་འགྲོ་བ་དང་གསོ་བ་དང་སྐྱེས་བུ་དང་གང་ཟག་དང་ཤེད་ཅན་དང་ཤེད་བདག་དང་བྱེད་པ་པོ་དང་ཚོར་བ་པོ་དང་ཤེས་པ་པོ་དང་མཐོང་བ་པོ་ཡང་མེད་ན། དེ་ལ་གཟུགས་ལྟ་ག་ལ་ཡོད་ཅེས་པ་ནས། རྒ་ཤའི་བར་དུ་ལྟ་ག་ལ་ཡོད། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ལྟ་ག་ལ་ཡོད་དེ། ཆོས་དེ་དག་མེད་ན་འགྲོ་བ་ལྔའི་འཁོར་བ་གང་ནས་སེམས་ཅན་རྣམས་དགྲོལ་བར་བྱ་བ་དེ་ལྟ་བུ་དག་ལྟ་ག་ལ་ཡོད། ཅེས་པ་དང༌། དཀོན་མཆོག་བརྩེགས་པར་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་ཡང༌། གཞན་ཡང་ཐམས་ཅད་དུ་སོང་བའི་སྟོང་བ་ཉིད་ནི་ཡོད་དོ། །འདི་ན་བདག་དང་སེམས་ཅན་དང་སྲོག་དང་སྐྱེས་བུ་དང་གང་ཟག་གོ་ཞེས་བྱ་བ་དེ་ནི་མེད་དོ། །ཞེས་གསུངས་པའོ། །འདིས་སྟོང་གཞི་དེ་བཞིན་ཉིད་ནི་ནམ་ཡང་མེད་པ་མ་ཡིན་པ་དང་དེ་ལ་ཀུན་བརྟགས་གཞན་དབང་གི་ཆོས་རྣམས་གདོད་ནས་མེད་པའི་ཕྱིར་དེ་རྣམས་ཀྱིས་སྟོང་བར་བསྟན་ཏེ། དེས་ན་གཞན་སྟོང་ངོ༌། །ཚུལ་འདིས་ནི། ཡུམ་ཉིད་ལས། དེ་ལ་གཞན་གྱི་དངོས་པོ་སྟོང་བ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་རྣམས་མ་བྱུང་ཡང་རུང་སྟེ་ཆོས་ཀྱི་གནས་ཉིད་དང་ཆོས་ཉིད་དང་ཆོས་ཀྱི་དབྱིངས་ཉིད་དང་ཆོས་སྐྱོན་མེད་པ་ཉིད་དང་དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ནི་དེ་བཞིན་དུ་གནས་པ་སྟེ། དེ་ལྟར་ཆོས་དེ་དག་གི་གཞན་གྱི་དངོས་པོ་སྟོང་པ་གང་ཡིན་པ་དེ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱ། ཞེས་དང༌། དེའི་འགྲེལ་བར་ཡང༌། དེ་དག་ལ་ཕུང་པོ་ལ་སོགས་པ་ཆོས་གཞན་རྣམས་ཀྱི་དངོས་པོ་མེད་པ་དེ་ཉིད་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱའོ་ཞེས་གསུངས་པ་ཡང་ལེགས་པར་བཤད་པ་ཡིན་ཏེ། དེ་ལྟར་ཆོས་ཉིད་དེ་བཞིན་ཉིད་ཀྱི་སྟོང་ལུགས་ནི་རང་གིས་མི་སྟོང་ལ་ཆོས་གཞན་གྱིས་སྟོང་པའི་གཞིར་གྱུར་པའོ། །འདིར་ཆོས་ཀྱི་གནས་ཉིད་ལ་སོགས་པ་རྣམ་གྲངས་མང་པོ་ཅན་ཡང་དག་པའི་མཐའ་ནི་སངས་རྒྱས་གཟུགས་ཀྱི་སྐུ་འཇིག་རྟེན་ཏུ་བྱོན་རུང་མ་བྱོན་རུང༌། གང་ཟག་རྣམས་ཀྱིས་རྟོགས་རུང་མ་རྟོགས་རུང་མཐོང་རུང་མ་མཐོང་རུང་ནམ་ཡང་གཞོམ་དུ་མེད་ཅིང་སྤང་དུ་མི་རུང་བར་དེ་བཞིན་ཉིད་དུ་འགྱུར་བ་མེད་ཅིང་སྔ་ཕྱི་ཁྱད་པར་མེད་པར་རྟག་ཏུ་ཆ་མེད་ཀུན་འགྲོ་ཀུན་ཁྱབ་ཏུ་བཞུགས་པ་སྟེ་དེ་ནི་རང་གི་ངོ་བོས་མི་སྟོང་བའི་དོན་ཡིན་ནོ། །དེ་ལ་གཞན་གྱི་དངོས་པོ་རྣམས་ཀྱིས་སྟོང་པ་ནི། བདག་དང་སེམས་ཅན་དང་སྲོག་དང་འགྲོ་བ་དང་གསོ་བ་དང་སྐྱེས་བུ་ལ་སོགས་པ་ཀུན་བརྟགས་ཀྱི་ཆོས་རྣམས་ཀྱིས་སྟོང་ཞིང་གཞན་དབང་གི་གཟུགས་ལ་སོགས་ཀུན་རྫོབ་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་དང༌། འགྲོ་བ་ལྔའི་འཁོར་བར་འཁོར་བའི་སེམས་ཅན་རྣམས་ཀྱིས་ཀྱང་གདོད་ནས་སྟོང་པ་ནི་གཞན་གྱི་དངོས་པོ་རྣམས་ཀྱིས་སྟོང་པའི་དོན་ཡིན་ལ། གང་ཞིག་གང་ན་མེད་པ་དེ་དེས་སྟོང་པ་དང་སྟོང་པའི་ལྷག་མའམ་གཞི་གང་ཡིན་པ་དེ་ནམ་ཡང་ཡོད་པའི་དོན་ཡང་དེ་ཡིན་ནོ། །ཚུལ་འདི་ནི། ཡུམ་ཉིད་ལས། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་དང༌། བསམ་གྱི་མི་ཁྱབ་པའི་དབྱིངས་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་ཀྱི་མཐར་མི་དམིགས་སོ། །ཞེས་གསུངས་པའི་སྟོང་ཚུལ་ཡང་ལེགས་པར་བཤད་པ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་དབེན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ་ཞེས་གསུངས་པ་ལ་ཡང༌། རང་གིས་དབེན་པ་མ་ཡིན་ཡང་གཞན་གྱིས་དབེན་པའི་ཚུལ་ཁོང་དུ་ཆུད་པར་བྱ་ཞིང༌། མ་གྲུབ་པ་དང་དག་པ་དང་རྣམ་པར་དག་པ་དང་ཡོངས་སུ་དག་པ་དང་འགག་པ་དང་འགོག་པ་དང་ཟད་པ་དང་བྲལ་བ་དང་རྣམ་པར་བྲལ་བ་དང་རྣམ་པར་བྱང་བ་དང་སྤངས་པ་ཞེས་པ་ལ་སོགས་པའི་སྐབས་མང་པོར་ཡང་ལེགས་པར་བཤད་པའི་མན་ངག་གི་གནད་ཟབ་མོ་ཐུན་མོང་མ་ཡིན་པ་འདི་ཡང་དང་ཡང་དུ་དྲན་པར་བྱས་ནས་རང་གི་དངོས་པོ་སྟོང་པ་ཉིད་དང༌། གཞན་གྱི་དངོས་པོ་སྟོང་པ་ཉིད་ཀྱི་དོན་དང༌། སྟོང་པའི་སྟོང་པ་ཉིད་དང་མི་སྟོང་པའི་སྟོང་པ་ཉིད་ཀྱི་དོན་དང༌། དངོས་པོ་མེད་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་བ་ཉིད་ཀྱི་དོན། དགག་བྱའི་ཆོས་ཀྱིས་སྟོང་ཙམ་དང༌། སྟོང་པའི་གཞི་ཆོས་ཉིད་དེ་བཞིན་ཉིད་ལ་སོགས་པ་རྣམས་གྲངས་མང་པོ་ཅན་གྱི་སྟོང་པ་ཉིད་ལེགས་པར་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་ཐམས་ཅད་ཤེས་པ་ཉིད་ནི་ཐམས་ཅད་ཤེས་པ་ཉིད་ཀྱིས་སྟོང༌། ལམ་གྱི་རྣམ་པར་ཤེས་པ་ཉིད་ནི་ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱིས་སྟོང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང༌། །ཞེས་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང་སོ་སོར་ཡང་དག་པར་རིག་པ་བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤིན་ཏུ་མེད་ཅིང་མི་དམིགས་ན་དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཅེས་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་མེད་ཅིང་མི་དམིགས་ན་དེ་མངོན་པར་འགྲུབ་པར་འགྱུར་བ་ལྟ་ག་ལ་ཡོད། ཅེས་དང༌། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་མི་འཇིགས་པ་རྣམས་དང་སོ་སོར་ཡང་དག་པར་རིག་པ་རྣམས་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། སྟོང་བ་ཉིད་ལ་འཕགས་པའི་བདེན་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་མེད། བྱང་ཆུབ་སེམས་དཔའ་མེད་དོ། །ཞེས་སོགས་དང༌། ཐམས་ཅད་མཁྱེན་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ། །ཐམས་ཅད་མཁྱེན་པ་སྟོང་པ་ཉིད་དང་དབེན་པ་དང་ངོ་བོ་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ་ཞེས་སོགས་རྣམས་ལ་ཡང་རང་སྟོང་དངོས་པོ་མེད་པ་སྟོང་པ་ཉིད་དང༌། གཞན་སྟོང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཚུལ་ལེགས་པར་རྟོགས་དགོས་སོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་དང༌། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སྟོབས་དང་མི་འཇིགས་པ་དང་སོ་སོར་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་སངས་རྒྱས་དང་བྱང་ཆུབ་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ལ་བདེན་པ་གཉིས་ཀྱི་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་རོ། །དེ་ལ་དོན་དམ་པའི་སྟོབས་བཅུ་ལ་སོགས་པ་ནི་སྟོང་གཞི་ཆོས་ཉིད་འདུས་མ་བྱས་ཀྱི་དབྱིངས་ཉིད་ཡིན་པའི་ཕྱིར་མཐར་ཐུག་འགོག་པའི་བདེན་པའོ། །ཀུན་རྫོབ་ཀྱི་སྟོབས་བཅུ་ལ་སོགས་པ་ནི་འདུས་བྱས་མི་རྟག་པ་ལམ་གྱི་བདེན་པར་གཏོགས་པ་ཡིན་པའི་ཕྱིར་རང་སྟོང་ངོ་ཞེས་པ་དོན་ལ་གནས་པའོ། །དེ་ལྟ་བས་ན་རང་སྟོང་དུ་གནས་པ་རྣམས་རང་སྟོང་དུ་སྟོན་པ་ལ་ནི་འགལ་བ་ཅུང་ཟད་ཀྱང་མེད་ཅིང་རང་སྟོང་མ་ཡིན་པ་ལ་རང་སྟོང་དུ་གསུངས་པ་ཇི་སྙེད་ཡོད་པ་རྣམས་ནི་སྔར་བསྟན་པ་བཞིན་དུ་དྲང་དོན་དགོངས་པ་ཅན་ཉིད་དུ་རིག་པར་བྱའོ། །འདི་ལ་དགོངས་ནས་འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོར་ཡང༌། བཅོན་ལྡན་འདས་ཐེག་པ་ཆེན་པོ་ལ་ཡང་སྟོང་པ་ཉིད་ཀྱི་དོན་སྟོན་པའི་མདོ་མང་དུ་མཆིས་ལགས་སོ། །བཅོན་ལྡན་འདས་ཀྱིས་བཀའ་སྩལ་པ་སྟོང་པ་ཉིད་སྟོན་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་དགོངས་པ་ཅན་དུ་རིག་པར་བྱ་ལ། བླ་ན་མེད་པའི་མདོ་འདི་ལྟ་བུ་འདི་དག་ནི་དགོངས་པ་ཅན་མ་ཡིན་པར་རིག་པར་བྱའོ། །ཞེས་པ་ལ་སོགས་པ་གསུངསསོ། །དེ་ལ་འདུས་བྱས་མི་རྟག་པར་གཏོགས་པ་ནི། ཡུམ་ཆེན་མོར། རབ་འབྱོར་འདུས་བྱས་ཀྱིས་ཆོས་ཞེས་བྱ་བ་ནི་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་དང༌། གཞན་ཡང་དེ་མ་ཡིན་པའི་འདུས་བྱས་ཀྱི་ཁམས་སུ་གཏོགས་པའི་ཆོས་རྣམས་དང་དྲན་པ་ཉེ་བར་བཞག་པ་བཞི་དང་ཡང་དག་པར་སྤོང་བ་བཞི་དང་རྫུ་འཕྲུལ་གྱི་རྐང་བ་བཞི་དང་དབང་པོ་ལྔ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་དང༌། འཕགས་པའི་བདེན་པ་བཞི་དང༌། བསམ་གཏན་བཞི་དང༌། ཚད་མེད་པ་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང༌། རྣམ་པར་ཐར་པ་བརྒྱད་དང༌། མཐར་གྱི་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང་སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་ལྔ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། སྟོང་པ་ཉིད་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་དང༌། གཟུངས་ཀྱི་སྒོ་ཐམས་ཅད་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོར་ཡང་དག་པར་རིག་པ་བཞི་དང༌། བྱམས་པ་ཆེན་པོ་དང༌། སྙིང་རྗེ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དག་སྟེ། དེ་དག་ནི་འདུས་བྱས་ཀྱི་ཆོས་ཞེས་བྱའོ་ཞེས་གསུངས་ཏེ། འདིར་འདུས་བྱས་ཀྱི་དྲན་པ་ཉེར་བཞག་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ནི་ལམ་གྱི་བདེན་པར་གཏོགས་པའི་ཕྱིར་རང་སྟོང་ངོ༌། །དེ་བཞིན་དུ་དཀོན་མཆོག་བརྩེགས་པའི་ཡབ་སྲས་མཇལ་བའི་མདོར་ཡང༌། སངས་རྒྱས་བརྡའ་ཙམ་ཉིད་ལགས་ཏེ། །དེ་བཞིན་སྟོབས་དང་ཡེ་ཤེས་དང༌། །མི་འཇིགས་བཞི་ཡང་དེ་བཞིན་དུ། །ཀུན་རྫོབ་ཅེས་ནི་ཐུབ་པས་གསུངས། །ཞེས་དང༌། ཡུམ་ལས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་རྟག་པ་སྟེ། གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུུ་མི་རྟག་པ་སྟེ་གང་དང་ཡང་བྲལ་བའི་མ་ཡིན་ནོ། །ཞེས་སོགས་དང༌། སྦྱིན་པའི་ཕར་ཕྱིན་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་དེ་དག་ནི་ཐམས་ཅད་ཀྱང་འདུས་བྱས་པ་མངོན་པར་འདུས་བྱས་པ་སྟེ་འདུས་བྱས་པ་དང་མངོན་པར་འདུས་བྱས་པའི་ཆོས་ཀྱི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་ནུས་སོ། །རབ་འབྱོར་འོན་ཀྱང་ཆོས་དེ་དག་ནི་ཐམས་ཅད་ཀྱང་ལམ་སྒྲུབ་པ་དང༌། ལམ་བསྐྱེད་པའི་རྒྱུར་འགྱུར་བ་སྟེ། འབྲས་བུ་ཐོབ་པའི་ཕྱིར་ནི་མ་ཡིན་ནོ། །ཞེས་གསུངས་སོ། །འདི་ལ་དོན་དམ་འདུས་མ་བྱས་འགོག་པའི་བདེན་པས་བསྡུས་པའི་སྟོབས་བཅུ་ལ་སོགས་པ་ནི། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཞལ་སྔ་ནས། ཕྱག་རྒྱ་ཆེན་པོ་ནི་རང་བཞིན་མེད་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སངས་རྒྱས་ཐམས་ཅད་བསྐྱེད་པར་མཛད་པའོ། །ཆོས་འབྱུང་གི་སྒྲས་ཀྱང་དེ་བརྗོད་དེ། ཆོས་འབྱུང་གང་ལས་རང་བཞིན་མེད་པའི་ཆོས་ཐམས་ཅད་འབྱུང་བར་འགྱུར་བའོ། །རང་བཞིན་མེད་པའི་ཆོས་རྣམས་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རྣམས་སོ། །དེ་རྣམས་འབྱུང་བར་འགྱུར་བ་ནི་ཆོས་འབྱུང་སྟེ་སངས་རྒྱས་ཀྱི་ཞིང་ངོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཏེ་བདེ་བའི་གནས་དང་སྐྱེ་བའི་གནས་སོ། །གང་ལས་ཁྲག་དང་གཅི་བ་དང་ཁུ་བ་རྣམས་འབྱུང་བ་དེ་ནི་ཆོས་འབྱུང་མ་ཡིན་ནོ། །འདིར་འཁོར་བ་པ་རྣམས་ཀྱི་ཆགས་པ་དང་ཆགས་བྲལ་གྱི་ཞིང་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མ་ཡིན་ནོ། །དེའི་ཕྱིར་ཆོས་འབྱུང་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་སྣ་ཚོགས་ཡུམ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས་འཁྱུད་པ་དུས་ཐམས་ཅད་དུ་སྒྲུབ་པ་ཐམས་ཅད་དང་བྲལ་བའོ་ཞེས་སོགས་དང༌། རྒྱལ་བ་བྱམས་པའི་ཞལ་སྔ་ནས་ཀྱང༌། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །ཞེས་ཆོས་སྐུ་འདུས་མ་བྱས་ཀྱི་ཡོན་ཏན་ཐམས་ཅད་གློ་བུར་དྲི་མ་བྲལ་བ་ཙམ་གྱིས་ཐོབ་པའི་ཕྱིར་བྲལ་བའི་ཡོན་ཏན་ཏེ་འདིར་སུམ་ཅུ་རྩ་གཉིས་ནི་གཙོ་བོ་བསྡུས་པའོ། །རྣམ་པའི་རབ་ཏུ་དབྱེ་བ་རྒྱས་པར་ནི་བགྲང་བ་ལས་འདས་ཤིང་མཐའ་ཡས་པར་གསུངས་ཏེ། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གང་གཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་དང༌། རྣམ་དབྱེ་མེད་པའི་མཚན་ཉིད་ཅན། བླ་མེད་ཆོས་ཀྱི་སྟོང་མ་ཡིན། །ཞེས་དང། དེའི་འགྲེལ་བར་ཡང༌། དེས་ན་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེར་ཡོད་པ། བྲལ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་ནི་སྟོང་པ་ཡིན་ལ། རྣམ་པར་དབྱེར་མེད་པ་བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པའི་ནི་མི་སྟོང་ངོ༌། །ཞེས་དཔལ་ཕྲེང་གི་མདོ་དྲངས་ཤིང་རྣམ་པར་དབྱེ་བ་མེད་ཆོས་ཕྱིར་ཞེས་པའི་འགྲེལ་བར་ཡང༌། དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི་གཅིག་ཏུ་ཀུན་ནས་ཉོན་མོངས་པའི་སོ་སོ་སྐྱེ་བོའི་ས་ལ་ཡང་རྣམ་པར་དབྱེར་མེད་པར། ཆོས་ཉིད་སྔ་ཕྱི་ཁྱད་པར་མེད་པར་ཡོད་པའི་ཕྱིར་གནས་འདི་བསམ་གྱིས་མི་ཁྱབ་སྟེ། ཞེས་དབུ་མ་པ་ཆེན་པོ་འཕགས་པ་ཐོགས་མེད་ཞབས་ཀྱི་ཞལ་སྔ་ནས་གསུངས་སོ། །དེ་ལྟར་ཆོས་འབྱུང་ཕྱག་རྒྱ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྣ་ཚོགས་ཡུམ། ཆོས་དབྱིངས་དེ་བཞིན་ཉིད་དང་དབྱེར་མེད་ཅིང་འབྲལ་མི་ཤེས་ལ། རང་བཞིན་མེད་པའི་སྟོབས་བཅུ་ལ་སོགས་པ་དོན་དམ་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངམ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོསགང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་ནི་ཆོས་ཉིད་འདུས་མ་བྱས་ཡང་དག་པའི་མཐའི་ཡོན་ཏན་ཡིན་པའི་ཕྱིར། རང་སྟོང་མ་ཡིན་གྱི། སྟོང་གཞི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་གཞན་གྱི་དངོས་པོ་སྟོང་པ་ཉིད་དང་མི་སྟོང་བའི་སྟོང་བ་ཉིད་དོ། །ཡུམ་ཆེན་མོར་ཡང༌། རབ་འབྱོར་འདུས་མ་བྱས་ཀྱི་ཆོས་ཞེས་བྱ་བ་ནི། གང་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་པ་དང༌། གནས་པ་ལས་གཞན་དུ་འགྱུར་བ་མེད་པ་སྟེ་འདོད་ཆགས་ཟད་པ། ཞེ་སྡང་ཟད་པ། གཏི་མུག་ཟད་པ། དེ་བཞིན་ཉིད་མ་ནོར་བ་དེ་བཞིན་ཉིད། གཞན་མ་ཡིན་པ་དེ་བཞིན་ཉིད། ཆོས་ཉིད། ཆོས་ཀྱི་དབྱིངས་ཆོས་སྐྱོན་མེད་པ་ཉིད་བསམ་གྱིས་མི་ཁྱབ་པའི་དབྱིངས་ཡང་དག་པའི་མཐའ་སྟེ་རབ་འབྱོར་དེ་དག་ནི་འདུས་མ་བྱས་ཀྱི་ཆོས་ཞེས་བྱའོ། །ཞེས་དང་ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་གཞན་ཡང་ཆོས་ཐམས་ཅད་ནི་དགེ་བ། ཆོས་ཐམས་ཅད་ནི་ཁ་ན་མ་ཐོ་བ་མེད་པ། ཆོས་ཐམས་ཅད་ནི་ཟག་པ་མེད་པ། ཆོས་ཐམས་ཅད་ནི་ཉོན་མོངས་པ་མེད་པ། ཆོས་ཐམས་ཅད་ནི་རྣམ་པར་བྱང་བ། ཆོས་ཐམས་ཅད་ནི་འཇིག་རྟེན་དཔེ་ལས་འདས་པ། ཆོས་ཐམས་ཅད་ནི་འདུས་མ་བྱས་པ་སྟེ། གང་དང་ཡང་བྲལ་བའི་མ་ཡིན་ནོ་ཞེས་པས། རང་བཞིན་གྱིས་འཇིག་རྟེན་ལས་འདས་ཤིང་རྣམ་པར་བྱང་བ། དོན་དམ་པའི་དགེ་བ། འདུས་མ་བྱས་པའི་ཡོན་ཏན་གྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་ཞེས་གང་གསུངས་པ་དེ་དག་ཁོང་དུ་ཆུད་པར་བྱའི་འདི་དག་ཀུན་རྫོབ་ཀྱི་ཆོས་ནི་མ་ཡིན་ནོ། །དེ་བཞིན་དུ་དཀོན་མཆོག་བརྩེགས་པར། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པའི་མདོར་ཡང༌། དགེ་སློང་དག་མ་སྐྱེས་པ་དང༌། མ་བྱུང་བ་དང༌། མ་བྱས་པ་དང༌། མངོན་པར་འདུས་མ་བྱས་པ་དང༌། མངོན་པར་འདུ་མི་བྱེད་པ་ནི་ཡོད་དེ། དགེ་སློང་དག །མ་སྐྱེས་པ་དང༌། མ་བྱུང་བ་དང༌། མ་བྱས་པ་དང༌། མངོན་པར་འདུས་མ་བྱས་པ་དང༌། མངོན་པར་འདུ་མི་བྱེད་པ་ནི་མེད་པ་མ་ཡིན་ནོ། །ཞེས་པ་ལ་སོགས་པའི་དོན་ཡང་སྔར་བཤད་པ་དེ་དག་ཉིད་ཀྱིས་ལེགས་པར་བཤད་པ་ཡིན་ནོ། །དེ་ལྟར་རང་བཞིན་མེད་པའི་སྟོབས་བཅུ་ལ་སོགས་པ་དོན་དམ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་སོགས་པ་རང་བཞིན་གྱིས་ལྷུན་གྲུབ་ཏུ་ཚང་པའི་བདག་ཉིད་ཆོས་ཉིད་ཀྱི་གཟུགས་སོགས་ནི་གློ་བུར་དྲི་མའི་གཟུགས་སོགས་འགགས་པས་ཐོབ་པར་གསུངས་ཏེ། མྱ་ངན་འདས་ཆེན་དུ། བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་དི་ནྱ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །གཟུགས་ནི་མི་རྟག་པ་སྟེ་གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བ་རྟག་ཏུ་གནས་པའི་གཟུགས་ཐོབ་པར་འགྱུར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་མི་རྟག་པ་སྟེ་རྣམ་པར་ཤེས་པ་འགགས་་པའི་རྐྱེན་གྱིས་རྣམ་པར་གྲོལ་བ་རྟག་ཏུ་གནས་པའི་རྣམ་པར་ཤེས་པ་ཐོབ་པར་འགྱུར་རོ། །ཀོའུ་དི་ནྱ་གཟུགས་ནི་སྡུག་བསྔལ་བ་སྟེ། གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་བདེ་བ་ཐོབ་པར་འགྱུར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་སྟོང་བའོ། །སྟོང་བའི་གཟུགས་འགགས་པའི་རྐྱེན་གྱིས་སྟོང་བ་མ་ཡིན་པའི་གཟུགས་ཀྱི་རྣམ་པར་གྲོལ་བ་ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའི་དི་ནྱ་གཟུགས་ནི་བདག་མེད་པའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་ཡང་དག་པའི་བདག་ཐོབ་པར་འགྱུར་ཏེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་ཡོངས་སུ་མ་དག་པའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་ཡོངས་སུ་དག་པ་ཐོབ་པར་འགྱུར་ཏེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་མ་ཡིན་པ་འཐོབ་པར་འགྱུར་ཏེ།

ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་མ་རིག་པའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་མ་རིག་པ་མ་ཡིན་པ་འཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་སྐྱེ་བའི་རྒྱུར་འགྱུར་རོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་སྐྱེ་བ་མ་ཡིན་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་ཕྱིན་ཅི་ལོག་བཞིའི་རྒྱུར་འགྱུར་རོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་ཕྱིན་ཅི་ལོག་གི་རྒྱུ་མ་ཡིན་པ་འཐོབ་པར་གྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་མི་དགེ་བའི་ཆོས་ཚད་མེད་པའི་རྒྱུ་ཡིན་ནོ། །འདི་ལྟ་སྟེ་ཕོ་དང་མོ་ལ་སོགས་པའི་ལུས་དང་ཟས་ལ་འདོད་པ་དང༌། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་སེར་སྣ་དང་ཕྲག་དོག་དང་མི་དགེ་བའི་སེམས་དང་འཇུངས་བའི་སེམས་དང་བཅངས་བའི་ཟས་དང་རྣམ་པར་ཤེས་པའི་ཟས་དང་བསམ་པའི་ཟས་དང་རེག་པའི་ཟས་དང༌། སྒོ་ང་ལས་སྐྱེས་པ་དང་མངལ་ནས་སྐྱེས་པ་དང་དྲོད་གཤེར་ལས་སྐྱེས་པ་དང་བརྫུས་ཏེ་སྐྱེས་པ་དང༌། འདོད་པ་ལྔ་དང་སྒྲིབ་པ་ལྔ་ལ་སོགས་པའི་ཆོས་ནི་གཟུགས་ལས་གྱུར་ཏོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་ཉེས་པའི་སྐྱོན་ཚད་མེད་པ་དེ་སྙེད་མེད་པའི་ལུས་ཐོབ་པར་འགྱུར་ཏེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་འཆིང་བས་རྣམ་པར་བཅིངས་པའོ། །འཆིང་བའི་གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་བཅིངས་པ་མེད་པ་ཐོབ་པར་འགྱུར་ཏེ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་རྒྱུན་མི་འཆད་པའི་རྒྱུ་ཡིན་ནོ། །རྒྱུན་གྱི་གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་རྒྱུན་མ་ཡིན་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་སྐྱབས་སུ་འགྲོ་བའི་རྒྱུ་མ་ཡིན་ནོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་སྐྱབས་སུ་འགྲོ་བ་ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་ཏུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་རྨ་ལྟ་བུའོ། །གཟུགས་འགགས་པའི་རྐྱེན་གྱིས་རྣམ་པར་གྲོལ་བའི་གཟུགས་རྨ་མེད་པ་ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གཟུགས་ནི་རབ་ཏུ་ཞི་བ་མ་ཡིན་ནོ། །གཟུགས་འགགས་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་གཟུགས་རབ་ཏུ་ཞི་བ་ཐོབ་པར་འགྱུར་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །ཀོའུ་དི་ནྱ་གང་ཟག་སུ་ཞིག་དེ་ལྟ་བུའི་ཚུལ་དུ་ཤེས་ན་དེ་ནི་དགེ་སྦྱོང་ཞེས་ཀྱང་བྱ་བྲམ་ཟེ་ཞེས་ཀྱང་བྱ། དེ་ནི་དགེ་སྦྱོང་གི་ཆོས་དང་བྲམ་ཟེའི་ཆོས་དང་ལྡན་པ་ཞེས་ཀྱང་བྱའོ། །ཀོའུ་དི་ནྱ་སངས་རྒྱས་ཀྱི་ཆོས་མ་གཏོགས་པར་ལོགས་ཤིག་ན་དགེ་སྦྱོང་མེད་བྲམ་ཟེ་མེད་དེ་དགེ་སྦྱོང་དང་བྲམ་ཟེའི་ཆོས་ཀྱང་མེད་དོ། །མུ་སྟེགས་ཅན་ཐམས་ཅད་ནི་རྫུན་དུ་སྨྲ་བར་ཟད་ཀྱི་ཡང་དག་པའི་སྤྱོད་པ་མེད་དོ། །རྣམ་པ་དེ་གཉིས་ལྟར་ཚུལ་འཆོས་མོད་ཀྱི་རྣམ་པ་དེ་གཉིས་ཀྱི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སྦྱོང་དང་བྲམ་ཟེའི་ཆོས་མེད་པར་ཅིའི་ཕྱིར་དགེ་སྦྱོང་དང་བྲམ་ཟེ་ཡོད་དོ་ཞེས་སྨྲ། ངས་ཀྱང་རྟག་ཏུ་འཁོར་གྱི་དཀྱིལ་འཁོར་འདིར་སེང་གེའི་སྒྲ་བསྒྲགས་ཀྱིས་ཁྱེད་ཀྱང་རྟག་ཏུ་འཁོར་གྱི་དཀྱིལ་འཁོར་ཆེན་པོར་སེང་གེའི་སྒྲ་སྒྲོགས་ཤིག་ཅེས་གསུངས་ཏེ། འདིར་དགག་བྱའི་གཟུགས་སོགས་དེ་རྣམས་ནི་སྤང་དུ་རུང་བའི་དྲི་མ་ཡིན་པའི་ཕྱིར་རང་སྟོང་ངོ༌། །དེ་རྣམས་འགགས་པའི་གཞི་ལ་རྟག་ཏུ་བཞུགས་པ་ཐོབ་བྱ་དོན་དམ་བདེ་གཤེགས་སྙིང་པོའི་གཟུགས་སོགས་ནི་སྤང་དུ་མི་རུང་བའི་རང་བཞིན་འོད་གསལ་ཡིན་པའི་ཕྱིར་གཞན་སྟོང་ངོ༌། །ཞེས་ཆོས་རྗེ་ཀུན་མཁྱེན་ཇོ་ནང་བ་ཆེན་པོས་ལེགས་པར་གསུངས་པའི་ཕྱིར་རོ། །གཞན་ཡང་འཁོར་ལོ་བར་བ་ངེས་དོན་དང་འཁོར་ལོ་ཐ་མ་དྲང་དོན་གྱི་མདོ་ཡིན་པའི་ཤེས་བྱེད་མེད་ལ། བར་བ་དྲང་དོན་དང་ཐ་མ་ངེས་དོན་ཡིན་པའི་ཤེས་བྱེད་དུ་མ་དང་བཅས་པ་ཡིན་ཏེ། གཞན་སྟོང་དབུ་མའི་རྒྱན་ལས། བར་བ་ངེས་དོན་ཕྱི་མ་དྲང་དོན་དུ། །སྟོན་བྱེད་མདོ་སྡེ་གསལ་བོ་གང་ནའང་མེད། །བར་བ་དྲང་དོན་ཕྱི་མ་ངེས་དོན་དུ། །དགོངས་པ་ངེས་འགྲེལ་མྱང་འདས་ཆེན་པོ་དང༌། །སོར་ཕྲེང་སོགས་ཀྱི་མདོ་ལས་གསལ་བར་བཤད། །ལང་ཀར་གཤེགས་པར་སྙིང་པོ་དྲང་དོན་དུ། །གསུངས་བར་འདོད་པ་རི་བོང་ཅལ་དང་མཚུངས། །མུ་སྟེགས་བདག་དང་མཚུངས་སམ་ཞུས་པ་ལ། །སྟོང་ཉིད་ཡིན་ཕྱིར་མཚུངས་པ་མིན་ཞེས་གསུངས། །ཞེས་གསུངས་པའི་ཕྱིར་རོ། །ཡང་སྐབས་འདིར་མཁས་བླུན་དུ་མ་ལ་དོགས་པ་སྐྱེ་བའི་གནས་ཆོས་ཉིད་དོན་དམ་བདེན་པ་དེ། བདེན་པར་གྲུབ་ཚུལ་དང་རིགས་པའི་དཔྱད་བཟོད་དུ་གྲུབ་ཚུལ་ཅུང་ཟད་བརྗོད་པ་ལ། རིགས་པ་དང༌། ལུང་གཉིས་ལས། དང་པོ་ནི། ཆོས་ཉིད་དོན་དམ་བདེ་གཤེགས་སྙིང་པོ་ཆོས་ཅན། བདེན་པར་གྲུབ་པ་ཡིན་ཏེ། དོན་དམ་བདེན་པ་ཡིན་པའི་ཕྱིར། ཁྱབ་སྟེ། དོན་དམ་བདེན་པ་ཡིན་ན་སྣང་ཚུལ་དང་གནས་ཚུལ་མཐུན་པའི་མི་བསླུ་བ་ཡིན་པ་གང་ཞིག །མི་བསླུ་བ་ཡིན་ན་བདེན་པ་ཡིན་དགོས་པའི་ཕྱིར། ཁྱབ་སྟེ། བདེན་པ་ཡིན་པར་གྲུབ་པ་དང༌། བདེན་པར་གྲུབ་པ་གཉིས་དོན་ལ་ཁྱད་པར་མེད་པའི་ཕྱིར། རྟགས་གྲུབ་སྟེ། ཡོད་པ་ཡིན་པར་གྲུབ་པ་དང༌། ཡོད་པར་གྲུབ་པ་གཉིས་ལ་ཁྱད་པར་མེད་པ་གང་ཞིག །དེ་གཉིས་ཁྱོད་གྱི་ཞེ་འདོད་ཙམ་ལས་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར་རོ། །གཞན་ཡང་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་གི་ཆོས་ཉིད་དོན་དམ་བདེན་པ་ཆོས་ཅན། རིགས་པའི་དཔྱད་བཟོད་དུ་གྲུབ་པ་ཡིན་ཏེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བརྟག་ཅིང་དཔྱད་པ་ན་གནས་ལུགས་སུ་གྲུབ་པས་ན་དཔྱད་བཟོད་པ་གང་ཞིག །ཀུན་རྫོབ་རྣམས་འཁྲུལ་ངོ་ཙམ་ལས་དོན་ལ་མ་གྲུབ་པའམ་གཤིས་ལ་མ་གྲུབ་པས་དོན་དམ་དཔྱོད་པའི་རིགས་པས་དཔྱད་མི་བཟོད་པའི་ཕྱིར་རོ། །གཉིས་པ་ལུང་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། བདེན་པ་ནི་གཅིག་པུ་གཉིས་མ་ཡིན་ཏེ། འདི་ལྟ་སྟེ། འགོག་པའི་བདེན་པའོ། །ཞེས་དང༌། གསེར་འོད་དམ་པའི་མདོ་ལས༌། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ནི། ཡང་དག་པས་བདེན་པ་དེ་ཉིད་ཡིན་པས། དེ་ལ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཞེས་དང༌། ཡབ་སྲས་མཇལ་བའི་མདོ་ལས། བྱང་ཆུབ་ཞེས་བགྱི་བ་འདི་ནི། ཡང་དག་པའི་མཐའ་སྟེ། ཞེས་དང༌། དཔལ་ཕྲེང་གི་མདོ་ལས། སྡུག་བསྔལ་འགོག་པའི་བདེན་པ་འདི་ནི། ཡང་དག་པར་ན་བདེན་པ་དང་རྟག་པ་དང་སྐྱབས་ལགས་སོ། །ཞེས་དང༌། སོར་ཕྲེང་གི་མདོ་ལས། འཇམ་དཔལ་ཤིན་ཏུ་སྟོང་བ་ཉིད་ལ་བསྒོམས་ཤིང་སྟོང་བར་ཟབ་ཏུ་བསམ་ནས་ཆོས་ཐམས་ཅད་ཞིག་པ་མི་བཟོད་པར་མཐོང་ངོ༌། །ཐར་བ་སྟོང་བ་མ་ཡིན་པ་ཡང་སྟོང་བར་མཐོང་ཞིང་རྟོག་གོ །ཞེས་དང༌། ཐར་བ་ཐམས་ཅད་ཀྱིས་སྟོང་བ་མ་ཡིན་གྱི། ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཐར་བ་སྟོང་བ་ཞེས་བྱའོ། །ཞེས་དང༌། མྱང་འདས་ཆེན་པོ་ལས། ཡང་དག་པར་རྣམ་པར་གྲོལ་བ་ནི་དེ་ལྟ་བུ་མ་ཡིན་པས་མི་སྟོང་བའི་སྟོང་བའོ། །མི་སྟོང་བའི་སྟོང་བ་ནི་ཡང་དག་པའི་རྣམ་པར་གྲོལ་བའོ། །ཞེས་དང༌། རྒྱུད་བླ་མ་ལས། རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང༌། རྩ་ཤེས་རང་འགྲེལ་ག་ལས་འཇིག་མེད་ལས། དོན་དམ་པའི་བདེན་པ་ནི། འཕགས་པ་རྣམས་ཀྱིས་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །ཞེས་དང༌། དབུ་མ་ཚིག་གསལ་ལས། བཅོམ་ལྡན་འདས་ཀྱི་དགེ་སློང་དག་འདི་ནི་བདེན་པ་དམ་པ་སྟེ། འདི་ལྟ་སྟེ། བསླུ་བ་མེད་པའི་ཆོས་ཅན་མྱ་ངན་ལས་འདས་པའོ། །ཞེས་དང༌། རི་ཆོས་ངེས་དོན་རྒྱ་མཚོ་ལས། དོན་དམ་བདེན་པ་གང་ཡིན་པ་དེ་ནི། དོན་དམ་དུ་བདེན་ནོ། །ཞེས་དང༌། ཚུལ་གཉིས་རྣམ་འབྱེད་ལས། །དོན་དམ་གྱི་དབྱིངས་ནི། བདེན་པར་གྲུབ་པའི་ཕྱིར་རང་གི་ངོ་བོས་མི་སྟོང་ལ། འོན་ཀྱང་སྟོང་ཉིད་ནི་ཡིན་ཏེ། གཞན་གཟུང་འཛིན་སོགས་སྤྲོས་པ་ཐམས་ཅད་ཀྱིས་སྟོང་བའི་ཕྱིར། ཞེས་གསུངས་བའི་ཕྱིར། དེ་ལྟར་མདོ་དང་བསྟན་བཅོས་མཐའ་ཡས་པ་མཆིས་ཀྱང་འདིར་དེ་ཙམ་ལས་ཚིག་ཚོགས་མང་དོགས་ནས་མ་སྤྲོས་སོ། །འདི་དག་གི་སྐབས་སུ་ཞིབ་ཆ་འདི་ལྟར་ཤེས་པར་བྱ་སྟེ། རང་ལུགས་ལ་ཆོས་ཉིད་དེ་བཞིན་ཉིད་དེ་བདེན་པར་གྲུབ་ཀྱང་དགག་བྱའི་བདེན་གྲུབ་བམ་སྤྲོས་པའི་བདེན་གྲུབ་ཏུ་མི་བཞེད་དེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་རྒྱན་ལས། མཚན་མ་སྤྲོས་པའི་བདེན་གྲུབ་ངེད་མི་འདོད། །སྤྲོས་པའི་དབེན་པའི་བདེན་ཚུལ་འདི་ལྟ་བུ། །ཞེས་དང༌། ཡོངས་གྲུབ་དེ་ལ་སྤྲོས་པའི་བདེན་པ་མེད། །སྤྲོས་པའི་བདེན་པ་ཡོད་ན་ཀུན་རྫོབ་སྟེ། །དོན་དམ་ངོ་བོ་ཉིད་མེད་ཅེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་རྒྱུད་བླ་མ་ལས། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བའི་དམ་པའི་བདག །ཅེས་གསུངས་པ་ལྟར། དོན་དམ་རང་བྱུང་འདུས་མ་བྱས་པའི་ཆོས་དབྱིངས་དེ་ཉིད་དག་པའི་བདག་གམ་དམ་པའི་བདག་ཏུ་གྲུབ་ཀྱང༌། གང་ཟག་གི་བདག་དང༌། ཆོས་བདག་གིས་སྟོང་བ་ཡིན་ཏེ། ཆོས་རྗེ་ཀུན་མཁྱེན་གྱིས་ཆོས་ཉིད་བདེ་གཤེགས་སྙིང་པོ་དེ་དགག་བྱ་བདག་གཉིས་ཀྱིས་སྟོང་པའི་ཕྱིར་མུ་སྟེགས་པའི་སྒྲོ་བཏགས་པའི་བདག་དང་མི་འདྲ་བར་གསུངས་པ་ཡིན་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། བདག་གཉིས་ཀྱིས་སྟོང་བའི་ཆོས་ཉིད་ཡོངས་གྲུབ་སངས་རྒྱས་ཀྱི་རང་བཞིན་དང༌། བདག་གི་དབྱིངས་སུ་གང་གསུངས་པ། ཞེས་དང༌། བདག་གཉིས་ཀྱི་དངོས་པོ་གདོད་ནས་མེད་པའི་གཞིའི་ངོ་བོ་དོན་དམ་སྟོང་ཉིད་རང་བཞིན་འོད་གསལ་བ་རྣམ་པ་ཐམས་ཅད་པ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས། ཞེས་གསུངས་པའི་ཕྱིར། དེ་འདྲའི་གྲུབ་མཐའི་གནད་ལེགས་པར་མཁྱེན་པའི་གོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་རྒྱུད་བླའི་འགྲེལ་བར། ཇོ་ནང་བའི་དེ་བཞིན་གཤེགས་པའི་སྙིང་པོ་གཙང་བདེ་རྟག་བདག་དམ་པའི་ཕ་རོལ་ཏུ་སོན་པ་སྒྲ་ཇི་བཞིན་དུ་འཆད་པ་ལ། བོད་མང་པོས་བློས་བཞག་པའི་བདེན་གྲུབ་ལ་བཟུང་ནས་དགག་པ་བྱས་ཀྱང་བློས་བཞག་པའི་བདེན་གྲུབ་དང༌། ཆོས་བདག་སོགས་མ་གྲུབ་ཀྱང༌། རྒྱུད་བླ་མ་ལས། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་གསུངས་པ་ལྟར་གྲུབ་ཀྱང་འགལ་བ་མེད་ཅེས་གསུངས་པ་ནི་ལེགས་བཤད་གཟུར་གནས་དགྱེས་པའི་གཏམ་ཡིན་ནོ། །ཞིབ་ཆ་དེ་ལྟར་མཛད་ན་ཀུན་མཁྱེན་ཡབ་སྲས་དང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགོངས་པར་འབྱོར་ངེས་པས། རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡིན་ནོ། །དེང་སྐབས་སུ་རྒྱལ་བ་སྲས་བཅས་ཀྱིས་མ་དགོངས་པའི་ཞིབ་ཆ་དུ་མ་འཛེམ་མེད་དུ་སྤྲོ་བ་ནི། བསྟན་པའི་ཉིན་བྱེད་སྒྲིབ་པའི་བདུད་ཀྱི་གསང་ཚིག་ལ་ཉེ་བར་འགྱུར་རོ། །གཞན་ཡང་གངས་ལྗོངས་འདིར་པཎ་ཆེན་ཤཱཀྱ་མཆོག་ལྡན་དང༌། ཆ་བ་ཆོས་ཀྱི་སེངྒེ་སོགས་ཆོས་ཉིད་བདེན་གྲུབ་འདོད་མཁན་ས་སྐྱ་བ་དང༌། བཀའ་རྒྱུད་པ་དུ་མ་བྱུང་ལ། ཆེ་བ་དྲུག་ལྡན་གྱི་སྔ་འགྱུར་རྙིང་མས་ཀྱང་ཆོས་ཉིད་བདེན་གྲུབ་ཏུ་བཞེད་པ་འདྲ་སྟེ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་མཆོག་གིས་མཛད་པའི་གཞན་སྟོང་སེངྒེའི་ང་རོ་ལས། དེས་ན་དོན་དམ་རང་གི་ངོ་བོས་མི་སྟོང་སྟེ་དོན་དམ་མ་འཁྲུལ་བའི་ཡུལ་ཡུལ་ཅན་གཉིས་ཀ་ཡོད་པའི་ཕྱིར། ཞེས་དང༌། སྤྲོས་བྲལ་ནི་མཐར་ཐུག་དཔྱོད་པའི་རིགས་པས་བསྒྲུབ་བྱ་ཡིན་གྱི་དགག་བྱ་མ་ཡིན་པས། ཞེས་དང༌། ངེད་འཁྲུལ་བ་ཀུན་རྫོབ་དང་མ་འཁྲུལ་བ་དོན་དམ་དུ་འདོད་པའི་ལུགས་ལའང་མ་འཁྲུལ་བའི་དོན་དམ་དང༌། དེ་མ་འཁྲུལ་བའི་བདེན་པར་གྲུབ་པ་དགག་མི་རུང་བར། ཞེས་དང༌། དམ་ཆོས་དོགས་སེལ་ལས། དོན་དམ་པར་གྲུབ་ན་བདེན་པར་གྲུབ་པའང་ཡིན་ཏེ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་རྙེད་དོན་མཐར་ཐུག་ཡིན་པ་གང་ཞིག །མཐར་ཐུག་དཔྱོད་པའི་རིག་ངོར་བདེན་ཞིང༌། དེ་ཡོངས་གཅོད་སྒྲུབ་པའི་ཚུལ་གྱིས་དེའི་ཡུལ་དུ་གྲུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འོན་ཀྱང་དོན་དམ་དེ་སྤྲོས་པའི་བདེན་གྲུབ་དང༌། དགག་བྱའི་བདེན་གྲུབ་དུ་ཁས་མི་ལེན་པ་ཡིན་ནོ། །གཞན་ཡང་ཆོས་ཉིད་བདེན་པར་མ་གྲུབ་ན་དོན་དཔྱོད་ཀྱི་རིགས་པས་དགག་བྱ་ཡིན་དགོས་ཀྱང་དེའི་དགག་བྱ་མ་ཡིན་ཏེ། གཞུང་སྤྱིའི་དཀའ་འགྲེལ་རིན་པོ་ཆེའི་ཟ་མ་ཏོག་ལས། མུ་བཞི་ནི་དོན་དཔྱོད་ཀྱི་རིགས་པའི་དགག་བྱ་ཡིན་ལ་ལམ་ཀྱི་དགག་བྱ་མིན་པ་མེད་དེ། ལྟ་སྒོམ་ཀུན་གྱིས་སོ། །ཐ་སྙད་དཔྱོད་པས་ཡོད་པ་ཁེགས་པ་རི་བོང་རྭ་ལྟ་བུ་རིགས་པས་དགག་བྱ་ཡིན་ཡང་ལམ་གྱི་མིན་ནོ། །ལམ་གྱི་དགག་བྱ་བདག་འཛིན་གཉིས་དང༌། དེ་ལས་བྱུང་བ་རྣམས་དང༌། གཉིས་ཀའི་དགག་བྱ་བདག་གཉིས་ལྟ་བུ། །གཉིས་ཀའི་དགག་བྱ་མིན་པ་གནས་ལུགས་ཆོས་ཉིད་དམ་བདག་མེད་རྟོགས་མཁྱེན་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་རོ། །


previousདོན་དམ་རྟེན་འབྲེལ་དེ་ཀུན་རྫོབ་རྟེན་འབྲེལ་རྣམས་གདོད་ནས་འགག་པའི་གཞི་བདེན་དོན་སོགས་ཡིན་པར་བསྟན་པ། next