བཞི་བ་རྣལ་འབྱོར་མངོན་སུམ་འཆད་པ།
བཞི་བ་རྣལ་འབྱོར་མངོན་སུམ་འཆད་པ་ལ།
ཚད་མ་མདོ་ལས། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང༌། །ཞེས་དང༌། རྣམ་འགྲེལ་ལས། རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གི་དེ་གོམས་བྱུང་ཡིན། །ཞེས་པ་ནས། ལྷག་མ་ཉེ་བར་བསླད་པ་ཡིན། །ཞེས་པའི་གཞུང་འདི་བྱུང༌། འདིར་རྣལ་འབྱོར་མངོན་སུམ་ལ་མཚན་ཉིད། དབྱེ་བ། སྒྲུབ་བྱེད་གསུམ། དང་པོ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་བའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་རང་ཡུལ་ཡང་དག་པའི་དོན་ལ་རྟོག་བྲལ་མ་འཁྲུལ་བའི་མཁྱེན་པ། རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད། དེ་ལ་དབྱེ་ན། རང་ཡིན་གྱི་ཚད་མ་དང༌། བཅད་ཤེས་གཉིས་ཡོད། ཡང་ན་རང་ཡིན་ཀྱི་ཐེག་པ་གསུམ་གྱི་མཐོང་སྒོམ་མི་སློབ་ལམ་གསུམ་ཡོད། རྣལ་འབྱོར་མངོན་སུམ་ལ་སྣང་ལ་མ་ངེས་པ་མེད་དེ། དེ་ཡིན་ན་རང་ལ་སྣང་བ་ཐམས་ཅད་ངེས་པས་ཁྱབ་པའི་ཕྱིར་ཏེ། བློ་གྲོས་ཆེན་པོས་མཐོང་ཉིད་ནས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །