Nitartha Digital Library
Tibetan
 
previousསྤོང་པ་ཆེན་པོ། next

སྤོང་པ་ཆེན་པོ།


DTG082_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་གང་གི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་དེ་ལ་བདག་ཀྱང་


DTG082_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྤོབས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དོན་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བརྗོད་པ་ལ་ཁྱོད་སྤོབས་པར་བྱོས་ཤིག །ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བདག་ཏུ་ལྟ་བ་དང༌། སེམས་ཅན་དུ་ལྟ་བ་དང༌། སྲོག་ཏུ་ལྟ་བ་དང༌། སྐྱེ་བ་པོར་ལྟ་བ་དང༌། གསོ་བར་ལྟ་བ་དང༌། སྐྱེས་བུར་ལྟ་བ་དང༌། གང་ཟག་དང༌། ཤེད་ལས་སྐྱེས་དང༌། ཤེད་བུ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། ཤེས་པ་པོ་དང༌། མཐོང་བ་པོར་ལྟ་བ་དང༌། ཆད་པར་ལྟ་བ་དང༌། རྟག་པར་ལྟ་བ་དང༌། ཡོད་པར་ལྟ་བ་དང༌། མེད་པར་ལྟ་བ་དང༌། ཕུང་པོར་ལྟ་བ་དང༌། ཁམས་སུ་ལྟ་བ་དང༌། སྐྱེ་མཆེད་དུ་ལྟ་བ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བར་ལྟ་བ་དང༌། ཕ་རོལ་ཏུ་ཕྱིན་པར་ལྟ་བ་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུ་ལྟ་བ་དང༌། སྟོབས་དང༌། མི་འཇིགས་པར་ལྟ་བ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་ལྟ་བ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་ལྟ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་ལྟ་བ་དང༌། བྱང་ཆུབ་རྣམ་པར་རྟོག་པར་ལྟ་བ་དང༌། སངས་རྒྱས་སུ་ལྟ་བ་དང༌། ཆོས་སུ་ལྟ་བ་དང༌། དགེ་འདུན་དུ་ལྟ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་ལྟ་བ་རྣམས་ཏེ། ལྟ་བ་འདི་དག་ཐམས་ཅད་རབ་ཏུ་སྤང་བའི་སླད་དུ། སེམས་ཅན་རྣམས་ལ་ཆོས་སྟོན་པར་བགྱིད་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་བགྱིད་དེ། དེའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སུ་ལྟ་བར་འགྱུར་བ་ཡིན། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་ལྟ་བར་འགྱུར་བ་ཡིན། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང༌། ཐབས་མི་མཁས་པས་གཟུགས་སུ་དམིགས་ཤིང༌། དམིགས་པའི་ཚུལ་


DTG082_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ལྟ་བ་བསྐྱེད་དོ། །ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ། དེ་བཞིན་དུ་རྒྱ་ཆེར་སྐྱེ་མཆེད་དང༌། ཁམས་དང༌། རྟེན་ཅིང་འབྲེལ་བར་འབྱུང་བར་སོ་སོ་བ་དང༌། བསྡུས་པའི་བར་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་དང༌། ཡང་དག་པར་སྤོང་བ་རྣམས་དང༌། རྫུ་འཕྲུལ་གྱི་རྐང་པ་རྣམས་དང༌། དབང་པོ་རྣམས་དང༌། སྟོབས་རྣམས་དང༌། བྱང་ཆུབ་ཀྱི་ཡན་ལག་རྣམས་དང༌། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང༌། ཕ་རོལ་ཏུ་ཕྱིན་པ་རྣམས་དང༌། ཡི་གེ་རྣམས་དང༌། བསམ་གཏན་རྣམས་དང༌། ཚད་མེད་པ་རྣམས་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ། །རྣམ་པར་ཐར་པ་དང༌། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང༌། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་དང༌། གཟུངས་ཀྱི་སྒོ་དང༌། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པར་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ལྟ་བ་བསྐྱེད་དོ། །ཚེ་དང་ལྡན་པ་རབ་འབྱོར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སུ་ལྟ་བར་འགྱུར་བ་ཡིན། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པར་ལྟ་བར་འགྱུར་བ་ཡིན། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་ལྟ་བར་འགྱུར་བ་ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མཁས་པས། ལྟ་བའི་རྣམ་པ་དེ་དག་སྤང་བའི་ཕྱིར། མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཏོ་ཞེས་བྱ་བ་ནི་སྤོང་བ་ཆེན་པོ་ཉིད་དོ། །


previousསྤོང་པ་ཆེན་པོ། next