Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་བཞི་པ། འདུལ་བ་སྨད་ཆ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
གསུམ་པ་ལས་ཀྱི་གཞི་འཆད་པ།
   
   
   
   
   
   


 
previousགསུམ་པ་ལས་ཀྱི་གཞི་འཆད་པ།next

གསུམ་པ་ལས་ཀྱི་གཞི་འཆད་པ།

གསུམ་པ་ལས་ཀྱི་གཞི་འཆད་པ་ལ།

རྩ་བར། ཆོ་ག་ལས་འདས་ན་ལས་མིཆགས་སོ། །འདིར་ཆོ་ག་ནི་དགེ་འདུན་ཚང་བ་དང་ལས་བརྗོད་པ་དང་ལས་བྱེད་པ་ཉིད་དོ། །

ལས་ནི་གསོལ་བ་དང་བརྗོད་པ་དང་སོ་སོར་ཐར་བའི་མདོ་འདོན་པ་དང་དགག་དབྱེའོ། །

ཐོས་པར་བྱ་བ་མ་ཡིན་པས་ཐོས་པས་ནི་མི་འཆགས་པར་མི་འགྱུར་རོ། །ཞེས་སོགས་བྱུང༌། འདིའིདོན་བཤད་པ་ལ། ལས་འཆགས་པ་ལ་དགོས་པ་ཚོགས་པའི་དོན་དང༌། ལས་ཀྱི་ངོ་བོའི་དོནདང་གཉིས། དང་པོ་དྲུག་ལས། དང་པོ་ལས་ཀྱི་ཆོ་གའི་དགོས་པ་ནི། རང་རང་གི་ལས་འཆགསཤིང༌། དེ་ལ་བརྟེན་ནས་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བ་ལྟ་བུའོ། །

གཉིས་པ་གཞིའི་ཡན་ལག་ལ།

བློ་མཐུན་པར་བྱེད་པ་དགེ་འདུན་གྱི་གཞི་དང༌། རྗོདཔར་བྱེད་པ་ལས་མཁན་གྱི་གཞི་དང༌། བསྒྲུབ་པར་བྱ་བ་དོན་གྱི་གཞི་དང་གསུམ། དང་པོ་ལ། གྲངས་ཚང་བ་དང༌། ཁ་སྐོང་བར་འོས་པ་དང༌། མི་མཐུན་པ་གཉིས་ཀྱིས་མི་མཐུན་པ་མེད་པདང་གསུམ། དང་པོ་ནི་གྲངས་ཚང་གི་བྱེ་བྲག་མི་འདྲ་བ་བཅུ་གཅིག་སྟེ། བཞི་བཅུ་ཉི་ཤུ་དང་ནིཉི་ཤུ་རྩ་གཉིས་དང༌། །བཅུ་གཉིས་ནས་ནི་བཞིའི་བར་བདུན་མ་གཏོགས། །ཞེས་གཟུང་སྟེ། དེ་ཡང་བཞི་བཅུའི་གྲངས་ཚང་དང༌། ཉི་ཤུའི་གྲངས་ཚང་ནི། དགེ་སློང་མའི་དབྱུང་བ་དང༌། དགེསློང་ཕའི་དབྱུང་བ་སྟེ། སོ་སོར་ཐར་པའི་མདོ་གཉིས་ལས་གསུངས་སོ། །ཉི་ཤུ་རྩ་གཉིས་ཀྱི་གྲངསཚང་ནི། ཡུལ་དབུས་སུ་བུད་མེད་བསྙེན་པར་རྫོགས་པར་བྱེད་ལ་དགེ་སློང་བཅུ་དང་དགེ་སློང་མ་བཅུ་གཉིས་སུ་ཚང་བ་དགོས་སོ། །བཅུ་གཉིས་ཀྱི་གྲངས་ཚང་བ་ནི། ཡུལ་དབུས་སུ་སྔོནརོལ་གྱི་སྡོམ་པ་གཉིས་དང་འཁོར་དང་འཁོར་མང་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་གཉིསཏེ་རྣམ་བཞི་ལ་དགེ་སློང་མ་བཅུ་གཉིས་ཀྱི་གྲངས་ཚང་བ་སྟེ་གཞུང་ལས་དངོས་སུ་གསུངས་སོ། །

བཅུ་གཅིག་གི་གྲངས་ཚང་ནི།

ཡུལ་མཐའ་འཁོབ་ཏུ་བུད་མེད་བསྙེན་པར་རྫོགས་པར་བྱེད་པ་ ལ་དགེ་སློང་ལྔ་དང་དགེ་སློང་མ་དྲུག་གི་གྲངས་ཚང་བ་དགོས་སོ། །བཅུའི་གྲངས་ཚང་ནི། སྐྱེསཔ་ཡུལ་དབུས་སུ་ད་ལྟར་གྱི་ཆོ་གས་བསྙེན་རྫོགས་བྱེད་པ་ལའོ། །དགུའི་གྲངས་ཚང་ནི། དགེ་སློང་མའི་དགག་དབྱེ་བྱེད་པ་ལ་དགེ་སློང་ལྔ་དང་དགེ་སློང་མ་བཞིའི་གྲངས་ཚང་བ་དགོས་སོ། །

བརྒྱད་ཀྱི་གྲངས་ཚང་ནི་དགེ་སློང་མའི་མགུ་བ་སྦྱིན་པ་ལ་དགེ་སློང་བཞིའི་གྲངས་ཚང་དགེ་སློངམ་བཞིའི་གྲངས་ཚང་བ་དགོས་སོ། །དྲུག་གི་གྲངས་ཚང་ནི། ཡུལ་མཐའ་འཁོབ་ཏུ་སྔོན་རོལ་གྱི་སྡོམ་པ་གཉིས་དང་འཁོར་དང་འཁོར་མང་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་གཉིས་ཏེ་རྣམ་པ་བཞི་ལ་དགེ་སློང་མ་དྲུག་གི་གྲངས་ཏེ་ཊཱི་ཀས་མདོར་བསྡུས་སྦྱར་རོ། །ལྔའི་གྲངས་ཚངནི་སྐྱེས་པ་ཡུལ་མཐའ་འཁོབ་ཏུ་ད་ལྟར་གྱི་ཆོ་གས་བསྙེན་རྫོགས་བྱེད་པ་དང༌། དགེ་སློང་གིདགག་དབྱེ་བྱེད་པ་ལའོ། །བཞིའི་གྲངས་ཚང་ནི་དེ་དག་གི་ལྷག་མ་ལས་ཀྱི་ཆོ་ག་གཞན་ཐམསཅད་ལ་སྟེ། རྩ་བར། ལྷག་མ་དག་གི་ཚོགས་ནི་བཞིའོ། །ཞེས་གསུངས་སོ། །ཁྱད་པར་དུ་ཡངཊཱི་ཀ་ལས། དགག་དབྱེ་ལ་ནི་དགག་དབྱེ་བྱེད་པར་གཏོགས་པའི་ལྔ་ལ་སོགས་པ་དགེ་འདུན་ཉིད་ཡིན་ནོ་ཞེས་དགག་དབྱེ་ལ་དགེ་སློང་ལྔ་དགོས་པར་གསུངས་པ་ནི། དགག་དབྱེ་བྱེད་པ་པོ་བསྐོ་བ་ན་བསྐོ་བྱེད་དགེ་འདུན་དགེ་སློང་བཞིར་ལོངས་ཤིང༌། བསྐོ་ཡུལ་དང་ལྔ་དགོསཀྱང༌། བསྐོ་ཡུལ་དེ་ནི་རང་བསྐོ་བའི་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་མ་ཡིན་པའི་ཕྱིར་དང༌།

དགག་དབྱེ་དངོས་སུ་བྱེད་པ་ན་དགེ་སློང་ལྔ་དགོས་ཀྱང༌། རང་མ་གཏོགས་པའི་དགེ་འདུནབཞིར་ལོངས་ཡིན་པའི་ཕྱིར་ན་དགེ་སློང་གི་དགག་དབྱེ་ལ་དགེ་སློང་གི་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་ནི་བཞིའི་གྲངས་ཚང་ཉིད་ཡིན་ནོ། །དེ་བཞིན་དུ་དགེ་སློང་མའི་དགག་དབྱེ་ལ། དགེསློང་ལྔ་དགེ་སློང་མ་བཞི་སྟེ་དགུ་དགོས་ཀྱང་བསྐོ་ཡུལ་དེ་ནི་སྔར་བཞིན་ཏེ། དགེ་སློང་མའིདགག་དབྱེ་ལ་གཉིས་ཀའི་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་ནི་བརྒྱད་ཀྱིས་གྲངས་ཚང་བ་ཉིད་དོ། །འོ་ན་གྲངས་ཚང་དེ་དག་ཇི་སྐད་བཤད་པ་བཞིན་མ་ཚང་ན་ལས་འཆགས་སམ་མི་འཆགསཞེ་ན། བཞི་བཅུ་དང་ཉི་ཤུ་དང༌། བརྒྱད་དང་བཞིའི་གྲངས་ཚང་དེ་དག་ནི་གཅིག་མ་ཚང་ཡངལས་མི་འཆགས་ཏེ། དགེ་སློང་མའི་སོ་སོར་ཐར་པ་ལས། གཉིས་ཀའི་དགེ་སློང་བཞི་བཅུརགཅིག་གིས་མ་ཚང་བའི་ཚོགས་ཀྱིས་དགེ་སློང་མ་དེ་འབྱིན་པར་བྱེད་ན་དགེ་སློང་མ་དེ་ཡང་མཕྱིན་ལ་གཉིས་ཀའི་དགེ་འདུན་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ་ཞེས་གསུངས་པ་དང༌། དགེསློང་གི་སོ་སོར་ཐར་པ་ལས། དགེ་སློང་ཉི་ཤུར་གཅིག་གིས་མ་ཚང་བའི་ཚོགས་ཀྱིས་དགེ་སློངདེ་འབྱིན་པར་བྱེད་ན་དགེ་སློང་དེ་ཡང་མ་ཕྱིན་ལ་ཞེས་གསུངས་པ་དང༌། བརྒྱད་མ་ཚང་ན་སྐྱེསཔའམ་བུད་མེད་གང་རུང་གཅིག་དགེ་འདུན་དུ་མི་ཚང་ལ། དགེ་འདུན་མ་ཡིན་པ་ལ་ཡང་མགུབ་སྤྱད་པ་མི་འཆགས་སོ་ཞེས་གསུངས་པའི་གནད་ཀྱིས་དང༌། བཞིར་མ་ཚང་ན་ལས་འཆགསཔ་ལ་དགོས་པའི་དགེ་འདུན་གཞི་མ་གྲུབ་པའི་ཕྱིར་རོ། །གྲངས་ཚང་གཞན་རྣམས་ནི་ཇི་སྐད་བཤད་པའི་གྲངས་མ་ཚང་ཡང་བཞིར་ལོངས་དགེ་འདུན་ཙམ་དུ་ཚང་ན་ལས་འཆགས་པ་ཙམདུ་འགྱུར་ཏེ། ལུང་ཞུ་བ་ལས། བཙུན་པ་བཅུར་ཡང་མཆིས་ལ། མཆིས་བཞིན་དུ་འདུལ་བ་འཛིནཔ་དང་བཞིས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པལི་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འདས་པ་དངབཅས་པའོ་ཞེས་གསུངས་ལ། གཞན་རྣམས་ལ་དེའི་གནད་ཀྱིས་སྦྱར་རོ། ། གཉིས་པ་ཁ་སྐོངབར་འོས་པ་ནི། ལས་འཆགས་པའི་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་བར་འོས་པ་སྟེ། དེ་ཡང་ཁསྐོང་གི་ཆོས་བཅོ་ལྔ་ཚང་བ་སྟེ། དེ་ཡང་༡མི་འདུག་པར་འགྲེང་བ་མ་ཡིན་པ་དང༌། ༢སྦྱིན་བསྐོཆད་པ་བཅད་པའི་ལས་ལ་གང་ལ་བྱ་བའི་ཡུལ་མ་ཡིན་པ་དང༌། ༣འདུན་པ་དང་ཡོངས་དགའབུལ་བ་ཙམ་མ་ཡིན་པ་སྟེ། རྩ་བར། མི་འདུག་པར་འགྲེང་བ་ནི་ཁ་སྐོང་བ་ཉིད་མ་ཡིན་ནོ། །གང་ལ་བྱས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འདུན་པ་དང་ཡོངས་སུ་དག་པའི་ཆོ་ག་ལས་མ་ཡིནནོ། །ཞེས་མདོ་གསུམ་གྱིས་སོ། །༤བསྙེན་རྫོགས་ཡིན་པ་དང༌། ༥ཕམ་པ་མ་བྱུང་བ་དང༌། ༦

མཚམས་མེད་མ་བྱས་པ་དང༌། ༧སྡིག་པའི་ལྟ་བ་ཅན་མ་ཡིན་པ་དང༌། ༨ས་གཞན་ན་གནསཔ་མ་ཡིན་པ་དང༌། ༩ཐ་དད་པར་གནས་པ་མ་ཡིན་པ་དང༌། ༡༠འཁྲུལ་བཅས་མ་ཡིན་པ་སྟེ། བསྙེན་པར་མ་རྫོགས་པ་དང་ཉམས་པ་དང་མཚམས་མེད་པ་ལྔ་བྱས་པ་དང་སྡིག་པའི་ལྟ་བ་ཅན་དང་ས་གཞན་ན་གནས་པ་དང་ཐ་དད་པར་གནས་པ་རྣམས་ཀྱང་མ་ཡིན་ནོ། །འཁྲུལ་པདང་བཅས་པ་ཡང་ངོ། །ཞེས་གསུངས་པས་སོ། །སྡིག་པའི་ལྟ་བ་ཅན་དང་ཐ་དད་པར་གནས་པའི་ཁྱད་པར་གང་ཞེ་ན། རང་གི་རྣམ་བཤད་དང་ཊཱི་ཀ་ལས་ཐ་དད་པར་གནས་པ་ཞེས་བྱ་བནི་འདིར་ཆོས་དང་མཐུན་པའི་ལྟ་བ་ཅན་ཡིན་ཏེ། ཆོས་མ་ཡིན་པར་ཁས་བླངས་པའི་ཐ་དདཔར་གནས་པ་ནི། སྡིག་པའི་ལྟ་བ་ཅན་གྱིས་བསྡུས་པའི་ཕྱིར་རོ་ཞེས་བཤད་དོ། །ཐ་དད་པརགནས་པ་འདི་ནི་འགྲེལ་བ་དེ་གཉིས་ཀྱིས་ཆོས་དང་མཐུན་པའི་ལྟ་བ་ཅན་ཡིན་པར་བཤད་པ་དེ་ནི་མཚོན་པ་ཙམ་སྟེ། ཆོས་ཕྱོགས་པ་དང་ཆོས་མིན་ཕྱོགས་པ་གཉིས་ཀ་ཕན་ཚུན་ཐ་དདཔར་གནས་པ་ཡིན་པར་གཟུང་ངོ༌། །དེས་ན་སྡིག་པའི་ལྟ་བ་ཅན་ནི་ཐ་དད་པར་གནས་པའི་བྱེབྲག་སྟེ། སྤྱི་དང་བྱེ་བྲག་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་དོ། །ས་གཞན་ལ་གནས་པ་ལ་ཉེར་ལྔཡོད་དེ། སྤོ་སྤྱོད་གསུམ། མགུ་སྤྱོད་གསུམ། སྤོ་ལྡན་གསུམ། མགུ་ལྡན་གསུམ། ངོ་བོ་ཉིདའཚོལ་བ་བྱིན་པ་དང༌། བསླབ་པ་བྱིན་པ་གཉིས། བསྡིགས། སྨད། བསྐྲད། ཕྱིར་འགྱེད། གནས་དབྱུང་བདུན་ཏེ་ཉེར་ལྔའོ། །འཁྲུལ་བཅས་ནི། ཉེས་བྱས་ཡན་ཆད་ཡིན་ཏེ། རྩ་བར། བསྡམས་པར་བྱ་བས་ཀྱང་ཡིན་གྱི་བཤགས་པར་བྱ་བ་འབའ་ཞིག་གི་ཡིན་པར་མ་ཟད་དོ། །ཞེས་གསུངས་སོ། །༡༡མཚམས་གཞན་ན་གནས་པ་མ་ཡིན་པ་སྟེ། མཚམས་གཞན་ན་གནསཔ་ནི་གང་གི་ཡན་ལག་ཉིད་ཀྱང་མ་ཡིན་ནོ། །ཞེས་གསུངས་པས་སོ། །༡༢སངས་རྒྱས་དཀོན་མཆོག་ལས་གཞན་ཡིན་པ་སྟེ། ཁ་སྐོང་བར་བྱེད་པ་ཉིད་མ་ཡིན་ནོ། །ཞེས་གསུངས་པས་སོ། །༡༣ མཚན་མཐུན་པ་སྟེ།༼དབྱེན༽འདི་ལ་མཚན་མི་མཐུན་པ་ནི་ཡན་ལག་མ་ཡིན་ནོ། །ཞེསགསུངས་པའི་གནད་ཀྱིས་སྦྱར་ཞིང༌། ལུང་ཕྲན་ཚེགས་ལས། ཐུན་མོང་གི་ལས་མ་གཏོགསཔར་དགེ་སློང་དང་དགེ་སློང་མ་རྣམས་ཀྱི་ལས་སོ་སོར་གྱིས་ཤིག ཅེས་གསུངས་སོ། །༡༤ལུསཐ་མལ་པར་གནས་པ་སྟེ། ལྟུང་བ་བསྐྱེད་པའི་རྟེན་ལ་གསུངས་པའི་གནད་ཀྱིས་སྦྱར་རོ། །རིགས་པས་ཀྱང་ལུས་མི་སྣང་བར་བྱས་པའམ། སྤྲུལ་སྟག་ཏུ་བསྒྱུར་བ་ལྟ་བུ་ཡིན་ན། དེསའདུལ་བའི་ཆོ་ག་རྣམ་པར་བཞག་པར་མི་རིགས་པའི་ཕྱིར་རོ། །༡༥ཐ་སྙད་གསུམ་དང་ལྡན་པསྟེ། སྨྲ་ཤེས། དོན་གོ། །ཤེས་པ་རང་བཞིན་དུ་གནས་པའོ། །དེ་ཡང་ལུང་དགག་དབྱེའི་གཞི་ཞུབ་ལས། སྨྱོན་པ་དང་སེམས་འཁྲུགས་པ་དང༌། ཚོར་བས་གཟིར་བ་དང༌། གླེན་པ་དང་ལྐུགཔ་དང་འོན་པ་དང་གཉིད་ལོག་པ་དང་སྙོམས་པར་ཞུགས་པ་རྣམས་ཀྱིས་གྲངས་སུ་བསྐངས་ཏེ་དགག་དབྱེ་བགྱིས་ན་དགག་དབྱེ་བྱས་པ་ཞེས་བགྱིའམ། ཨུ་པ་ལི་དགག་དབྱེ་མ་བྱས་པཞེས་བྱ་སྟེ། དགེ་འདུན་ནི་འདས་པ་དང་བཅས་པའོ། །ཞེས་གསུངས་ཤིང༌། བསྡུས་པ་ལསཀྱང༌། སྨྱོན་པས་ཚོགས་ཀྱི་གྲངས་སུ་བསྐངས་ནས་བསྙེན་པར་རྫོགས་པ་མ་ཡིན་ནོ། །ཞེསབཤད་དོ། །འོ་ན་གསོ་སྦྱོང་གི་གཞིའི་ཞུ་བ་ལས། སྨྱོན་པས་སོ་སོ་ཐར་པའི་མདོ་བཀླག་སྟེགསོ་སྦྱོང་བགྱིས་ན་གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི་གསོ་སྦྱོང་བྱས་པ་ཞེས་བྱ་སྟེ།

དགེ་འདུན་རྣམས་ནི་འདས་པ་དང་བཅས་པའོ། །ཇི་ལྟར་སོ་སོར་ཐར་པའི་མདོ་བཀླག་པ་དེ་བཞིན་དུ་མང་པོར་ཁ་བསྐངས་པ་ཡང་རྒྱས་པར་སྦྱར་རོ། །ཞེས་དང༌། ལས་ཀྱྀ་གཞི་ཞུ་བ་ལསཀྱང༌། སྨྱོན་པས་དགེ་འདུན་གྱི་གྲངས་སུ་ཁ་སྐོང་བས་ཀྱང་ལས་བྱས་ན་བྱས་པར་གསུངས་པདང་འགལ་ཞེ་ན། སྨྱོ་བས་དགེ་སློང་གི་འདུ་ཤེས་མི་རྙེད་པ་དང༌། སྨྱོ་བའི་བག་ཞད་ཅུང་ཟདཡོད་ཀྱང་དགེ་སློང་གི་འདུ་ཤེས་རྙེད་པའི་ཁྱད་པར་གྱིས་མི་འགལ་བར་ཤེས་པར་བྱའོ། །དེ་ལྟརཁ་སྐོང་གི་ཆོས་བཅོ་ལྔ་པོ་དེ་དག་ལ་དམིགས་ཀྱིས་བསལ་བ་ནི་མགྲོན་པོ་མི་སྡོད་ན་འགྲོ་བཞིནདུ་བྱའོ། །ཞེས་པ་དང༌། བག་ཡངས་འགའ་ཞིག་དང་རྣམ་པར་དག་པའི་ལས་ལས་གང་ལ་བྱབ་མ་ཡིན་པ་ཡན་ལག་ཏུ་མི་དགོས་ཏེ། གང་ལ་བྱ་བའི་ཡུལ་དགེ་འདུན་གྱི་ཁོངས་སུ་གཏོགསཔའི་དགེ་སློང་དེ་དག་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་ཡིན་པའི་ཕྱིར་རོ། །ཐ་དད་པར་གནས་པ་རྣམས་ཀྱིས་རང་རང་གི་ལས་བྱེད་པ་ནི་ཐ་དད་དང་གནས་པ་མ་ཡིན་པ་ཡན་ལག་ཏུ་མི་དགོསཏེ། འདི་ལ་སོ་སོ་རང་གི་ལས་ནི་ཆགས་སོ། །ཞེས་གསུངས་པས་སོ། །ལྟུང་བ་ཐུན་མོང་བ་བྱིནགྱིས་བརླབ་པའི་ལས་ལ་ནི་འཁྲུལ་བཅས་མ་ཡིན་པ་མི་དགོས་ཏེ། འཁྲུལ་བཅས་དེ་ཉིད་ལསདེ་འཆགས་པའི་ཡན་ལག་ཡིན་པའི་ཕྱིར་རོ། །དགེ་སློང་མའི་མགུ་བ་སྦྱིན་པ་དང་དབྱུང་བ་དངབུད་མེད་བསྙེན་པར་རྫོགས་པར་བྱ་བའི་ལས་དང༌། དགེ་སློང་མའི་དགག་དབྱེ་བྱ་བ་སྟེ་དེ་རྣམསལ་ནི་མཚན་མཐུན་པ་ཁོ་ན་ཡན་ལག་ཏུ་མི་དགོས་ཏེ། ཕྱོགས་གཅིག་ནས་མཚན་མི་མཐུན་པཡན་ལག་ཏུ་དགོས་པའི་ཕྱིར་རོ། །གསུམ་པ་མི་མཐུན་པ་གཉིས་ཀྱིས་མི་མཐུན་པ་མེད་པ་ལ། བཟློག་ཕྱོགས་མི་མཐུན་པ་གཉིས་ཏེ། མ་འདུས་པའི་མི་མཐུན་པ་དང༌། འདུས་པ་ཕྱིར་བཟློགགི་མི་མཐུན་པའོ། །དང་པོ་ལ་ཡན་ལག་དྲུག་སྟེ། ལས་དེའི་མཚམས་ཀྱི་ཁོངས་སུ་གཏོགསཔ་དང༌། ཁ་སྐོང་བར་འོས་པ་དང༌། ལུས་སམ་འདུན་པས་མ་འདུས་པ་དང༌། གང་ལ་ཆད་ལསབྱ་བའི་ཡུལ་མ་ཡིན་པ་དང༌། སྨྱོས་པའི་གནང་བ་མ་ཐོབ་པ་དང༌། ངེས་པར་ཤེས་སམ་འཕྲིགཔ་ཡིན་པའོ། །དེ་ཡང་རྩ་བར། དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཁ་སྐོང་བར་འོས་པ། ལུས་སམ་དེ་ལ་འདུན་པས་འདུས་པར་རྗེས་སུ་མ་ཞུགས་པ་ཉིད་དང༌། ཞེས་པའི་མདོ་གསུམདང༌། འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིས་སོ་ཞེས་པ་དང༌། སྨྱོས་པའི་གནང་བ་ཐོབ་པསནི་མི་མཐུན་པ་ཉིད་དུ་མི་འགྱུར་རོ། །ཞེས་དང༌། འཕྲིག་པས་མི་མཐུན་པ་ཉིད་དུ་འགྱུར་རོ། །ཞེས་གསུངས་པས་སོ། །འཁྲུལ་བཅས་དང་གཉིད་ལོག་པས་མ་འདུས་པས་མི་མཐུན་པ་མིབསྐྱེད་ཀྱང་མ་འདུས་པའི་མི་མཐུན་པ་བསྐྱེད་པ་རྒྱུན་ཆད་དུ་ཡང་མི་འགྱུར་ཏེ། འཁྲུལ་བཅས་མ་ཡིན་པ་དང་གཉིད་མ་ལོག་ཅིང་ཁ་སྐོང་བར་འོས་པས་མ་འདུས་པའི་མི་མཐུན་པ་བསྐྱེད་པའིཕྱིར་རོ། །

གཉིས་པ་འདུས་པ་ཕྱིར་བཟློག་གི་མི་མཐུན་པ་བསྐྱེད་པ་ལ་ཆོས་བརྒྱད་དེ། ལས་དེའིམཚམས་ཀྱི་ཁོངས་སུ་གཏོགས་པ་དང༌། གང་ལ་ཆད་ལས་བྱ་བའི་ཡུལ་མ་ཡིན་པ་དང༌། སྤྱོདལམ་ལས་མ་ཉམས་པ་དང༌། རང་བཞིན་དུ་གནས་པ་དང༌། ངག་ཡང་དག་པར་བསྡམས་པདང༌། འདུལ་བར་གཏོགས་པའི་བསླབ་པ་ཤེས་པ་དང༌། གང་ལ་བྱ་བ་ཞེ་འགྲས་པ་མ་ཡིན་པདང༌། ཐོས་པའི་ཉེ་འཁོར་ན་གནས་པའོ། །དང་པོ་བདུན་ནི་ཕྱིར་བཟློག་པར་བྱེད་པ་ཡང་ཞེསཔ་ལ་སོགས་པའི་གཞུང་གིས་དངོས་སུ་བསྟན་ལ། ཐ་མ་ནི་དགག་བྱའི་གནས་ཀྱི་སྟེ། གཞནདུ་ན་རང་ཚིག་དོན་མེད་དུ་འགྱུར་བའི་ཕྱིར་རོ། །བརྒྱད་པོ་དེ་དག་ལས་གཞན་དུ་ན་ཕྱིར་བཟློགམི་འཆགས་ཏེ་ཚིག་རིགས་པར་གཟུང་བར་མི་འོས་པའི་ཕྱིར་རོ། །འོ་ན་སངས་རྒྱས་ཀྱིས་ཕྱིར་བཟློག་འཆགས་སམ་མི་འཆགས་ཞེ་ན། སངས་རྒྱས་ཤཱཀྱ་ཐུབ་པ་ཆོས་ཅན། བྱེད་པ་པོ་རངསྟོབས་ཀྱི་ཆ་ནས་ཕྱིར་བཟློག་འཆགས་པ་ཡིན་ཏེ། འདུལ་བའི་བཅས་པ་ཐམས་ཅད་ཀྱི་མངའབདག་ཡིན་པའི་ཕྱིར་རོ། །སྒྲུབ་བྱེད་གཞན་ཡང་སངས་རྒྱས་དོན་མེད་པའི་ཚིག་མི་གསུང་བའིཕྱིར་ཏེ། འོད་ལྡན་དུ་མདོ་དྲངས་པ་ལས། སངས་རྒྱས་ཀྱིས་གསུངས་པ་ཐམས་ཅད་དོན་དང་བཅས་ཞེས་གསུངས་སོ། །སྒྲུབ་བྱེད་གཞན་ཡང་དགེ་འདུན་གྱིས་ནི་ཕྱིར་བཟློག་འཆགས་ལ། དགེ་འདུན་གྱི་གསུང་བས་ནི་སངས་རྒྱས་ཀྱི་གསུང་བཙན་པའི་ཕྱིར་ཏེ། དེ་ཡང་སངས་རྒྱས་ཀྱིསགསུངས་པ་དགེ་འདུན་ལས་གཡོ་བ་མེད་དོ་ཞེས་གསུངས་པས་གྲུབ་བོ། །སྒྲུབ་བྱེད་གཞན་ཡང་དགེ་འདུན་གྱིས་ཕྱིར་བཟློག་འཆགས་ལ་སངས་རྒྱས་ནི་དགེ་འདུན་དང་འདྲའོ་ཞེས་མ་གུསཔའི་ཚུལ་གྱིས་ལྟུང་བྱེད་བསྐྱེད་པ་ལ་འདྲ་བར་གསུངས་པས། འདིར་ཡང་འདྲ་བར་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གཉིས་པ་རྗོད་པར་བྱེད་པ་ལས་མཁན་གྱི་གཞི་ནི། ལས་བྱེད་པ་པོདེས་དགེ་འདུན་གྱི་གྲངས་ཀྱི་ཁ་སྐོང་ཡང་བྱེད་པའི་དབང་དུ་བྱས་ན། ལས་བྱེད་པ་པོ་ཆོས་གཉིསལྡན་དགོས་ཏེ། ཁ་སྐོང་བར་འོས་པ་དང༌། རང་རང་གི་ལས་ཀྱི་ཆོ་ག་ཤེས་པའོ། །དེ་ཡང་མདོརྩ་བ་ལས། དེ་དག་ནི་བྱེད་པ་པོ་ཉིད་མ་ཡིན་ནོ། །ཉམས་ན་མ་བྱས་པ་ཉིད་དོ། །ཞེས་གསུངསཔས་གྲུབ་བོ། །གྲངས་ཀྱི་ཁ་སྐོང་མི་བྱེད་པར་ལས་ཆོག་བརྗོད་པ་འབའ་ཞིག་བྱེད་པའི་དབངདུ་བྱས་ན། ལས་བྱེད་པ་པོ་ཆོས་བཞི་ལྡན་གྱིས་གྲུབ་བོ། །

གསུམ་པ་བསྒྲུབ་པར་བྱ་བ་དོན་གྱི་གཞི་ལ།

བསྒྲུབ་བྱ་སེམས་ཅན་མ་ཡིན་པ་ལ་སྒྲུབཔ་དང༌། བསྒྲུབ་བྱ་སེམས་ཅན་ལ་སྒྲུབ་པ་དང་གཉིས། དེ་ཡང་འདུལ་བ་བསྡུས་པ་ལས། ལསདེ་དག་ཀྱང་གཞི་གཉིས་ལ་བརྟེན་པ་ཡིན་ཏེ། སེམས་ཅན་དུ་བགྲང་བ་དང༌། སེམས་ཅན་དུབགྲང་བ་མིན་པའོ་ཞེས་སོ། །དང་པོ་ལ་གསུམ་ལས། གསོལ་བ་འབའ་ཞིག་པའི་ལས་ཀྱིསབསྒྲུབ་བྱ་སེམས་ཅན་མ་ཡིན་པ་ནི། ཤི་བའི་ཡོ་བྱད་བྱིན་གྱིས་བརླབས་པར་བྱ་བའི་དངོས་པོརས་ཡུག་ལ་སོགས་པ་ལྟ་བུའོ། །གསོལ་གཉིས་ཀྱི་ལས་ཀྱིས་བསྒྲུབ་བྱ་སེམས་ཅན་མ་ཡིན་པནི། མཚམས་པོ་ཆེ་གཅོད་པའི་ས་གཞི་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་ལྟ་བུའོ། །

གསོལ་བཞིའི་ལས་ཀྱིས་བསྒྲུབ་བྱ་སེམས་ཅན་མ་ཡིན་པ་ནི། སྲ་བརྐྱང་དབྱུང་བར་བྱ་བའིདངོས་པོ་ཆོས་གོས་སྲ་བརྐྱང་ལྟ་བུའོ། །

གཉིས་པ་བསྒྲུབ་བྱ་སེམས་ཅན་ལ་སྒྲུབ་པ་ལ། རབ་བྱུང་མ་ཡིན་པའི་སེམས་ཅན་ལསྒྲུབ་པ་དང༌། བསྒྲུབ་བྱ་རབ་ཏུ་བྱུང་བ་ལ་སྒྲུབ་པ་དང་གཉིས། དང་པོ་ལ་ལྔ་ཡོད་དེ། སྔོན་མུསྟེགས་ཅན་ལ་ལས་ཀྱི་གནས་པ་སྦྱིན་པའི་བསྒྲུབ་བྱ་དང༌། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིནགཞིག་གཉིས་དང༌། ལྷུང་བཟེད་ཁ་སྦུབ་སྲང་གཉིས་ཀྱི་བསྒྲུབ་བྱ་དང་ལྔ་ཡིན་ནོ། །

གཉིས་པ་བསྒྲུབ་བྱ་རབ་ཏུ་བྱུང་བ་ལ།

བསྙེན་པར་རྫོགས་པ་ལ་སྒྲུབ་པ་དང༌། རབབྱུང་བསྙེན་པར་མ་རྫོགས་པ་ལ་སྒྲུབ་པ་དང་གཉིས། དང་པོ་ལ། སྦྱིན་པའི་ལས་ཀྱི་བསྒྲུབ་བྱདང༌། བསྐོ་བའི་ལས་དང༌། ཆད་པ་བཅད་པའི་ལས་དང༌། རྣམ་པར་དག་པའི་ལས་ཀྱི་བསྒྲུབབྱ་དང་བཞི། དང་པོ་ནི། སྤྱིར་བཏང་ལ་ཆོས་དགུ་ལྡན་ཏེ། བསྙེན་རྫོགས་ཀྱི་སྡོམ་པ་གསོརརུང་ཡན་ཆད་དང་ལྡན་པ་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་པར་གནསཔ་དང༌། གནས་ནས་མ་བྱུང་བ་དང༌། ལྟ་བ་དང་སྤྱོད་པའི་སྒོ་ནས་གཞན་ཕྱོགས་སུ་མ་སོང་བདང༌། མཚན་མཐུན་པ་དང༌། ཚོགས་སུ་མ་ལོངས་པ་དང༌། རང་གིས་ལན་གསུམ་གསོལ་བའདེབས་པ་དང༌། བརྒྱད་པོ་དེ་ནི་སྦྱིན་ཡུལ་ཐུན་མོང་བ་ཆོས་བརྒྱད་ལྡན་ཞེས་བྱའོ། །རང་རངགི་གཞི་ལེགས་པ་དང་ལྡན་པ་དང་དགུ་སྟེ། དེ་ཡང་ཁང་པའི་གནང་བ་སྦྱིན་ཡུལ་ས་གཞི་དག་པ་ཉིད་ལེགས་པར་བརྟགས་པ་དང༌། སྔར་གནང་བ་སྦྱིན་པ་དང་མ་འབྲེལ་བ་ལྟ་བུ་སྟེ། གཞནལ་ཡང་སྐབས་ཀྱིས་ཅི་རིགས་པར་སྦྱར་རོ། །དེ་རྣམས་ལ་དམིགས་ཀྱིས་བསལ་བ་ནི། འཁོར་དང་འཁོར་མང་གི་གནང་བ་སྦྱིན་པའི་ཡུལ་སྡོམ་པ་གསོར་རུང་གིས་མི་ཆོག་པར་རྣམ་པརདག་པ་དགོས་ཏེ། གཞན་གྱི་རྟེན་རྣམ་དག་གིས་བྱེད་དགོས་པའི་ཕྱིར་རོ། །འཆབ་མེད་ཀྱི་ཕམཔ་བྱུང་བ་ལས་བསླབ་པ་སྦྱིན་པའི་ཡུལ་ནི་སྡོམ་པ་གསོར་རུང་དང་ལྡན་པ་ཡིན་གྱི། གསོརརུང་ཡན་ཆད་ཅེས་ནི་མི་བྱ་སྟེ། གསོ་བ་ལ་ཞུགས་ཟིན་པ་བསླབ་པ་བྱིན་པ་དང་རྣམ་དག་ན་ིབསླབ་པ་བྱིན་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །སྨྱོས་པའི་གནང་བ་སྦྱིན་པ་ནི། ཡུལ་དེ་ཤེསཔ་རང་བཞིན་དུ་མི་གནས་པ་ལ་འཆགས་ཏེ། ཡུལ་དེ་ཤེས་པ་རང་བཞིན་དུ་མི་གནས་པ་དེ་ཉིདརྐྱེན་དུ་བྱས་ནས་བཅས་པའི་ཕྱིར་རོ། །བཟོད་པར་བྱ་བ་ནི་གནས་ནས་ཕྱུང་བ་ལ་ཡང་འཆགསཏེ། གནས་ནས་ཕྱུང་བ་ལ་བཟོད་པར་བྱ་བ་ལ་ཡུལ་གནས་ནས་ཕྱུང་བ་ངེས་གཟུང་གི་ཡནལག་ཏུ་དགོས་པའི་ཕྱིར་རོ། །མཐུན་པ་སྦྱིན་པ་དང་མཐུན་པའི་གསོ་སྦྱོང་སྦྱིན་པ་ནི། ཆོསགཞན་ཕྱོགས་སུ་སོང་བ་ལ་འཆགས་ཏེ། ཆོས་གཞན་ཕྱོགས་སུ་སོང་བ་ངེས་གཟུང་གི་ཡནལག་ཏུ་དགོས་པའི་ཕྱིར་རོ། །དགེ་སློང་མའི་མགུ་བ་དང་དབྱུང་བ་དང་བུད་མེད་བསྙེན་རྫོགསབྱ་བའི་ལས་ནི། མཚན་མི་མཐུན་པ་ལ་ཡང་འཆགས་ཏེ། ཕྱོགས་གཅིག་ནས་མཚན་མི་མཐུནཔ་དེ་ཉིད་ཡན་ལག་ཡིན་པའི་ཕྱིར་རོ། །

གཉིས་པ་བསྐོ་བའི་ལས་ཀྱི་བསྒྲུབ་བྱ་ནི།

བསྐོ་ཡུལ་ཐུན་མོངཔའི་ཆོས་བཅུ་བཞི་དང་ལྡན་པར་དགོས་པ་ཡིན་ཏེ། སྤོང་བ་པའི་ཞལ་ཏ་པ་བསྐོ་བའི་སྐབསསུ་སྔར་བཤད་ཟིན་ཏོ། །འདིར་ཐུན་མོང་པ་ཡིན་པ་ནི། རང་རང་གི་གཞི་ལེགས་པ་དང་ལྡནཔ་སྟེ། དེ་ཡང་དགེ་སློང་མའི་སྟོན་པ་བསྐོ་བ་ལ། རྣམ་དག་གི་ཁྱད་པར་དང༌། མཁས་པའི་ཁྱདཔར་དང༌། བརྟན་པའི་ཁྱད་པར་དང་གསུམ་དགོས་ལ། དེ་ཡང་ཕམ་ལྷག་བཅུ་བདུན་གྱིསམ་གོས་པའི་རྣམ་དག་དང་སྡེ་སྣོད་གསུམ་འཛིན་ཅིང་གྲོང་ཁྱེར་བའི་སྐད་སྨྲ་བ་དང་བསྙེནཔར་རྫོགས་ནས་ལོ་ཉི་ཤུ་ལས་མི་ཉུང་བ་སྟེ་གོ་རིམ་བཞིན་ནོ། །དགག་དབྱེ་བྱེད་པ་པོ་བསྐོ་བལ་ཡུལ་དགེ་སློང་བསྐོ་ཡི། དགེ་སློང་མ་བསྐོར་མི་རུང་བས། དགེ་སློང་མ་རྣམས་ཀྱི་ཆ་ནསདགག་དབྱེ་བྱེད་པ་པོ་དེ་མཚན་མཐུན་པ་ཡན་ལག་ཏུ་མི་དགོས་ཏེ། མཚན་མི་མཐུན་པ་ངེསགཟུང་གི་ཡན་ལག་ཏུ་དགོས་པའི་ཕྱིར་རོ། །སྲ་བརྐྱང་འདིང་བ་པོ་བསྐོ་བ་ལ། གནས་དེ་ཉིདདུ་དབྱར་སྔ་མར་གནས་པར་ཁས་བླངས་ཤིང་དབྱར་མ་རལ་བ་ཡིན་པ་དང༌། ས་གཞན་ནགནས་པ་མ་ཡིན་པ་དགོས་ཏེ། སྲ་བརྐྱང་གི་གཞིར་བསྟན་ཟིན་ཏོ། །གསལ་བ་དང་གསལབའི་གསལ་བ་བསྐོ་བ་ལ་དགེ་འདུན་གྱི་ཚད་ལས་མི་ཉུང་བ་དག་གོ་ཞེས་གསུངས་པ་ནི་ལས་ཚན་ཐ་དད་དུ་བསྐོ་བ་ཡིན་གྱི། རྩ་བར། ཚོགས་ཀྱིས་ཚོགས་ལ་མི་བྱའོ་ཞེས་པའི་དམིགསབསལ་ནི་མ་ཡིན་ཏེ། དམིགས་བསལ་དུ་འཇོག་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །

གསུམ་པ་ཆད་པ་བཅད་པའི་ལས་ཀྱི་བསྒྲུབ་བྱ་ནི།

ཆོས་བཅུ་ལྡན་ཏེ། བསྙེན་རྫོགསཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། ལུསཐ་མལ་པར་གནས་པ་དང༌། གནས་ནས་མ་ཕྱུང་བ་དང༌། ལྟ་བ་དང་སྤྱོད་པའི་སྒོ་ནས་གཞནཕྱོགས་སུ་མ་སོང་བ་དང༌། ཚོགས་སུ་མ་ལོངས་པ་དང༌། གླེང་དྲན་སྔོན་དུ་སོང་བ་དང༌། ནདཔ་མ་ཡིན་པ་དང༌། དགེ་འདུན་འབྱེད་པར་ནུས་པ་མ་ཡིན་པ་དང༌། རང་རང་གི་གཞི་ལེགསཔ་དང་ལྡན་པའོ། །ཐ་མ་ནི་ཕྱིར་མི་འཆོས་པ་གནས་ནས་དབྱུང་བའི་ཡུལ་དེ་བསྡམ་བྱ་ལསགཞན་པའི་ལྟུང་བ་ཡོད་པར་ཁས་བླངས་པ་དང༌། རྐྱེན་འཛོམ་ཡང་ཕྱིར་མི་འཆོས་པ་དང༌། སྔརགནས་ནས་ཕྱུང་བ་མ་ཡིན་པ་དང་ཆོས་གསུམ་ལྡན་ཏེ། ནན་ཏུར་གྱི་ཡུལ་གཞན་ལ་ཡང་སྐབསཀྱིས་ཅི་རིགས་པར་སྦྱར་རོ། །དགེ་སློང་རྣམས་ཀྱིས་ཆད་པ་གཅོད་པ་ལ་མཚན་མཐུན་པ་ངེས་གཟུང་དུ་མི་དགོས་ཀྱང༌། དགེ་སློང་མ་རྣམས་ཀྱིས་ཆད་པ་གཅོད་པ་ལ་མཚན་མཐུན་དགོས་ཏེ། གཞན་དུ་ན་ལྕི་བའི་ཆོས་ལས་འདས་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །

བཞི་པ་རྣམ་པར་དག་པའི་ལས་ཀྱི་བསྒྲུབ་བྱ་ནི།

གསོ་སྦྱོང་གི་ལས་ཀྱི་བསྒྲུབ་བྱཡིན་ལ། དེ་ནི་དགེ་འདུན་མཚན་ཉིད་གསུམ་ལྡན་གྱི་སྟེང་དུ་གསོ་སྦྱོང་གི་ཆོ་ག་ཤེས་པ་དངབཅས་པའོ། །གསོ་སྦྱོང་ཉམས་སུ་མྱོང་བར་བྱེད་པའི་གང་ཟག་གི་བྱེ་བྲག་ནི་ཆོས་བརྒྱད་ལྡནཏེ། བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་ཞེས་པ་ལ་སོགས་པ་སྔར་བཤདམ་ཐག་པའི་དང་པོ་ལྔའི་སྟེང་དུ། མཚམས་ཀྱི་ནང་ན་གནས་པ་དང༌། གསོ་སྦྱོང་བཞག་པ་མཡིན་པ་དང༌། མཚན་མཐུན་པ་དང་བརྒྱད་དོ། །དགག་དབྱེ་ལ་ཡང་གང་ཟག་གི་བྱེ་བྲག་ནི་ཆོསབརྒྱད་ལྡན་ཏེ། སྔ་མ་དྲུག་དང༌། དགག་དབྱེ་བཞག་པ་མ་ཡིན་པ་དང༌། དབྱར་གནས་པརཁས་བླངས་པ་ཡིན་པ་དང་བརྒྱད་དོ། །དབྱར་གནས་པར་ཁས་བླངས་ནི་དབྱར་རལ་བསཀྱང་དགག་དབྱེ་བྱ་སྟེ། རང་འགྲེལ་དང་ཊཱི་ཀ་ལས་བཤད་དོ། །དགེ་སློང་མ་དགག་དབྱེ་ནི་དགེསློང་གི་དགེ་འདུན་ལ་ཡང་བྱ་དགོས་པ་འདིར་ནི་མཚན་མཐུན་པ་མ་བགྲངས་སོ། །

གཉིས་པ་རབ་བྱུང་བསྙེན་པར་མ་རྫོགས་པ་ལ་སྒྲུབ་པ་ལ།

སྦྱིན་པ་དང་བསྐོ་བ་དང་ཆདཔ་བཅད་པའི་ལས་ཀྱི་བསྒྲུབ་བྱ་ནི། སྔར་བསྙེན་རྫོགས་ཀྱི་སྐབས་སུ་བཤད་པ་དང་འདྲ་བལས། འདིར་ཁྱད་པར་ནི། རབ་བྱུང་བསྙེན་པར་མ་རྫོགས་པའི་སྡོམ་པ་གསོར་རུང་ཡན་ཆདདང་ལྡན་པ་སྟེ། བསྐོ་བ་ནི་ཆོ་ག་རྗེས་སུ་བསྒྲག་པའི་ཚུལ་གྱིས་སོ། །

གསུམ་པ་བསམ་པའི་ཡན་ལག་ལ།

འདུ་ཤེས་དང༌། ཀུན་སློང་དང་གཉིས། དེ་ལའདུ་ཤེས་ནི་གཞི་མཚན་ཉིད་དང་ལྡན་པར་ཤེས་པའོ། །དེ་ལ་གཉིས་ཏེ། ལས་གང་གི་འདུ་ཤེསཀྱིས་འཇོག་པ་དང༌། འདུ་ཤེས་ཀྱི་ངོ་བོ་ཇི་ལྟ་བུ་དགོས་པའོ། །དང་པོ་ལ་གཉིས་ལས། སེམས་ཅན་མ་ཡིན་པ་ལ་སྒྲུབ་པ་ལ། འདུ་ཤེས་གཙོ་བོའི་སྐབས་སུ་ལས་དགེ་འདུན་གྱི་འདུ་ཤེས་ཀྱིསའཇོག་པ་ཡིན་གྱི། ཡུལ་གྱི་འདུ་ཤེས་ཀྱིས་འཇོག་པ་མི་སྲིད་དེ། ཡུལ་དེ་ལ་འདུ་ཤེས་མི་སྲིད་པའི་ཕྱིར་རོ། །དངོས་པོ་གཙོ་བོའི་སྐབས་སུ་ནི་ལས་དགེ་འདུན་གྱི་འདུ་ཤེས་ཀྱིས་འཇོག་པ་མ་ཡིན་ཏེ། བཅད་པ་ཉིད་དུ་ཤེས་པ་ཉིད་ནི་མི་འཆགས་པའི་ཡན་ལག་མ་ཡིན་ནོ། །ཞེསགསུངས་སོ། །སེམས་ཅན་ལ་སྒྲུབ་པ་ལ་འདུ་ཤེས་གཙོ་བོའི་སྐབས་སྒྲུབ་བྱེད་མཁན་པོ་ལསོགས་པ་དེ་དག་ལ་དམིགས་ནས། དགེ་འདུན་རྣམས་ཀྱིས་ནི་མཚན་ཉིད་དང་མི་ལྡན་པར་ཤེས་ལ། བསྒྲུབ་བྱ་ཡུལ་གྱིས་ནི་སྒྲུབ་པར་བྱེད་པ་པོ་དེ་དག་མཚན་ཉིད་དང་ལྡན་པར་འདུཤེས་ན་ལས་གང་གི་འདུ་ཤེས་ཀྱིས་འཇོག་ཅེ་ན། སྦྱིན་དང་བསྐོ་བའི་ལས་ལ་སྤྱིར་བཏང་ལ་ཡུལ་གྱི་འདུ་ཤེས་ཀྱིས་འཇོག་སྟེ། ལུང་ཞུ་བ་ལས། ཉེ་བར་འཁོར་མཁན་པོ་ཚུལ་ཁྲིམས་འཆལབས་བསྙེན་པར་རྫོགས་པར་བྱེད་ན། གལ་ཏེ་གང་ཟག་གིས་མི་ཤེས་ན་བསྙེན་པར་རྫོགས་པཡིན་ནོ། །ཞེས་དང༌། ཊཱི་ཀ་ལས། ལུང་ཞུ་བ་ཁུངས་སུ་དྲངས་པ་ལས་བསྙེན་པར་རྫོགས་པརལེན་པ། འཚལ་བ་དེ་མཁན་པོ་རྐུ་ཐབས་སུ་གནས་པས་བསྙེན་པར་རྫོགས་པར་བགྱིད་ནབསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། གལ་ཏེ་བདག་གིམཁན་པོ་རྐུ་ཐབས་སུ་གནས་སོ་ཞེས་ཤེས་ན་ནི་བསྙེན་པར་མ་རྫོགས་ཞེས་བྱའོ། །གལ་ཏེ་མི་ཤེས་ན་ནི་བསྙེན་པར་རྫོགས་ཞེས་བྱའོ། །ཞེས་གསུངས་པས་ཤེས་སོ། །གཞན་ཡང་ལུང་ཞུ་བ་ལས་མཁན་པོ་ཁྱིམ་པ་དང་མཁན་པོ་ཟ་མ་དང་མ་ནིང་ནས་བསླབ་པ་བྱིན་པའི་བར་དུ་དེརྣམས་ཀྱིས་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལིབསྙེན་པར་རྫོགས་པ་ཞེས་བགྱི་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་འདས་པ་དངབཅས་པའོ། །ཞེས་གསུངས་ཏེ། དེ་ཡང་བསྙེན་རྫོགས་ལེན་པ་པོས་ནི་མཁན་པོ་མཚན་ཉིད་དང་ལྡན་པར་འདུ་ཤེས་ཀྱང༌། དགེ་འདུན་རྣམས་ཀྱིས་མཁན་པོ་མཚན་ཉིད་དང་མི་ལྡན་པ་དེ་རྒྱུས་ཤེས་པའི་དབང་དུ་བྱས་པ་སྟེ། འདས་པ་དང་བཅས་པའོ་ཞེས་གསུངས་པས་ཤེས་སོ། །གལ་ཏེ་དགེ་འདུན་རྣམས་ཀྱིས་ཀྱང༌། དེ་ལ་མཁན་པོ་མཚན་ཉིད་དང་ལྡན་པར་འདུ་ཤེས་ན་ནི་འདས་པ་དང་བཅས་པར་འགྱུར་བར་མི་རིགས་སོ། །དེ་ལྟར་ན་སྦྱིན་བསྐོའི་ལས་ལ་ཡུལ་གྱི་འདུ་ཤེས་ཀྱིས་བཞག་གོ །དམིགས་བསལ་ནི་སྨྱོས་པའི་གནང་བ་སྦྱིན་པ་དང༌། དྲན་པསའདུལ་བ་སྦྱིན་པ་དང༌། མ་མྱོས་པས་འདུལ་བ་སྦྱིན་པ་དང༌། ཆད་པ་བཅད་པའི་ལས་ནི། དགེའདུན་གྱི་འདུ་ཤེས་ཀྱིས་འཇོག་པ་ཡིན་གྱི། བསྒྲུབ་བྱ་ཡུལ་གྱི་འདུ་ཤེས་ཀྱིས་འཇོག་པ་ནི་མཡིན་ཏེ། དང་པོ་ལ་ནི་བསྒྲུབ་བྱ་ཡུལ་ཐ་སྙད་དུ་རུང་བའི་འདུ་ཤེས་མེད་པའི་ཕྱིར་དང༌། དེའིའོག་མ་གཉིས་ནི་གླེང་བྱ་གླེང་བྱེད་ཀྱིས་དགེ་འདུན་ལ་རག་ལས་པར་བྱ་བའི་ཕྱིར་དང༌། ཐ་མནི་འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིས་སོ། །ཞེས་གསུངས་པ་དང༌། འགྲེལ་ཆུང་ལས་དགེ་འདུན་གྱིས་མཁྱེན་པ་བཞིན་དུ་ཆད་པ་བཅད་དོ་ཞེས་བཤད་ཅིང༌། ཆད་པ་བཅད་པའི་ལསཀྱི་གནས་དེས་བསྒྲུབ་བྱ་དེ་འདུ་བ་མི་སྟེར་ན་ཡུལ་དེ་ལ་དགེ་འདུན་ལ་དངོས་སུ་དམིགས་པའིའདུ་ཤེས་མི་འབྱུང་བའི་ཕྱིར་རོ། །དངོས་པོ་གཙོ་བོའི་སྐབས་སུ་ནི་ལས་བསྒྲུབ་བྱ་དང་དགེའདུན་གྱི་འདུ་ཤེས་ཀྱིས་མི་འཇོག་སྟེ། མཚམས་མེད་དང་ལྡན་ན་མི་ལྡན་པར་འདུ་ཤེས་ཀྱངསྡོམ་པ་མི་སྐྱེ་བ་བཞིན་ནོ། །གཉིས་པ་འདུ་ཤེས་ཀྱི་ངོ་བོ་ཇི་ལྟ་བུ་དགོས་པ་ལ་ལས་ཆགས་པ་ལ་དགོས་པའི་འདུ་ཤེས་ནི། གཙོ་ཆེར་གཞིའི་ཡན་ལག་ལ་དམིགས་པའི་འདུ་ཤེས་ཡིན་ལ།

དེ་ལ་གཉིས་ཏེ། སྒྲུབ་བྱེད་ལ་དམིགས་པ་དང༌། བསྒྲུབ་བྱ་ལ་དམིགས་པའོ། །དང་པོ་ནི་མཁནཔོ་དང་ལས་བྱེད་པ་ལ་སོགས་པ་རྣམས་དོན་ལ་མཚན་ཉིད་དང་ལྡན་རུང་མི་ལྡན་རུང་སྟེ། མཚནཉིད་ལྡན་པར་འདུ་ཤེས་ན་འདུ་ཤེས་ཀྱི་ཆ་ནས་ལས་འཆགས་ཏེ། མཁན་པོ་ཚུལ་ཁྲིམས་འཆལབ་ལ་ལྡན་པར་ཤེས་ན་བསྙེན་པར་རྫོགས། ཞེས་དང༌། འོད་ལྡན་ལས། འདི་ཙམ་ཞིག་ལསབྱེད་པ་ལ་ཡང་རྗེས་སུ་སྦྱར་བར་བྱའོ། །ཞེས་གསུངས་པ་དང༌། དེ་དགེ་འདུན་ལ་ཡང་སྦྱར་ཏོ། །དཔྱད་པ་ཐ་སྙད་པ་ཡིན་པར་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེ་ཡང་མཁན་པོ་དང་ལས་བྱེདཔ་ལ་སོགས་པའི་དབང་དུ་མཛད་ནས། འོད་ལྡན་ལས། འདུལ་བ་ཐམས་ཅད་ལས་བྱུང་བའི་དཔྱད་པ་ཐ་སྙད་པ་ཡིན། ཞེས་གསུངས་ཤིང༌། ཡང་དེ་ཉིད་ལས། གལ་ཏེ་དཔྱད་པ་ཐ་སྙད་པམ་ཡིན་ན། བསྟན་པ་སྒྲུབ་པར་ནུས་པ་མི་འགྱུར་རོ་ཞེས་ཀྱང་གསུངས་སོ། །རིགས་པས་ཀྱངའདུ་ཤེས་ཀྱིས་གཟུང་བ་དེ་དོན་ལ་ཡིན་པ་དང་ཕྲད་པ་ཡན་ལག་ཏུ་དགོས་ན་སྒྲུབ་པར་མི་ནུསཔར་འགྱུར་ཏེ། མཁན་སློབ་ལ་སྡོམ་པ་སྐྱེས་མ་སྐྱེས་ལྟ་བུ་དོན་ལ་ཡིན་མིན་དེ་ནི་ཐ་མལ་གྱིཤེས་པས་ངེས་པར་མི་རྟོགས་པའི་ཕྱིར་དང༌། མངོན་ཤེས་ཀྱིས་རྟོགས་པ་བཀག་པའི་ཕྱིར་རོ། །

དེ་དང་མི་འདྲ་བར་སྒོ་མང་ཡིག་ཆར། དགེ་འདུན་ཚད་ལྡན་དང་ལས་སློབ་རྣམ་དག་དགོས་ཀྱང་མཁན་པོ་མེད་དམ་ཁྱིམ་པ་ཡིན་ཀྱང་བསྒྲུབ་བྱའི་ངོར་རྣམ་དག་ཏུ་སྣང་ན་སྡོམ་པ་སྐྱེས་པ་གང་ཞིག ཅེས་དང༌། ལས་སློབ་དེ་ལྟ་མིན་ན་ལས་མི་འཆགས་པས་མཁན་པོ་དང་མི་འདྲ་བའིཕྱིར། ཞེས་གསུངས་སོ། །སྤྱིར་དཔྱད་པ་ཐ་སྙད་པའི་ཚད་དང༌། འདུལ་བའི་བཅས་པ་ཐམསཅད་ལ་སྦྱར་ན་གཞིའི་ཡན་ལག་མ་ཚང་ཡང་ལྟུང་བ་དངོས་གཞིར་འགྱུར་བ་སོགས་ཧ་ཅངཐལ་བ་དང༌། རེ་ཟུང་ལ་མ་སྦྱར་ན་མངོན་ཤེས་མེད་པའི་གང་ཟག་གིས་རྟོགས་མི་ནུས་པ་དུ་མ་སྣང་བས་དཔྱད་པར་ཞུའོ། །གཉིས་པ་བསྒྲུབ་བྱ་ལ་དམིགས་པ་ནི། སྤྱིར་བཏང་ལ་འདུ་ཤེསཀྱིས་བཟུང་བ་དེ་དོན་ལ་ཡིན་པ་དང་ཕྲད་པ་ཡན་ལག་ཏུ་དགོས་ཏེ། སྡོམ་པ་སྐྱེ་བ་ལ་སྐྱེ་བའིབར་ཆད་དང་མི་ལྡན་པ་ཡན་ལག་ཏུ་དགོས་ཤིང༌། མཚམས་གཅོད་པའི་ལས་འཆགས་པ་ལསྔར་མཚམས་བཅད་ཟིན་མ་ཡིན་པ་ཡན་ལག་ཏུ་དགོས་པ་ལྟ་བུ་སྟེ། ལུང་གཞི་ལས། གངཟག་མ་བསད་པ་དང་ཕ་བསད་པ་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས། ཞེས་གསུངས་པ་དང༌། བཅད་པ་ཉིད་དུ་ཤེས་པ་ཉིད་ནི་མི་འཆགས་པའི་ཡན་ལག་མ་ཡིནནོ་ཞེས་གསུངས་པས་གྲུབ་བོ། །དམིགས་བསལ་ལོ་ཉི་ཤུ་མ་ལོན་པ་ལ་ནི་ལོན་པར་འདུ་ཤེསན་དོན་དང་མ་ཕྲད་ཀྱང་ལས་འཆགས་ཏེ། ཅིག་ཤོས་ལ་ནི་ལོན་པར་འདུ་ཤེས་པ་ཉིད་ནའོ་ཞེསགསུངས་ཤིང༌། ཊཱི་ཀ་ལས། ལོ་ཉི་ཤུ་མ་ལོན་པའི་གང་ཟག་ལ་ནི་ལོ་ཉི་ཤུ་ལོན་པ་ཉིད་དུ་ཤེསན་བསྙེན་པར་རྫོགས་པ་འཆགས་ཏེ། འདི་ལ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །ཞེས་བཤད་པས་གྲུབ་བོ། །དོན་ལ་ལས་འཆགས་པའི་གཞི་ཉིད་མ་ཡིན་པ་ལ་ནི་དངོས་པོ་གཙོསྟེ། ཕ་མ་བསད་པའི་མཚམས་མེད་བྱས་པ་ལྟ་བུ་སྡོམ་པ་སྐྱེ་བའི་བར་ཆད་དང་ལྡན་ན་མི་ལྡནཔར་འདུ་ཤེས་ཀྱང་སྡོམ་པ་སྦྱིན་པའི་ལས་མི་འཆགས་པའི་ཕྱིར་དང༌། བཅད་པ་ཉིད་དུ་ཤེསཔ་ཉིད་ནི། ཞེས་གསུངས་པས་སོ། །ལག་རྡུམ་བསྙེན་རྫོགས་བྱེད་པ་ན། །ལས་དེ་བྱེད་པའིསྦྱོར་བ་ཡི། །ཉེས་བྱས་འབྱུང་ཡང་ལས་འཆགས་སོ། །དེས་མཚུངས་གཞན་ལའང་དེ་བཞིན་ནོ། །

གཉིས་པ་ཀུན་སློང་ནི། བསམ་པ་ཐག་པ་ནས་ལས་བྱེད་པར་འདོད་པ་རྒྱུན་མ་ཆད་པ་སྟེ། བཞདགད་ཀྱི་དངོས་པོས་ནི་གང་གིར་ཡང་མི་འགྱུར་ཞེས་པ་དང༌། བཏང་བ་ཡང་ངོ་ཞེས་གསུངསཔའི་གནད་ཀྱིས་སྦྱར་བས། ལས་བྱེད་པའི་སྔ་རོལ་ཏུ་ལས་བྱེད་འདོད་ལོག་སྟེ་ཀུན་སློང་རྒྱུནཆད་ན་ལས་མི་འཆགས་སོ། །དགེ་སློང་གི་སྡོམ་པ་སྦྱིན་པའི་ལས་བྱེད་པ་ལ་ནི་སྡོམ་པ་ནོདཔར་འདོད་པ་རྒྱུན་མ་ཆད་པ་ཡང་ཀུན་སློང་དུ་དགོས་སོ། །

བཞི་པ་ལས་ཀྱི་ཆོ་གའི་ངོ་བོའམ་ལས་བརྗོད་པའི་ངོ་བོ་ནི།

བརྗོད་པ་ཆོས་གསུམཚང་བ་སྟེ། བརྗོད་པ་ཚང་བ་དང༌། བརྗོད་པ་མ་ནོར་བ་དང༌། བརྗོད་པ་མ་འཁྲུལ་བ་སྟེ། ཉམསན་མ་བྱས་པ་ཉིད་དོ། །དེས་བྱ་བ་ལས་མ་ཡིན་པས་མི་འཆགས་སོ། །ཞེས་དང༌། བྱེདཔ་ཉིད་ན་སོང་ན་ཚིག་མ་རྫོགས་པ་རྣམ་པར་འཁྲུགས་པ་ཉིད་དོ། །ཞེས་དང༌། ༼གོ་རིམ་འཁྲུགསཔ་༽དེ་ནི་མི་བྱ་བ་ཉིད་དོ། །ཞེས་གསུངས་པས་གྲུབ་བོ། །ཆོ་ག་ལས་འདས་ན་ལས་གཏན་ནས་མི་འཆགས་པ་དང་ཉེས་མེད་མི་འཆགས་པ་སྟེ་རྣམ་པ་གཉིས་སུ་དབྱེའོ། །དེའང་དགེ་འདུན་གྲངས་ཚང་བའི་ཆོ་ག་ལས་འདས་ཏེ་བཞིར་མ་ཚང་བ་ལྟ་བུས་གསོལ་བཞི་ལ་སོགས་པའི་ལསབྱེད་ན་ལས་གཏན་ནས་མི་འཆགས་ལ། གོ་རིམ་གྱི་ཆོ་ག་ལས་འདས་ཏེ་ཚིག་སྔ་ཕྱིའི་གོ་རིམའཁྲུགས་པས་ལས་བྱེད་ན་ལས་ཉེས་མེད་མི་འཆགས་པ་སྟེ། དོན་གོ་བར་བྱེད་ནུས་ན་ཉེས་པ་དང་བཅས་པའི་ལས་ནི་འཆགས་སོ། །ཆོ་ག་ལས་འདས་ན་ལས་མི་འཆགས་ཞེས་སྨོས་པ་དེའང༌། མེད་ན་མི་འབྱུང་བའི་ཆོ་ག་ལས་འདས་ན་ལས་གཏན་ནས་མི་འཆགས་ལ། ཕུན་སུམ་ཚོགསབྱེད་ཀྱི་ཆོ་ག་ལས་འདས་ཀྱང༌། ཐོས་པར་བྱ་བ་མ་ཡིན་པས་ཐོས་པས་ནི་མི་འཆགས་པར་མི་འགྱུར་རོ། །འདིར་ཡང་ཕུན་སུམ་ཚོགས་པ་ཉེས་མེད་ཀྱི་ལས་ནི་མི་འཆགས་ཏེ། ཊཱི་ཀ་ལས། ལས་བྱེད་པ་ལ་སོགས་པ་དག་ལ་ལྟུང་བ་ཙམ་དུ་ནི་འགྱུར་རོ་ཞེས་ཉེས་བྱས་ཙམ་དུ་འགྱུརབའོ། །འོན་ཀྱང་ལས་ཀྱི་ཆོ་ག་དེ་ཐོས་ན་རྒྱལ་པོ་དད་པ་འཕེལ་བར་འགྱུར་ན་ནི། དེས་ཐོསཔར་གསོ་སྦྱོང་བྱེད་པ་ལ་ཉེས་པ་མེད་ཅིང་ཉན་དུ་མ་བཅུག་ན་ཉེས་པར་འགྱུར་བ་ཡོད་དེ། ལུངསིལ་བུ་ལས། རྒྱལ་པོ་གཟུགས་ཅན་སྙིང་པོ་གསོ་སྦྱོང་གི་ཚེ་སོ་སོ་ཐར་པ་འདོན་པ་ཉན་དུ་མབཅུག་པ་དེ་ཀུན་དགའ་བོ་ཁྱོད་ཀྱིས་ཉེས་སོ། །ཞེས་གསུངས་སོ། །འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བའི་གཞུང་ལུགས་ཐམས་ཅད་དང་བསྟུན་ཏེ་མདོ་རྩ་བྱས་པ་འདི་ཉིད་ཚད་མར་བལྟ་བར་བྱའོ་ཞེསཊཱི་ཀ་ལས་སོ། །དེ་ལྟར་ན་སོ་སོ་ཐར་པའི་སྡོམ་པ་དྲུངས་ནས་ཕྱུང་བར་འགྱུར་རོ་ཞེ་ན་མི་འགྱུརཏེ། བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ། །ཞེས་སོ། །ཐམས་ཅད་དུའམ་ཞེ་ན། ནུས་པ་ཉིད་ཡིན་ན་མི་འགྱུར། །ཞེས་སོ། །འོ་ན་ནུས་པ་ཉིད་ཡིན་པ་དེ་རང་གང་ཞེ་ན། དེའི་ཚེ་ལེནཔ་པོ་ཡོད་ན་ཞེས་སོ། །ལྟུང་བ་བྱུང་བ་ལ་ནི་ལས་ཀྱི་གནས་སུ་འདུ་བའི་ཚེ་ན་ལས་བྱེད་པའི་དགེའདུན་རྣམས་ཀྱི་འདུ་ཤེས་ཇི་ལྟ་བ་བཞིན་དུ་ཕྱིར་བཅོས་བྱེད་དུ་གཞུག་པའམ་བསྙིལ་བ་བསྒྲུབཔར་བྱའོ། །ལས་བྱེད་པ་ལས་གཞན་གྱི་དུས་སུ་ཡང་རང་གི་འདུ་ཤེས་ཇི་ལྟ་བ་བཞིན་དུ་ཕྱིར་བཅོས་བྱས་ན་ལྟུང་བ་དག་པར་རིགས་ཏེ། མཁན་པོ་ཚུལ་ཁྲིམས་འཆལ་བ་ལ་ལྡན་པར་ཤེསན་ཚུལ་ཁྲིམས་སྐྱེ་བར་གསུངས་པའི་གནད་ཀྱིས་ཤེས་ཏེ། དེ་དང་འདི་དཔྱད་པ་ཐ་སྙད་པར་མཚུངས་པའི་ཕྱིར་རོ། །བསྙེན་པར་མ་རྫོགས་པ་དང་ཕམ་པས་ཉམས་པ་ལ་སོགས་ཏེ། ལསཀྱི་ཁ་སྐོང་བར་མི་འོས་པ་དེ་དག་ནི་ལས་ཀྱི་ཆོ་ག་བྱེད་པ་པོ་ཉིད་མ་ཡིན་ནོ་ཞེས་པ་ལ་ཊཱི་ཀལས། ལས་བྱེད་པ་ནི་ཚོགས་ཀྱི་ཁ་སྐོང་བར་གཞན་དག་པས་ཆེས་གཅེས་པ་ཡིན་པའི་ཕྱིརདང༌། དགེ་འདུན་གྱི་གཙོ་བོ་ཡིན་པའི་ཕྱིར་རོ། །ཞེས་སོ། །ལུང་གླེང་གཞི་ལས། བཙུན་པབསླབ་པ་སྩལ་བས་ལས་དག་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ་མ་བགྱིས་པ་ཞེས་བགྱི། ལས་མ་བྱས་པ་ཞེས་བྱ་སྟེ། ཡང་བྱ་བ་དག་ཡིན་ནོ། །ཞེས་གསུངས་སོ། །ཆོས་མ་ཡིན་པས་མི་བྱའོ་ཞེས་པ་ནི། སྦྱིན་པའི་ལས་ལ་གསོལ་བ་མི་འདེབས་ན་ཆོས་མ་ཡིན་པའི་ལས་དང༌། བསྐོབའི་ལས་ལ་སྤྲོ་བ་མི་འདྲི་ན་དང༌། ཆད་པ་བཅད་པའི་ལས་ལ་གླེང་དྲན་སྔོན་དུ་མི་གཏོང་ནཆོས་མ་ཡིན་པའི་ལས་ཏེ། ཊཱི་ཀ་ལས། ཆོས་མ་ཡིན་ཞེས་བྱ་བ་ནི་གླེང་བར་མ་བྱས། དྲན་པརམ་བྱས་པར་མཐུས་མངོན་སུམ་དུ་མ་གྱུར་བར་ཆད་པའི་ལས་བྱེད་དུ་འཇུག་པ་ལ་སོགས་པའོཞེས་སོ། །འདིའི་དམིགས་བསལ་ནི་འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིས་སོ་ཞེས་འོག་ནས་འབྱུང་ངོ༌། །

ལྔ་པ་ལས་ཉམས་སུ་མྱོང་བའི་ཚད་ནི།

དགེ་འདུན་གྱིས་ལས་ཀྱི་ཆོ་གའི་ཚིག་ཐོས་ཤིངདོན་གོ་བ་སྟེ། རང་གི་འོས་པའི་དགེ་འདུན་གྱིས་ཉམས་སུ་མྱོང་བ་མ་གྲུབ་པ་ཉིད་ནི་མ་ཡིནནོ། །ཞེས་གསུངས་སོ། །གལ་ཏེ་བསྒྲུབ་བྱ་ཡུལ་དེ་ལས་ཉམས་སུ་མྱོང་བ་དགོས་ན་ནི་མི་རིགསཏེ། བསྒྲུབ་བྱ་སེམས་ཅན་མ་ཡིན་པ་ལ་སྒྲུབ་པ་ལ་བསྒྲུབ་བྱ་ཡུལ་གྱིས་ལས་ཉམས་སུ་མྱོང་བམེད་ཀྱང་ལས་འཆགས་པའི་ཕྱིར་རོ། །དེ་བཞིན་དུ་འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིས་བྱ་བའི་ནན་ཏུར་གྱི་ལས་དང༌། མངོན་དུ་མ་གྱུར་པའི་ལས་བཅུ་དང༌། འཕྲིན་གྱིས་བསྙེན་རྫོགསབྱེད་པ་ལ་ཡང་བསྒྲུབ་བྱ་ཡུལ་གྱིས་ལས་ཉམས་སུ་མྱོང་བ་མེད་ཀྱང་ལས་འཆགས་སོ། །དེ་བཞིནདུ་ལུང་ཞུ་བ་ལས། གཉིད་ལོག་གམ་སྙོམས་པར་ཞུགས་ཀྱང་བསྙེན་པར་རྫོགས། ཞེས་དང༌།

མཛོད་ཀྱི་འགྲེལ་བཤད་ལས། སེམས་མེད་པ་ལ་སྡོམ་པ་སྐྱེ་བ་ཡོད་དེ། སྡོམ་པ་ལེན་པ་པོ་འགོགཔ་ལ་སྙོམས་པར་ཞུགས་བཞིན་པ་ལ་དགེ་སློང་གི་སྡོམ་པ་སྐྱེ་བར་ཡོད་པར་གསུངས་པས་བསྒྲུབབྱ་ཡུལ་གྱིས་དངོས་གཞིའི་ཆོ་ག་ཉམས་སུ་མྱོང་བ་ངེས་གཟུང་དུ་མི་དགོས་སོ། །དགེ་འདུན་གྱིལས་ཉམས་སུ་མྱོང་བ་དེ་ཡང་གསོལ་བ་ཐོས་ན་ལས་བརྗོད་པ་ཉམས་སུ་མྱོང་བ་ནི་ངེས་པར་མི་དགོས་ཏེ། གསོལ་བ་ཐོས་ན་དེ་གྲུབ་པ་ཉིད་ཡིན་ནོ། །ཞེས་གསུངས་པས་སོ། །དེའི་གནདཀྱིས་མི་མཐུན་པ་བསྐྱེད་པ་ཡང་གསོལ་བའི་དུས་ན་སྟེ། དེའི་དུས་ན་མི་མཐུན་པ་མེད་ན་བརྗོདཔའི་དུས་ན་དགེ་སློང་འགའ་ཞིག་མ་འདུས་ཀྱང་ལས་འཆགས་པར་གསལ། ཞེས་གསུངས་སོ། །

དྲུག་པ་ལས་འཆགས་པའི་དུས་ནི།

ཆོ་གའི་ཚིག་འོག་མ་མེད་པ་སྟེ་གང་ཡིན་པའི་ཚིགཕལ་ཆེར་བྱས་པ་ན་ལས་འཆགས་པ་ཡིན་ཏེ། རྩ་བར། ཚིག་ཕལ་ཆེར་བྱས་པ་ཉིད་ནི་བྱས་པཉིད་དོ། །འོག་མ་མེད་པ་ལའོ། །ཞེས་གསུངས་སོ། །དེའི་འཐད་སྒྲུབ་ནི། ཊཱི་ཀ་ལས། ཕལཆེར་བྱས་པ་ནི་བྱས་པ་ཉིད་ཡིན་ནོ་ཞེས་འཕགས་པའི་གྲགས་པ་ཡིན་པས། ཞེས་སོ། །དེའངཆོ་གའི་ཚིག་འོག་མ་མེད་པ་ནི། གསོལ་བ་འབའ་ཞིག་པའི་ལས་ལ་ནི་གསོལ་བ་དེ་ཉིད་ཆོ་གའིཚིག་འོག་མ་མེད་པ་སྟེ། གསོལ་བ་ཕལ་ཆེར་བྱས་པ་སྟེ་སུམ་གཉིས་བྱས་པ་ཉིད་ན་ལས་འཆགསསོ། །གསོལ་གཉིས་ཀྱི་ལས་ལ་གསོལ་བ་ནི་ཆོ་གའི་ཚིག་འོག་མ་ཡོད་པ་ཡིན་ལ། བརྗོད་པ་ནིཆོ་གའི་ཚིག་འོག་མ་མེད་པ་སྟེ། བརྗོད་པ་ཕལ་ཆེར་བྱས་པ་ཉིད་ན་ལས་འཆགས་སོ། །གསོལབཞིའི་ལས་ལ་གསོལ་བ་ནས་བརྗོད་པ་གཉིས་པ་ནི་ཆོ་གའི་ཚིག་འོག་མ་ཡོད་པ་ཡིན་ལ། བརྗོདཔ་གསུམ་པ་ནི་ཆོ་གའི་ཚིག་འོག་མ་མེད་པ་སྟེ་བརྗོད་པ་གསུམ་པ་ཕལ་ཆེར་བྱས་པ་ཉིད་ན་ལསའཆགས་སོ། །བརྗོད་པ་གསུམ་པ་དེ་ལ་ཡང་ཆ་གསུམ་དུ་དབྱེ་སྟེ། ངོ་བོ་བརྗོད་པ་དང༌། བྱ་བབརྗོད་པ་དང༌། བྱེད་པ་བརྗོད་པའོ། །དེའང་གང་ལ་བྱ་བའི་ཡུལ་ལ་ངག་གཙོ་བོར་ཞུགས་པདང༌། གང་བྱ་བ་སྐབས་དོན་ལ་ངག་གཙོ་བོར་ཞུགས་པ་དང༌། གང་གིས་བྱེད་པ་དགེ་འདུནལ་ངག་གཙོ་བོར་ཞུགས་པ་སྟེ་གོ་རིམ་བཞིན་ནོ། །འདིར་ངོ་བོ་བརྗོད་པ་དང་བྱ་བ་བརྗོད་པཟིན་ཅིང༌། བྱེད་པ་མ་བརྗོད་པ་ན་ལས་འཆགས་པའོ། །གང་ཟག་གི་སྔགས་ལ་ཡང་ཕལ་ཆེརབྱས་པ་ཉིད་ན་བྱས་པ་ཉིད་དོ་ཞེས་སྦྱར་རོ། །

གཉིས་པ་ལས་ཀྱི་ངོ་བོའི་དོན་བཤད་པ་ལ་དྲུག་ལས། དང་པོ་ལས་ཀྱི་དབྱེ་བ་བཤདཔ་ལ།

དབྱེ་བ་བརྒྱ་རྩ་གཅིག་རགས་ཙམ་བཤད་པ་དང༌། མངོན་སུམ་དུ་མ་གྱུར་པར་བྱ་བའིལས་རྣམས་སྟོན་པ་དང་གཉིས། དང་པོ་ནི། བཅོམ་ལྡན་འདས་ཀྱིས་དངོས་སུ་གསུངས་པའིལས་བརྒྱ་རྩ་གཅིག་སྟེ། །གསོལ་བ་དང་བརྗོད་པ་ནི་ལས་བརྒྱ་རྩ་གཅིག་གི་གསོལ་བ་བརྒྱ་རྩགཅིག་དང༌། བརྗོད་པ་བརྒྱ་དང་སུམ་ཅུ་རྩ་བདུན་ནོ། །དེ་ཡང་གསོལ་གཉིས་ཀྱི་ལས་བཞི་བཅུརྩ་བདུན་ལ་བརྗོད་པའང་དེ་སྙེད་དང་གསོལ་བཞིའི་ལས་སུམ་ཅུ་ལ་བརྗོད་པ་དགུ་བཅུ་ཡོད་པའོ། །གསོ་སྦྱོང་གི་སོ་སོ་ཐར་པའི་མདོ་གདོན་པ་དང་དགག་དབྱེ་ནི་ལས་དངོས་མ་ཡིན་ཡང༌། ལས་བཏགས་པ་བ་སྟེ། འདི་གཉིས་བསྙེན་པར་མ་རྫོགས་པས་ཐོས་ན་རྐུ་ཐབས་སུ་འགྱུར་བ་ལ་སོགས་པའི་སྒོ་ནས་ལས་དང་རྣམ་པ་འདྲ་བའི་ཕྱིར། ལས་དང་འདྲ་བ་ལ་ལས་ཞེས་བཏགསཔའོ། །ལས་ཀྱི་མཚན་ཉིད་དང་མི་ལྡན་ཞིང་ལས་བརྒྱ་རྩ་གཅིག་ཏུ་མ་གཏོགས་པའོ། །ཁྱདཔར་དུའང་དགག་དབྱེ་ནི་སྔགས་རྣམ་པར་བཞག་པ་ཡིན་ཡང་ལས་སུ་བཏགས་པ་ནི་ལནགསུམ་བརྗོད་པ་ཡོད་པའི་སྒོ་ནས་དེར་བཏགས་ཏེ། འདུལ་བ་བསྡུས་པ་ལས། ལས་ནི་མདོརབསྡུ་ན་རྣམ་པ་བཞི་སྟེ། གསོལ་བའི་ལས་དང་གསོལ་བ་དང་གཉིས་ཀྱི་ལས་དང༌། གསོལ་བདང་བཞིའི་ལས་དང༌། ལན་གསུམ་བརྗོད་པའི་ལས་སོ། །ཞེས་གསུངས་ཏེ་ཆོས་གོས་དངལྷུང་བཟེད་བྱིན་གྱིས་བརླབ་པ་ལ་ལན་གསུམ་བརྗོད་པ་ལ་ཡང་མིང་ལས་སུ་བཏགས་པ་བཞིནནོ། །ཞེས་མཚོ་ཊཱིཀ་ལས་གསུངས་སོ། །དེ་དང་ཅུང་མི་འདྲ་བ་ནི། ཊཱི་ཀ་ལས། ལས་ལ་ནི་ཞེསསྨོས་པས་ནི་ཞེས་པ་ནས། ལས་བརྒྱ་རྩ་གཅིག་པོ་དེ་དག་བཟུང་བར་མ་ཟད་ཀྱི་འདུལ་བ་དངལྡན་པའི་ལས་ཐམས་ཅད་འདུས་པར་རིག་པར་བྱའོ། །ཞེས་གསུངས་སོ། །སྒོ་མང་ཡིག་ཆ་༤༢༡ལས། དགེ་འདུན་དང་འབྲེལ་བའི་ལས་ལ་ལས་གསུམ་གང་རུང་གིས་ཁྱབ་ཟེར་བ་དང༌། དགེ་འདུན་གྱི་ལས་ཀྱིས་ཁྱབ་ཟེར་ན། གང་ཟག་གིས་དགེ་འདུན་ལ་ཡོངས་དག་འབུལ་བ་ཆོས་ཅན། དེ་གཉིས་རེ་རེ་ནས་ཡིན་པར་ཐལ། དགེ་འདུན་དང་འབྲེལ་བའི་ལས་ཡིན་པའི་ཕྱིར་ཏེ། ཡུལ་དགེ་འདུན་ལ་ཞུ་བའི་ལས་ཡིན་པའི་ཕྱིར། དེས་གཞན་ལའང་འདྲ། །ཞེས་གསུངས་སོ། །ཀརྨ་ཤ་ཏཾ་ལས། ལས་ཀྱི་གྲངས་བརྒྱ་རྩ་གཅིག་ཏུ་ངེས་པར་གང་གིས་ཤེས་ཞེ་ན། གཏམ་གྱི་གཞི་ལས་ལས་ཀྱི་གྲངས་བརྗོད་པ་ལས། བཙུན་པ་ལས་དག་དུ་མཆིས། ཉེ་བར་འཁོརབརྒྱ་རྩ་གཅིག་གོ་ཞེས་ལུང་ཁུངས་དང་བཅས་ཏེ་གསུངས་སོ། །ཞིབ་པར་ཀརྨ་ཤ་ཏཾ་སོགས་ལས་ཤེས་པར་བྱའོ། །

གཉིས་པ་མངོན་སུམ་དུ་མ་གྱུར་པར་བྱ་བའི་ལས་རྣམས་སྟོན་པ་ནི།

དགེསློང་བྱེ་མ་སྐྱེས་ལྟ་བུ་ལ་སྨྱོས་པའི་གནང་བ་དང་དགེ་སློང་གནས་ནས་ཕྱུང་བ་ལ་དགེ་སློང་མ་རྣམས་ཀྱིས་ཕྱག་མི་བྱ་བའི་སྡོམ་པ་དང༌། མི་སྨྲ་བའི་སྡོམ་པ་དང༌། དེ་དག་དང་ཆོས་དང་ཟངཟིང་གི་ལོངས་མི་སྤྱད་པའི་སྡོམ་པ་དང༌། དེ་དག་གི་གཙུག་ལག་ཁང་དུ་འགྲོ་བར་མི་བྱ་བའི་སྡོམ་པ་དག་ནི་ཡུལ་དེའི་མངོན་སུམ་དུ་མ་གྱུར་པར་བྱའོ། །ཞེས་སོ། །འདི་གཏན་ལ་དབབཔ་ལ་བཞི་ལས། དང་པོ་མངོན་སུམ་དུ་མ་གྱུར་པའི་ལས་ལྔ་འདིར་བསྡུས་ལ་གཞན་མ་བསྡུསཔའི་འཐད་པ་ནི། འདིའི་ལུང་ཁུངས་ནི་མ་མོ་ལས། མངོན་སུམ་དུ་མ་གྱུར་པར་བྱ་བའི་ལསབཅུ་གང་ཞེ་ན། ལྷུང་བཟེད་ཁ་སྦུབ་པ་དང༌། ལྷུང་བཟེད་ཁ་སྦུབ་པ་བག་ཡངས་སུ་བྱ་བ་དང༌། ༼ཁྱིམ་གྱི་༽བསླབ་པའི་སྡོམ་པ་དང༌། བསླབ་པའི་སྡོམ་པ་བག་ཡངས་སུ་བྱ་བ་དང༌། དགེ་ཚུལགྱི་སྡོམ་པ་དང༌། སྨྱོས་པའི་གནང་བ་དང༌། ༼དགེ་སློང་གནས་ནས་ཕྱུང་བ་ལ་༽ཕྱག་མི་བྱ་བའི་སྡོམཔ་དང༌། མི་སྨྲ་བའི་སྡོམ་པ་དང༌། ལོངས་མི་སྤྱོད་པའི་སྡོམ་པ་དང༌། གཙུག་ལག་ཁང་གི་སྡོམཔའོ། །ཞེས་གསུངས་སོ། །དེ་ལྟར་ལུང་ལས་བཅུ་གསུངས་པ་ལས་ལྔ་ནི་འདིར་བསྡུས་ལ། གཞན་ལྔ་པོ་འདིར་མི་བསྡུ་བ་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། སྨྱོས་པའི་གནང་བ་ལ་སོགས་པ་ལྔཔོ་འདི་དག་ཆོས་ཅན། མངོན་སུམ་དུ་མ་གྱུར་པའི་ལས་ཡིན་ནོ་ཞེས་གཞུང་དུ་བསྟན་དགོསཔ་ཡིན་ཏེ། བསྒྲུབ་བྱ་བསྙེན་རྫོགས་ལ་སྒྲུབ་པ་ཡིན་པའི་ཆ་ནས་ལས་ཐོས་པའི་མངོན་སུམདུ་བྱའམ་སྙམ་དུ་དོགས་པ་བསལ་དགོས་པའི་ཕྱིར་རོ། །ལྷུང་བཟེད་ཁ་སྦུབ་པ་ནས་དགེ་ཚུལ་བསྙིལ་བའི་བར་གྱི་ལས་ལྔ་པོ་དེ་དག་ཆོས་ཅན། མངོན་སུམ་དུ་མ་གྱུར་པའི་ལས་ཡིན་ནོ་ཞེསམདོ་རྩ་བའི་སྐབས་འདིར་བསྟན་མི་དགོས་པ་ཡིན་ཏེ། བསྙེན་པར་མ་རྫོགས་པ་འབའ་ཞིག་གིཡུལ་ལ་སྒྲུབ་པ་ཡིན་པའི་ཆ་ནས་ལས་ཐོས་པའི་མངོན་སུམ་དུ་བྱའམ་སྙམ་པའི་དོགས་པ་མེདཔའི་ཕྱིར་རོ། །དེའང་རང་གི་རྣམ་བཤད་ལས། དེ་རྣམས་ནི་བསྙེན་པར་མ་རྫོགས་པའི་ཡུལ་ཡིན་པས་དེ་དག་ལ་མངོན་སུམ་དུ་གྱུར་པའི་དོགས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །འོ་ན་མི་སྨྲ་ལོངས་མི་སྤྱོད་གཙུག་ལག་ཁང་གི་སྡོམ་པ་གསུམ་པོ་འདི་དག་ཆོས་ཅན། མངོནསུམ་དུ་མ་གྱུར་པའི་ལས་ཡིན་ནོ་ཞེས་མདོ་རྩ་བའི་སྐབས་འདིར་བསྟན་མི་དགོས་པར་ཐལ། བསྙེན་པར་མ་རྫོགས་པ་འབའ་ཞིག་གི་ཡུལ་ལ་སྒྲུབ་པ་ཡིན་པའི་ཆ་ནས་ལས་ཐོས་པའི་མངོནསུམ་དུ་བྱའམ་སྙམ་པའི་དོགས་པ་མེད་པའི་ཕྱིར་ཏེ། ཊཱི་ཀ་ལས། ལྷུང་བཟེད་ཁ་སྦུབ་པ་ནསདགེ་ཚུལ་བསྙིལ་བའི་བར་ལ་བྱ་བར་བཤད་པས་གྲུབ་བོ་ཞེ་ན། བསྙེན་པར་མ་རྫོགས་པ་འབའཞིག་གི་ཡུལ་ལ་སྒྲུབ་པ་དེ་མ་གྲུབ་སྟེ། གནས་ནས་ཕྱུང་བའི་དགེ་སློང་ལ་ཡང་སྒྲུབ་དགོས་པའིཕྱིར་རོ། །

གཉིས་པ་ཡུལ་གང་ལ་སྒྲུབ་པ་གཏན་ལ་དབབ་པ་ནི།

མི་སྨྲ་ལོངས་མི་སྤྱོད་གཙུགལག་ཁང་གི་སྡོམ་པ་དང་གསུམ་པོ་འདི་ཡུལ་གང་ལ་བྱ་ཞེ་ན། ལྷུང་བཟེད་ཁ་སྦུབ་བྱས་པ་ལསོགས་པའི་བསྙེན་པར་མ་རྫོགས་པ་ལ་འདི་གསུམ་བྱ་ཞིང༌། གནས་ནས་ཕྱུང་བའི་དགེ་སློངལ་ཡང་འདི་གསུམ་བྱ་བ་ཡིན་ཏེ། སྔ་མ་ནི་ཊཱི་ཀ་ལས་ལྷུང་བཟེད་ཁ་སྦུབ་པ་ནས་དགེ་ཚུལབསྙིལ་བའི་བར་ལ་བྱ་བར་བཤད་པས་གྲུབ་ཅིང༌། ཕྱི་མ་ནི་ལུང་ཞུ་བ་ལས་མངོན་སུམ་དུ་མགྱུར་པར་ལས་རྣམས་བགྱིས་པར་འགྱུར་བར་མཆིས་སམ། ཨུ་པ་ལི་ཡོད་དེ། དགེ་སློང་མའིདགེ་འདུན་གྱིས་ཕྱག་མི་བྱ་བའི་སྡོམ་པའམ། ལོངས་སྤྱོད་དང་བྲལ་བའི་སྡོམ་པ་བྱིན་པའོ་ཞེསགསུངས་པ་དང༌། གཏམ་གྱི་གཞི་ལས། དགེ་སློང་མ་རྣམས་ཀྱིས་དགེ་སློང་ལ་ཕྱག་མི་བྱ་བརབཅས་པ་དང༌། གཏམ་མི་སྨྲ་བར་བཅས་པ་དང༌། ལོངས་སྤྱོད་མི་གཅིག་པར་བཅས་ནས་བསྐོསཔ་དེ་ལྟ་བུ་ནི་མངོན་སུམ་དུ་མ་གྱུར་ཀྱང་དགེ་འདུན་གྱི་ལས་བྱེད་ནའོ། །ཞེས་གསུངས་སོ། །མི་སྨྲ་ལོངས་མི་སྤྱོད་གཙུག་ལག་ཁང་གི་སྡོམ་པ་ཞེས་པའི་སྐབས་འདི་ཉིད་ཀྱི་རང་གི་རྣམ་བཤདལས་ཀྱང༌། འདི་རྣམས་ནི་བསྙེན་པར་རྫོགས་པ་མངོན་སུམ་དུ་གྱུར་པ་མ་ཡིན་པ་རྣམས་ལབྱེད་པ་ཡིན་ཞེས་བསྙེན་པར་རྫོགས་པ་ལ་འདི་གསུམ་བྱེད་པར་གསུངས་སོ། །

གསུམ་པ་དཀའ་བའི་གནས་གསུམ་གཏན་ལ་དབབ་པ་ནི།

མི་སྨྲ་ལོངས་མི་སྤྱོདགཙུག་ལག་ཁང་གི་སྡོམ་པ་དང་གསུམ་པོ་འདི་གང་ལ་བྱ་བའི་ཡུལ་ནི། ཊཱི་ཀ་ལས། ལྷུང་བཟེདཁ་སྦུབ་པ་ནས་དགེ་ཚུལ་བསྙིལ་བའི་བར་གྱི་སྡོམ་པ་ལྔ་པོ་བཅས་པ་དེ་དག་ལ་བྱ་ཞེས་གསུངསསོ། །འོ་ན་ལྷུང་བཟེད་ཁ་བསྲང་བ་དང་ཁྱིམ་གྱི་བསླབ་པའི་སྡོམ་པ་བག་ཡངས་སུ་བྱ་བ་གཉིསནི། སྨྲ་བ་དང་ལོངས་སྤྱོད་པའི་ཕྱིར་ཡིན་པ་ལ་མི་སྨྲ་བ་དང་ལོངས་མི་སྤྱོད་པ་ལ་སོགས་བྱེདཔ་འགལ་ཏེ། གོ་དཀའ་བའི་གནས་དེ་དང་པོའོ། །ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པ་ལ་ཡངམི་སྨྲ་ལོངས་མི་སྤྱོད་གཙུག་ལག་ཁང་གི་སྡོམ་པ་བྱེད་ན། ཁྱིམ་དུ་འགྲོ་བ་དང་སྟན་ལ་འདུགཔ་དང་ཆོས་བསྟན་པ་དག་བྱའོ་ཞེས་གསུངས་པ་དང་འགལ་ཏེ། གོ་དཀའ་བའི་གནས་གཉིསཔའོ། །མི་སྨྲ་ལོངས་མི་སྤྱོད་གཙུག་ལག་ཁང་གི་སྡོམ་པ་དང་གསུམ་པོ་འདི་ལ་ལུང་དང་བསྟན་འཆོསལས་ནི་ལས་ཀྱི་ཆོ་ག་གསུངས་པ་མེད་པས་ཆོ་ག་ཅི་འདྲ་བ་ཞིག་བྱེད་དེ། གོ་དཀའ་བའི་གནསགསུམ་པའོ་ཞེ་ན། དཀའ་བའི་གནས་དང་པོ་ནི་ལྷུང་བཟེད་ཁ་བསྲང་བ་དང་ཁྱིམ་གྱི་བསླབ་པའིསྡོམ་པ་བག་ཡངས་སུ་བྱ་བ་དང་གཉིས་པོ་དེ་ནི་ཊཱི་ཀས་ཞར་ལ་ཤོར་བ་ཡིན་ནོ་ཞེས་སྔ་མ་རྣམསའཆད་པར་བྱེད་དོ། །རྣམ་གྲངས་གཞན་ཡང་སྐབས་འདིའི་ཊཱི་ཀ་དང་དེས་ཁུངས་སུ་དྲངས་པའིལུང་ལས། ལྷུང་བཟེད་ཁ་སྦུབ་པ་བག་ཡངས་སུ་བྱ་བ་དང་བསླབ་པའི་སྡོམ་པ་བག་ཡངས་སུབྱ་བ་དང་ཞེས་གསུངས་ཀྱི། དེ་གཉིས་བག་ཡངས་སུ་བྱས་པ་དང་ཞེས་ནི་མ་གསུངས་ཏེ། དེའངལྷུང་བཟེད་ཁ་སྦུབ་བྱས་པའི་ཁྱིམ་བདག་རབ་བྱུང་ལ་གཤེ་སྐུར་བཏབ་པ་ལ་འགྱོད་པར་གྱུར་པ་ན། ཁ་སྦུབ་པ་བག་ཡངས་སུ་བྱས་ནི་མ་ཟིན་པ་ན་ཁྱིམ་བདག་དེ་ནི་གང་ལ་ལྷུང་བཟེད་ཁསྦུབ་པ་བག་ཡངས་སུ་བྱ་བ་ཡིན་ནོ། །དེ་བཞིན་དུ་ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་བདག་དེའི་ཡོ་བྱད་སོར་ཆུད་པར་གྱུར་པ་ནས། ཁྱིམ་གྱི་བསླབ་པའི་སྡོམ་པ་དེ་བག་ཡངས་སུབྱས་ནི་མ་ཟིན་པ་ན་ཁྱིམ་བདག་དེ་ནི་གང་ལ་བསླབ་པའི་སྡོམ་པ་བག་ཡངས་སུ་བྱ་བ་སྟེ། དེ་ལྟར་ན་ཡུལ་གང་ལ་བག་ཡངས་སུ་བྱ་བའི་ཁྱིམ་བདག་དེ་ལ་ནི་མི་སྨྲ་བ་ལ་སོགས་པ་གསུམ་པོ་དེ་དག་བྱ་དགོས་ཏེ། ཁ་སྦུབ་པ་དང་བསླབ་པའི་སྡོམ་པ་དེ་གཉིས་བག་ཡངས་སུ་བྱ་བརའོས་ལ། དེ་གཉིས་བག་ཡངས་སུ་བྱས་ནི་མ་ཟིན་པའི་ཕྱིར་རོ། །འོན་ཀྱང་བག་ཡངས་སུ་བྱབར་གསོལ་བ་ལན་གསུམ་འདེབས་པའི་ཁྱིམ་པས་བརྗོད་པ་ན། དགེ་སློང་གིས་ཁྱིམ་པ་དེ་ལ་རྗེས་སུ་བརྗོད་པ་སློབ་པར་རིགས་ཏེ། འདི་ནི་དགེ་སློང་གིས་དེ་ལ་མི་སྨྲ་བའི་དམིགས་བསལཡིན་པར་སེམས་སོ། །དཀའ་བའི་གནས་གཉིས་པ་ནི་ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་དེ་ནས་ཟས་བསླང་བའི་བསམ་པས་ནི་མི་སྨྲ་བ་དང་ལོངས་མི་སྤྱོད་པ་ལ་སོགས་པ་ཡིན་ལ། ཟས་བསླང་བའི་བསམ་པ་མེད་པར་ནི་ཁྱིམ་དུ་འགྲོ་བ་དང་སྟན་ལ་འདུག་པ་དང་ཆོས་བསྟནཔ་དག་བྱ་བ་སྟེ་འགལ་བ་མེད་དོ། །དཀའ་བའི་གནས་གསུམ་པ་ལ་ནི་མི་སྨྲ་ལོངས་མི་སྤྱོད་གཙུག་ལག་ཁང་གི་སྡོམ་པ་འདི་གསུམ་ནི་ལས་བཏགས་པ་ཡིན་ཏེ། གཏམ་སྨྲ་བ་དང་ལོངསསྤྱོད་པ་ལ་སོགས་པ་ཡང་དག་པར་སྡོམ་པ་ལ་ལས་སུ་མིང་བཏགས་པ་ཙམ་མོ། །དེས་ན་འདིགསུམ་ལ་ལས་ཀྱི་ཆོ་ག་ནི་མེད་དེ། འདུལ་བ་ལུང་ན་འདི་གསུམ་ལ་ལས་ཀྱི་ཆོ་ག་ཡིག་འབྲུ་གཅིག་ཀྱང་མེད་དོ། །དེའི་རྒྱུ་མཚན་གྱིས་ཀརྨ་ཤ་ཏཾ་ལ་སོགས་པའི་འདུལ་བའི་བསྟན་བཅོས་གང་ནའང་འདི་གསུམ་ལ་ལས་ཀྱི་ཆོ་ག་བཤད་པ་མེད་དོ། །འདི་གསུམ་ནི་ལས་བརྒྱ་རྩ་གཅིགསྡོམ་གྱིས་བསྡུས་པར་ཡང་མ་གཏོགས་ཏེ། འདི་གསུམ་ལས་མཚན་ཉིད་པ་ཡིན་ན་ནི་དངོས་སུ་གསུངས་པའི་ལས་བརྒྱ་རྩ་བཞིར་མི་འགྱུར་རམ་ཞེས་དཔྱད་པར་རིགས་སོ། །འོ་ན་མངོན་སུམ་དུ་མ་གྱུར་པའི་ལས་བཅུ་མེད་པར་ཐལ། འདི་གསུམ་ལ་ལས་ཀྱི་ཆོ་ག་མེད་པའི་ཕྱིར་རོ་ཞེ་ན། འདོད་རིགས་ཏེ། ལས་མཚན་ཉིད་པ་དང་བཏགས་པ་བ་གཉིས་ཀ་བགྲངས་ན་བཅུཡོད་ཀྱང་སྤྱིར་ལས་ཡིན་པའི་མངོན་དུ་མ་གྱུར་བའི་ལས་བཅུ་མེད་པའོ། །

བཞི་པ་མཐོང་ཐོས་ཚོགས་པའི་མངོན་སུམ་དུ་སྒྲུབ་པར་མི་བྱ་བ་ནི།

ཊཱི་ཀ་ལས། ལསབཅུ་པོ་དེ་དག་ནི་ལྟ་བའི་ཉེན་ཀོར་དུ་བཞག་པ་ཉིད་ཀྱིས་མངོན་སུམ་དུ་བསྒྲུབ་པར་ཡང་མིབྱའོ་ཞེས་གསུངས་ཏེ། མཐོང་ཐོས་ཚོགས་པའི་མངོན་སུམ་དུ་བསྒྲུབ་པར་ཡང་མི་བྱའོ་ཞེསབསྟན་པའོ། །མཐོང་ཐོས་ཚོགས་པའི་མངོན་སུམ་དུ་མི་བྱ་བ་འདི་ལ་གཉིས་ཏེ། མཐོང་ཐོསགཉིས་ཀའི་མངོན་སུམ་དུ་མ་གྱུར་པར་བྱ་བ་དང༌། ཐོས་པ་ཁོ་ནའི་མངོན་སུམ་དུ་མ་གྱུར་པར་བྱ་བའོ། །དང་པོ་ནི། མྱོས་པའི་གནང་བ་དང༌། ཕྱག་མི་བྱ་བ་དང༌། ཁྱིམ་གྱི་བསླབ་པའི་སྡོམཔ་སྦྱིན་པ་དང༌། ལྷུང་བཟེད་ཁ་སྦུབ་པ་སྟེ་བཞིའོ། །གཉིས་པ་ནི་དགེ་ཚུལ་བསྙིལ་བ་དང་ཁྱིམགྱི་བསླབ་པའི་སྡོམ་པ་གཞིག་པ་དང་ལྷུང་བཟེད་ཁ་བསྲང་བ་དང་གསུམ་ནི་ལས་ཐོས་པའིམངོན་སུམ་དུ་མ་གྱུར་པར་བྱ་བ་ཡིན་ཡང༌། མཐོང་བའི་མངོན་སུམ་དུ་སྒྲུབ་པར་བྱ་བ་ཡིན་ཏེ། ལུང་རྣམ་འབྱེད་གཉིས་ཀ་དང་ཀརྨ་ཤ་ཏཾ་ལ་སོགས་པ་ལུང་དང་བསྟན་བཅོས་ཀྱི་གཞུང་བཅུ་གཅིག་ལས་གསུངས་སོ། །དེ་ཡང་དགེ་ཚུལ་བསྙིལ་བ་ལ་ནི་དེ་ལྟར་ཡིན་པའི་གཞུང་ལྔ་ཡོད་དེ། ལུང་དགེ་སློང་ཕའི་རྣམ་འབྱེད་ལས། དགེ་ཚུལ་ཚེར་མ་དང་ཆེན་པོ་བ་གཉིས་ཐོས་པའིཉེན་ཀོར་ནས་སྤངས་ཏེ། མཐོང་བའི་ཉེན་ཀོར་དུ་བཞག་ནས། དགེ་ཚུལ་བསྙིལ་བ་གསོལ་བདང་བཞིའི་ལས་བྱའོ་ཞེས་གསུངས་པ་དང་ལུང་དགེ་སློང་མའི་རྣམ་འབྱེད་ལས། དགེ་ཚུལ་མ་མཛེས་མ་དང་རྒྱལ་མ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ། མཐོང་བའི་ཉེན་ཀོར་དུ་འདུག་ཏུབཅུག་ནས་གསོལ་བ་དང་བཞིའི་ལས་ཀྱིས་བསྙིལ་བར་བྱའོ་ཞེས་གསུངས་པ་དང༌། ཀརྨ་ཤ་ཏཾ་ལས་ཀྱང༌། དགེ་ཚུལ་དེ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ། མཐོང་བའི་ཉེན་ཀོར་དུ་བཞགནས། དགེ་ཚུལ་བསྙིལ་བ་གསོལ་བ་དང་བཞིའི་ལས་བྱའོ་ཞེས་གསུངས་ལ། དེ་ཁོ་ནར་བམ་པོལྔ་བཅུ་པ་དང་འགྲེལ་ཆུང་ལས་ཀྱང་བཤད་དོ། །ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་པ་ལ་ནི་དེ་ལྟར་ཡིན་པའི་གཞུང་བཞི་ཡོད་དེ། ལུང་དགེ་སློང་ཕའི་རྣམ་འབྱེད་ལས། དམག་དཔོན་སེངགེ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ། མཐོང་བའི་ཉེན་ཀོར་དུ་བཞག་ནས་ཁྱིམ་གྱི་བསླབ་པའིསྡོམ་པ་གཞིག་པ་གསོལ་བ་འབའ་ཞིག་པའི་ལས་བྱའོ། །ཞེས་གསུངས་པ་དང༌། ཀརྨ་ཤ་ཏཾ་ལས་ཀྱང༌། སྦྱིན་བདག་དེ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ། མཐོང་བའི་ཉེན་ཀོར་དུ་བཞགནས་ཁྱིམ་གྱི་བསླབ་པའི་སྡོམ་པ་གཞིག་པ་གསོལ་བ་འབའ་ཞིག་གི་ལས་བྱའོ། །ཞེས་གསུངསལ། དེ་ཁོ་ན་བཞིན་དུ་བམ་པོ་ལྔ་བཅུ་པ་ལས་ཀྱང་བཤད་དོ། །རྣམ་འབྱེད་ཀྱི་འགྲེལ་པ་ལས་ཀྱང་མཐོང་བའི་ཉེན་ཀོར་དུ་བཞག་ནས་ཞེས་བྱ་བ་ནི་གསོལ་བའི་ལས་བྱེད་པའི་མཚན་མབསྟན་པར་བྱ་བའི་ཕྱིར་རོ། །ཞེས་གསུངས་སོ། །ལྷུང་བཟེད་ཁ་བསྲང་བ་ལ་ནི་དེ་ལྟར་ཡིནཔའི་གཞུང་གཉིས་ཡོད་དེ། ལུང་ཕྲན་ཚེགས་ལས། ལི་ཙ་བྱི་ཆེན་པོ་ཐོས་པའི་ཉེན་ཀོར་ནསབཀར་ཏེ། མཐོང་བའི་ཉེན་ཀོར་དུ་བཞག་ལ་ལྷུང་བཟེད་ཁ་བསྲང་བ་གསོལ་བ་འབའ་ཞིགགི་ལས་བྱའོ། །ཞེས་དང༌། ལུང་ཕྲན་ཚེགས་འགྲེལ་པ་ལས། མཐོང་བའི་ཉེན་ཁོར་ནི་གང་དུའདུག་ན་དགེ་འདུན་མཐོང་བར་གྱུར་པའོ། །ཞེས་གསུངས་སོ། །མདོར་ན་དགེ་ཚུལ་བསྙིལ་བ་ལ་སོགས་པ་དེ་དག་ཐམས་ཅད་མཐོང་ཐོས་ཚོགས་པའི་མངོན་སུམ་དུ་སྒྲུབ་པར་མི་བྱའོ། །

ལས་བྱེད་པ་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཞེས་དངོས་སུ་བསྟན་ནས། དེ་ལས་གཞནཔའི་ཁ་སྐོང་གི་ཆོས་རྣམས་བསྡུ་བའི་ཕྱིར་ཁ་སྐོང་བར་འོས་པ་ཞེས་སྨོས་སོ། །

གཉིས་པ་བསྡུ་བ་ནི། ལས་དེ་རྣམས་ཐམས་ཅད་བསྡུ་ན་གསུམ་དུ་འདུས་ཏེ། གསོལབ་འབའ་ཞིག་པའི་ལས་དང༌། གསོལ་བ་དང་གཉིས་ཀྱི་ལས་དང༌། གསོལ་བ་དང་བཞིའི་ལསསོ། །དེའང་གཏམ་གྱི་གཞི་ལས། བཙུན་པ་ལས་དུ་དག་གིས་ལས་ཐམས་ཅད་བསྡུས། ཉེ་བརའཁོར་གསུམ་གྱིས་ཏེ་ཞེས་གསུངས་ལ། འབད་པ་ཆུང་འབྲིང་ཆེ་གསུམ་གྱིས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །རང་གི་དོན་དུ་གང་ཟག་ལ་ལན་གསུམ་བརྗོད་པ་ནི། ཆོས་གོས་དང་ལྷུངབཟེད་བྱིན་གྱིས་བརླབ་པ་དང༌། ལྟུང་བྱེད་བཤགས་པ་ལ་སོགས་པའོ། །གཞན་དོན་དུ་གངཟག་ལ་བརྗོད་པ་ནི། ལན་གསུམ་བརྗོད་དེ་ལུང་གཞི་ལས། འདུན་པ་དགེ་སློང་ལ་བརྗོད་ནའདུག་སྟེ་ལན་གསུམ་བརྗོད་པར་གསུངས་པ་ལྟ་བུའོ། །གཞན་དོན་དུ་དགེ་འདུན་ལ་བརྗོད་ན་ནི་ལན་ཅིག་བརྗོད་པ་སྟེ། ལུང་གཞི་ལས་འདུན་པ་དགེ་འདུན་ལ་བརྗོད་ན་འགྲེང་སྟེ་ལནཅིག་བརྗོད་པར་གསུངས་པ་དང༌། རབ་ཏུ་འབྱིན་པའི་ཞུ་བ་ལན་ཅིག་བརྗོད་པ་ལྟ་བུའོ། །

གང་ཟག་ཅེས་སྨོས་པས་ནི་བརྗོད་པའི་ཡུལ་དགེ་འདུན་དུ་ལོངས་པ་མི་དགོས་པར་བསྟན་ཏོ། །

དགེ་སློང་ལ་ཞེས་སྨོས་པ་ནི་བརྗོད་པའི་ཡུལ་དགེ་ཚུལ་ལ་སོགས་པ་མ་ཡིན་པར་བསྟན་ཏོ། །ཆོས་གོས་བྱིན་གྱིས་བརླབ་པ་འམ། སྤོ་བ་སྦྱིན་པར་གསོལ་བ་འདེབས་པ་ལ་སོགས་པ་རངགི་དོན་དུ་སྔགས་ལན་གསུམ་རྗོད་པར་བྱེད་པ་ཉིད་ན་ཕ་རོལ་པོ་དེ་ཕྱག་བྱ་བ་དེའི་འོས་ཉིད་ལ་ཕྱག་བྱས་ཏེའོ་ཞེས་སོ། །དེའང་རང་གི་དོན་དུ་ཞེས་སྨོས་པའི་ཤུགས་ཀྱིས་གཞན་གྱི་དོན་དུབརྗོད་ན་ནི་ཕྱག་བྱ་མི་དགོས་སོ་ཞེས་བསྟན་ཏེ། དེའི་དམིགས་བསལ་ནི་བདག་སང་ལྷུང་བཟེདའབྲེལ་མེད་འབྲིམ་པར་འགྱུར་གྱིས་ཞེས་དགེ་འདུན་ལ་བརྗོད་པའི་ཚེ་ན་གཞན་གྱི་དོན་དུབརྗོད་པ་ཡིན་ཡང་ཕྱག་འཚལ་དགོས་པར་ལུང་རྣམ་འབྱེད་དང་ཀརྨ་ཤ་ཏཾ་ལས་བཤད་དོ། །སྔགས་ལན་གསུམ་བརྗོད་ཅེས་སྨོས་པའི་ཤུགས་ཀྱིས་སྔགས་ལན་ཅིག་རྗོད་པར་བྱེད་པ་ན་ནིཕྱག་མི་དགོས་སོ་ཞེས་བསྟན་ཏེ། དེའི་དམིགས་བསལ་སོ་སོར་བཤགས་པར་བྱ་བའི་མཐོལ་བའི་སྔགས་རྗོད་པར་བྱེད་པ་ན་ཕྱག་འཚལ་དགོས་པར་བམ་པོ་ལྔ་བཅུ་པ་ལས་བཤད་དོ། །རྐྱེན་དབང་གིས་དགག་དབྱེ་ལན་ཅིག་བརྗོད་པ་ན་ཡང་ཡུལ་དེ་བསླབ་པ་རྒན་ན་ཕྱག་བྱ་དགོསསོ། །དེའི་འོས་ཉིད་ལ་ཞེས་སྨོས་པའི་ཤུགས་ཀྱིས་ཕྱག་བྱ་བ་དེའི་འོས་ཉིད་མ་ཡིན་ན་ནི་ཕྱག་བྱ་མི་དགོས་སོ་ཞེས་བསྟན་ཏེ། རང་ལས་བསླབ་པ་གཞོན་པའམ་སྡོམ་པ་ཐོབ་དུས་མཉམཔ་ཡིན་ན་ནི་ཕྱག་བྱ་མི་དགོས་པའོ། །མཚམས་པོ་ཆེར་གྱུར་པའི་ས་གཞིའི་སྟེང་ན་འདུག་པའི་དགེ་འདུན་རྣམས་ཀྱིས་དཀྱིལ་འཁོར་བ་གཅོད་དུ་མི་རུང་ལ། དཀྱིལ་འཁོར་བར་གྱུར་པའི་སགཞིའི་སྟེང་ན་འདུག་པའི་དགེ་འདུན་རྣམས་ཀྱིས་མཚམས་པོ་ཆེ་བཅད་དུ་མི་རུང་བས། མཚམསདེ་གཉིས་སོ་སོ་རང་རང་གི་ཕྱོགས་བཞིའི་མཚན་མ་བརྟན་པོའི་ས་ཁོངས་སུ་དགེ་འདུན་སྡེ་ཚནགཉིས་སོ་སོར་བཀོད་ནས་མཚམས་དེ་གཉིས་གཅོད་པ་སྟེ། ལུང་གཞི་ལས། མཚམས་གཉིསཀར་དགེ་འདུན་བཀོད་དེ། དགེ་སློང་ལས་བྱེད་པས་མཚམས་གཉིས་ཀར་ཤིང་ངམ་དབྱུག་པའམསེག་གམ་རེ་ལྡེས་མནན་ནས་གསོལ་བ་བྱས་ཏེ་ལས་བྱའོ། །ཞེས་གསུངས་ལ། ཀརྨ་ཤ་ཏཾལས་ཀྱང་ངོ༌། །མཚམས་བཅད་ཟིན་པ་བསྲུང་བ་དང་འདྲ་བའི་དམིགས་བསལ་ནི། མཚམསཔོ་ཆེའི་ཁོངས་ན་ཡོད་པའི་དཀྱིལ་འཁོར་བ་འཇིགས་པ་བསྲུང་བ་ནི་དགེ་སློང་མཚམས་པོ་ཆེ་ན་གནས་པས་ཀྱང་འགྲུབ་མོད་ཀྱི། དཀྱིལ་འཁོར་བ་གཅོད་པ་ནི་དགེ་སློང་མཚམས་པོ་ཆེ་ན་གནས་པ་རྣམས་ཀྱིས་མི་འགྲུབ་སྟེ། དཀྱིལ་འཁོར་བ་ཉིད་དུ་བྱེད་པའི་ཕྱོགས་བཞིའི་མཚན་མབཞིའི་མཚན་མ་བརྟན་པོའི་ས་ཁོངས་སུ་དགེ་སློང་རྣམས་འདུག་སྟེ་དཀྱིལ་འཁོར་བ་བཅདཔར་བྱའོ། ། རྒྱལ་བ་ནི་ཊཱི་ཀ་ལས། མ་འདུས་པའི་མི་མཐུན་པ་བྱེད་པ་ཉིད་མ་ཡིན་ནོ་ཞེསབཤད་པ་དང་མཐུན་པར། ལུང་གླེང་གཞི་ལས་མཚམས་ཀྱི་ནང་ན་རྒྱལ་བ་བཞུགས་བཞིན་དུདེ་མ་འདུས་པར་ལས་བགྱིར་རུང་ངམ། ཨུ་པ་ལི་རུང་ངོ། །ཞེས་གསུངས་སོ། ། གསོལ་བའམབརྗོད་པའི་ཚིག་ཕལ་ཆེར་བྱས་པ་སྟེ་སུམ་གཉིས་བྱས་པ་ཉིད་ན་བྱས་པ་ཉིད་དོ་ཞེས་པ་འདིལུང་ལས་མཚམས་གཅོད་པ་ལ་གསུངས་ཀྱང་ལས་ཐམས་ཅད་ལ་མཚུངས་པར་མདོ་འདིསབྱས་སོ། །

གསུམ་པ་མཚན་ཉིད་ནི།

དགེ་འདུན་མཚན་ཉིད་གསུམ་ལྡན་གྱིས་ཆོ་ག་ཁྱད་པར་ཅནགྱི་སྒོ་ནས་གྲོས་སུ་བསྡུར་བའི་བདག་ཉིད་དུ་གནས་པ་སྟེ། དེ་ནི་འདུལ་བ་ནས་གསུངས་པའི་ཆོ་ག་རྣམ་གཞག་གི་ལས་ཀྱི་མཚན་ཉིད་དོ། །མི་དགེ་བ་བཅུ་ལ་སོགས་པའི་ལས་ནི་མཚནཉིད་དེས་མ་ཁྱབ་བོ། །

བཞི་པ་རྟེན་གང་ལ་ལས་གང་བཞག་པ་ནི། དགེ་སློང་མའི་སྟོན་པ་བསྐོ་བ་དང༌།

དགག་དབྱེ་བྱེད་པ་པོ་བསྐོ་བ་དང༌། རས་ཆེན་སྤེད་པ་པོ་བསྐོ་བ་དང༌། གཟུ་བོ་དང་གསལ་བདང་གསལ་བའི་གསལ་བ་བསྐོ་བ་ནི་རྟེན་སྐྱེས་པ་རྣམས་ཀྱིའོ། །ཕྱག་མི་བྱ་བའི་སྡོམ་པ་དང༌། བཟློག་པའི་ཕམ་པའི་སྐབས་ཀྱི་བསྐོ་བ་དང༌། དཀོན་མཆོག་གཏོང་བ་ལ་སོགས་པ་ལ་བཟློགཔའི་ཕྱིར་བསྐོ་བ་དང༌། སྔོན་རོལ་གྱི་སྡོམ་པ་གཉིས་དང་འཁོར་དང་འཁོར་མང་ཉེ་བར་འཇོགཔའི་གནང་བ་སྦྱིན་པ་དང༌། བུ་ཆུང་ངུ་དང་ལྷན་ཅིག་ཉལ་བ་དང་ཉེ་དུ་དང་ལྷན་ཅིག་འབྲེལབའི་གནང་བ་སྦྱིན་པ་ནི་བུད་མེད་རྣམས་ཀྱིའོ། །བསྙེན་རྫོགས་བྱ་བའི་ལས་ལ་སོགས་པ་སྟེ་ལས་ཕལ་ཆེ་བ་རྣམས་ནི་སྐྱེས་པ་དང་བུད་མེད་ཐུན་མོང་གི་ལས་ཡིན་ནོ། །

ལྔ་པ་ལས་བརྒྱ་རྩ་གཅིག་ཏུ་གྲངས་ངེས་པའི་ཚུལ་ནི།

བཅོམ་ལྡན་འདས་ཀྱིསདངོས་སུ་གསུངས་པའི་ལས་བརྒྱ་རྩ་གཅིག་ཏུ་གྲངས་ངེས་པ་སྟེ། ཀརྨ་ཤ་ཏཾ་ལས། ལས་ཀྱིགྲངས་བརྒྱ་རྩ་གཅིག་ཏུ་ངེས། ཞེས་གསུངས་སོ། །དེའང་དངོས་སུ་གསུངས་པའི་ལས་བརྒྱ་རྩགཅིག་ཏུ་ངེས་པ་ཡིན་ཡང༌། མདོར་བསྡུས་དང་བཅས་ན་དེར་མ་ཟད་དེ། ལུང་གཞིའི་འགྲེལཔ་ལས། ལས་བརྒྱ་རྩ་གཅིག་པོ་གཙོ་ཆེར་སྨོས་པར་ཟད་ཀྱི། འདིར་ལས་བརྒྱ་རྩ་གཅིག་པོདག་ཉི་ཚེ་བཟུང་བར་མ་ཟད་དེ། འདུལ་བ་དང་ལྡན་པའི་ལས་ཐམས་ཅད་བསྡུས་པར་རིགཔར་བྱའོ་ཞེས་བཤད་པ་དང༌། ལུང་ཕྲན་ཚེགས་ལས། འདུལ་བ་སྡུད་པ་པོ་བསྐོ་བ་གསོལ་བདང་གཉིས་ཀྱི་ལས་དང༌། མདོ་སྡེ་སྡུད་པ་པོ་བསྐོ་བ་གསོལ་བ་དང་གཉིས་ཀྱི་ལས་ཀྱི་ཆོ་ག་རྒྱསཔར་གསུངས་པ་དང༌། རྣམ་པར་གཏན་ལ་དབབ་པ་བསྡུ་བའི་སོ་སོ་ཐར་པའི་སྡོམ་པ་གཏནལ་དབབ་པའི་སྐབས་ལས། དགེ་འདུན་གྱི་དབྱེན་སྤང་བའི་དོན་དུ་བག་ཡངས་བྱ་བ་གང་ཟགརླབས་པོ་ཆེ་བསྟན་པ་ལ་གཞུག་པའི་དོན་དུ་བག་ཡངས་བྱ་བར་གསོལ་བ་དང༌། བཞིའི་ལསདང༌། བསྟན་པ་འཕེལ་བར་བྱ་བའི་དོན་དུ་བག་ཡངས་བྱ་བར་གསོལ་བ་དང་བཞིའི་ལས་དང༌།

དཀའ་བས་འཚོ་བ་སྤང་བའི་དོན་དུ་བག་ཡངས་བྱ་བ་གསོལ་བ་དང་བཞིའི་ལས་ཀྱི་བསླབ་པའིགཞི་ཕྲ་བ་བག་ཡངས་སུ་བྱེད་པའོ། །ཞེས་གསུངས་སོ། །

དྲུག་པ་སྐབས་འདིར་གསོལ་བཞིའི་ལས་སྨོས་ལ་གཞན་མི་སྨོས་པའི་འཐད་པ་ནི།

གསོལ་བཞིའི་ལས་མ་ཡིན་པ་ལ་ཡིན་པར་སྒྲོ་འདོགས་བསལ་བའི་དགོས་པ་ཡོད་པའི་ཕྱིར་རོ། །འདི་ལྟར་གྲངས་སུ་གཞུག་པ་བཞི་དང༌། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པ་དང༌། བཟོདཔ་གསོལ་བ་སྟེ་ཁ་བསྲང་བ་དང༌། ཕྱག་མི་བྱ་བའི་སྡོམ་པ་སྦྱིན་པ་དང༌། རྩོད་པ་སྦེད་པ་པོ་བསྐོབ་སྟེ། དང་པོ་དྲུག་གསོལ་བ་འབའ་ཞིག་པའི་ལས་ཡིན་ལ། ཐ་མ་གཉིས་གསོལ་གཉིས་ཀྱིལས་ཡིན་པར་ལུང་གི་དཔེ་ཕལ་ཆེར་ལས་གསུངས་པ་དེ་རྣམ་དག་ཡིན་ལ། བརྒྱད་པོ་དེ་རྣམསཀྱང་གསོལ་བཞིའི་ལས་སུ་འདུལ་བ་ལུང་གི་དཔེ་ཁ་ཅིག་ལས་སྣང་ཡང༌། འདིར་ནི་གསོལབཞིའི་ལས་སུ་མ་བྱས་ཏེ། བརྒྱད་པོ་དེ་རྣམས་ཀྱང་གསོལ་བཞིའི་ལས་ཡིན་ན་ནི། གསོལ་བཞིའིལས་སུམ་ཅུ་རྩ་བརྒྱད་དུ་འགྱུར་བ་ལས། གཏམ་གྱི་གཞི་ལས། བཙུན་པ་ལས་དུ་དག་མཆིས། ཉེ་བར་འཁོར་བརྒྱ་རྩ་གཅིག་གོ །བཙུན་པ་ལས་དུ་དག་གིས་ལས་ཐམས་ཅད་བསྡུས། ཉེ་བརའཁོར་གསུམ་གྱིས་ཏེ། གསུམ་གང་ཞེ་ན། གསོལ་བའི་ལས་དང༌། གསོལ་བ་དང་གཉིས་ཀྱིལས་དང༌། གསོལ་བ་དང་བཞིའི་ལས་སོ། །བཙུན་པ་ལས་བརྒྱ་རྩ་གཅིག་གོ་དེ་དག་ལ་གསོལབའི་ལས་དག་ནི་དུ། གསོལ་བ་དང་གཉིས་ཀྱི་ལས་དག་ནི་དུ། གསོལ་བ་དང་བཞིའི་ལསདག་ནི་དུ་མཆིས། བཀའ་སྩལ་པ། ཉེ་བར་འཁོར་གསོལ་བའི་ལས་ནི་ཉི་ཤུ་རྩ་བཞིའོ། །གསོལབ་དང་གཉིས་ཀྱི་ལས་ནི་བཞི་བཅུ་རྩ་བདུན་ནོ། །གསོལ་བ་དང་བཞིའི་ལས་ནི་སུམ་ཅུ་ཞེས་གསུངས་ཏེ། དྲུག་པོ་གསོལ་བ་འབའ་ཞིག་པའི་ལས་སུ་བསྡུ་ཞིང༌། གཉིས་པོ་གསོལ་གཉིསཀྱི་ལས་སུ་བསྡུས་ནས། གསོལ་བཞིའི་ལས་སུམ་ཅུ་ཉིད་དུ་གསུངས་པས་སོ། །རང་གི་དོན་དུདགེ་འདུན་ལ་ལན་གསུམ་བརྗོད་པ་ནི། བསྙེན་པར་རྫོགས་པར་གསོལ་བ་འདེབས་པ་དང༌། སྤོ་མགུ་སྦྱིན་པར་གསོལ་བ་འདེབས་པ་ལ་སོགས་པའོ། །ལས་ཀྱི་གཞིའི་རྣམ་པར་བཤད་པ་རྫོགས་སོ།། །།


previousགསུམ་པ་ལས་ཀྱི་གཞི་འཆད་པ།next