སྤྲུག་བཙན་གྱི་བསང་ཡིག
སྤྲུག་བཙན་གྱི་བསང་ཡིག་བཞུགས་སོ། །ཇོ་བོ་འབྲོ་སྲས་ཐང་ལ་འབར། །བདག་གིས་མཆོད་ཕྱིར་སྤྱན་འདྲེན་ན། །བདག་གིས་མཆོད་པའི་མགོན་སྐྱབས་སུ། །ཡབ་ཀྱིས་དམོད་བཙུགས་དྲན་མཛོད་ལ། །གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས། །སྐྱ་དགུ་བྲན་དང་ཡང་འཁོར་བཅས། །བསང་མཆོད་འདི་ལ་གཤེགས་སུ་གསོལ། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །བདག་དང་ཡོན་བདག་མགོན་སྐྱོབས་མཛོད། །ཁྱོད་ཀྱི་བཞུགས་སའི་ཡུལ་བཙལ་ལ། །དཔྱིད་གསུམ་དྲེའུ་ལུང་སྲིབ་ཆེན་གདོང་། །གླང་རྔུལ་རྣམས་ནས་གཤེགས་སུ་གསོལ། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །དཔྱིད་ཟླ་གསུམ་ལ་ཁ་འཛིན་མཛོད། །དབྱར་གསུམ་བཞུགས་ནས་ན་མོ་ཆེ། །ན་མོ་ཆེ་ནས་གཤེགས་སུ་གསོལ། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །དབྱར་ཟླ་གསུམ་ལ་ཁ་འཛིན་མཛོད། །སྟོན་གསུམ་བཞུགས་གནས་རྒྱ་སྒོའི་བྲག །རྒྱ་སྒོ་བྲག་ནས་གཤེགས་སུ་གསོལ། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །སྟོན་ཟླ་གསུམ་ལ་ཁ་འཛིན་མཛོད། །དགུན་གསུམ་སེང་གླིང་འོད་འཇོ་བཞུགས། །སེང་གླིང་འོད་འཇོའི་གནས་ནས་
བྱོན། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །དགུན་ཟླ་གསུམ་ལ་ཁ་འཛིན་མཛོད། །རྒྱུན་གྱི་བཞུགས་གནས་གཡའ་གངས་ཅན། །གཡའ་གངས་ཅན་ནས་གཤེགས་སུ་གསོལ། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །རྟག་ཏུ་ཁ་འཛིན་སྡོང་གྲོགས་མཛོད། །རྟ་ཡི་འཚོ་ས་ན་མོ་ཆེ། །སྤྱག་གི་ན་མོ་ཆེ་ནས་བྱོན། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །འདོ་བ་རྟ་ཡི་དངོས་གྲུབ་སྩོལ། །འབྲི་ཡི་འབྲོག་པ་ལུང་མོ་ཆེ། །འབྲི་ས་ལུང་མོ་ཆེ་ནས་བྱོན། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཟལ་དཀར་འབྲི་ཡི་ཁ་འཛིན་མཛོད། །ལུག་གི་སྐྱོང་ས་ཆུ་བོ་ལུང་། ། ཆུ་བཟང ་ཆུ་བོ་ལུང་ནས་བྱོན། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །གཡང་དཀར་ལུག་གི་ཁ་འཛིན་མཛོད། །སོ་ཡི་བྱེད་པ་སེང་ལྕམ་རྩེ། །སེང་ལྕམ་དཀར་མོའི་རྩེ་ནས་བྱོན། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །བདག་དང་ཡོན་བདག་འཁོར་བཅས་ལ། །ཉིན་གྱི་དུས་སུ་བྱ་ར་དང་། །མཚན་གྱི་དུས་སུ་མེལ་ཚེ་མཛོད། །དབེན་གནས་མཛད་པ་མྱོང་ཁྲོམ་བྲག །མྱོང་ཁྲོམ་བྲག་དམར་གནས་ནས་བྱོན། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །
བསྒྲུབ་པའི་བར་ཆད་ཞི་བར་མཛོད། །བདག་དང་ཡོན་བདག་འཁོར་བཅས་ལ། །དུས་རྣམས་རྟག་ཏུ་ཁ་འཛིན་མཛོད། །དཀོན་མཆོག་གསུམ་གྱི་འབངས་གཅིག་པུ། །ལྷ་ཡི་དགེ་བསྙེན་ཆེན་པོ་བསང་། །སངས་རྒྱས་བསྟན་པ་དར་བར་མཛོད། །གཙུག་ལག་ཆོས་ཀྱི་སྲུང་མ་སྟེ། །ཆོས་སྐྱོང་རྡོ་རྗེ་འབར་བ་བསང་། །དམ་ཆོས་སྒྲུབ་པའི་བར་ཆད་སོལ། །དགེ་འདུན་སྡེ་ཡི་ཆེ་འདོན་མཁན། །བསྟན་སྲུང་རྡོ་རྗེ་ཀུན་སྐྱོབས་བསང་། །དགེ་འདུན་དབུ་འཕང་མཐོ་བར་མཛོད། །ཏིང་འཛིན་སྒྲུབ་པའི་མཐུན་རྐྱེན་བདག །ནོར་ལྷ་རྡོ་རྗེ་ཀུན་སྐྱོབས་བསང་། །དགོས་འདོད་ཕུན་སུམ་ཚོགས་པར་མཛོད། །ཆོས་སྐྱོང་ཡོངས་ཀྱི་རྣོ་མདེལ་བ། །སྤྲུག་གི་བཙན་རྒོད་འཁོར་བཅས་བསང་། །སྡང་དགྲ་གནོད་བྱེད་རྡུལ་དུ་རློགས། །གང་གི་མཆོད་པའི་མགོན་སྐྱབས་སུ། །རྡོ་རྗེ་ཀུན་སྐྱོབས་འཁོར་བཅས་བསང་། །བསང་དང་མཆོད་པ་འདི་བཞེས་ལ།བདག་ཅག་ཡོན་མཆོད་མགོན་སྐྱབས་མཛོད། །ལྡོང་རིགས་ཡོངས་ཀྱི་ཕོ་ལྷ་མཆོག །ཇོ་བོ་ཐང་ལ་འབར་བ་བསང་། །ངེད་ཅག་ལྡོང་གི་བུ་རྒྱུད་རྣམས། །ཕ་མཚུན་ཁྱེད་ཀྱི་ཕོ་
ལྷ་མཛོད། །སྔོན་ཚེ་ཤཱཀ་ཐུབ་སྤྱན་སྔ་རུ། །ཟླ་འོད་གཞོན་ནུའི་བསྟན་པ་ནི། །སྲུངས་ཤིང་སྐྱོངས་བར་ཁས་བླངས་ལ། །སྐྱེས་རྒྱུད་བཙན་རྒོད་དྲག་ཤུལ་ཅན། །ཇོ་བོ་སྤྲུག་བཙན་འཁོར་བཅས་བསང་། །སྒྲུབ་བརྒྱུད་བསྟན་པ་དར་བར་མཛོད། །ཡབ་གཅིག་འབྲོ་རྗེ་བཙན་པོ་ཡིས། །མཚན་རྟགས་ཇོ་བོ་ཐང་ལ་འབར། །ཐང་ལ་འབར་བ་འཁོར་ཀློབཅས་བསང་། །བོད་རྗེའི་གདུང་རིགས་སྲུང་སྐྱོབ་མཛོད། །མཁན་པོ་ལྷུན་གྱི་ཤེས་རབ་ཀྱིས། །ཁྱོད་ལ་མིང་དང་མཚན་བཏགས་པ། །རྡོ་རྗེ་ཀུན་སྐྱོབས་དཔལ་པོ་ཆེ། །རྡོ་རྗེ་ཀུན་སྐྱོབས་འཁོར་བཅས་བསང་། །ཤཱཀ་ཐུབ་བསྟན་པ་སྲུང་བར་མཛོད། །འགྲོ་མགོན་ཕག་མོ་གྲུ་པ་ཡིས། །ཁྱོད་ལ་གསང་བའི་མཚན་བཏགས་པ། །གཞན་གྱི་མི་ཐུབ་སྟོབས་ཆེན་འདུལ། །རྡོ་རྗེ་འབར་བ་འཁོར་བཅས་བསང་། །གཙུག་ལག་དམ་ཆོས་རྒྱས་པར་མཛོད། །ཆོས་རྗེ་སྟག་ལུང་ཐང་པ་ཡིས། །དབང་སྐུར་ཁྲིད་དང་མན་ངག་གནང་། །དགེ་བསྙེན་ཆེན་པོའི་མཚན་ཡང་གསོལ། །ཡེ་ཤེས་སྲུང་མ་འཁོར་བཅས་བསང་། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་སོལ། །ཡུམ་ནི་གུར་དཀར་སྨན་གཅིག་
བསང་། །ལྷ་བཙན་ནེ་ར་གཉན་པོ་བསང་། །ཀླུ་བཙན་རྡོ་རྗེ་འབར་བ་བསང་། །གཉན་བཙན་གཉན་སྟག་དམར་པོ་བསང་། །ལྷ་རྒོད་ཕྱ་རྗེ་ཆེན་པོ་བསང་། །དགྲ་བླ་རྡོ་རྗེ་ལེགས་པ་བསང་། །བློན་པོ་བ་ཡན་ཆར་རྗེ་བསང་། །བདུད་བཙན་གླེ་བོ་མི་ཟན་བསང་། །ཕྱི་བློན་བདུན་བརྒྱ་ཉི་ཤུ་བསང་། །ནང་བློན་སུམ་བརྒྱ་དྲུག་ཅུ་བསང་། །ལྷ་བཙན་ཀླུ་དམག་འབུམ་སྡེ་བསང་། །བདུད་བཙན་སྨན་བཙུན་འཁོར་བཅས་བསང་། །གཡུ་འབྲུག་དུང་ཕོ་དུང་མོ་བསང་། །སྟག་གཟིག་བཙན་ཁྱི་དམར་པོ་བསང་། །བྱ་རོག་བྱ་ཁྲའི་ཚོགས་བཅས་བསང་། ཀྱཻ། ཇོ་བོ་སྤྱག་བཙན་འཁོར་བཅས་ལ། །བདུད་རྩི་ཆང་གི་སྐྱེམས་ཕུད་འབུལ། །ཡུ་མར་ཇ་ཡི་མཆོད་པ་འབུལ།ཕྱེ་མར་གངས་རི་སྤུང་འདྲ་འབུལ། །དཀར་གསུམ་འོ་ཞོའི་མཆོད་པ་འབུལ། །དཀར་དམར་མདངས་ལྡན་ཤ་ཕུད་འབུལ། །སྔོན་མོ་འབྲུ་བདུན་ནས་ཀྱིས་མཆོད། །རོ་བཅུད་ལྡན་པའི་ཟས་ཕུད་མཆོད། །འབྲུ་སྣ་སྨན་སྣ་རིན་པོ་ཆེ། །དར་ཚོན་ལྔ་ཡི་མདངས་ཀྱིས་གསོལ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །གོ་མཚོན་ཅང་ཤེས་རག་དཀར་
སོགས། །ཟད་མེད་མཆོད་སྤྲིན་རྒྱ་མཚོའི་བསང་། །བཟང་ཤིང་སྣ་ཚོགས་དུད་པས་བསང་། །རྨུགས་དང་འཐིབས་པ་སོས་གྱུར་ཅིག །ཐུགས་དང་འགལ་བ་གང་མཆིས་བཤགས། །ཕོག་ཐུག་འགྲམས་འཁྲུགས་ཞི་གྱུར་ཅིག །བསང་མཆོད་དམ་པ་འདི་བཞེས་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །གཞི་ལ་འདུག་ན་རྒྱབ་རྟེན་མཛོད། །བྱེས་སུ་འགྲོ་ན་མགོན་སྐྱོབས་མཛོད། །མི་ལ་ན་ཚ་མ་བཏང་ཞིག །ནོར་ལ་གོད་ཁ་མ་ཤོར་ཅིག །ཞིང་ལ་བཙའ་སད་མ་ཤོར་ཅིག །རྐང་བཞི་ནོར་གྱི་དངོས་གྲུབ་སྩོལ། །བང་མཛོད་འབྲུ་ཡི་དངོས་གྲུབ་སྩོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །རིགས་རྒྱུད་བཙན་དར་དངོས་གྲུབ་སྩོལ། །བྱེས་སུ་འགྲོ་བའི་ལམ་ལྷ་མཛོད། །སྔོན་ནས་སུས་ལ་རྒྱབ་ནས་སྐྱོར། །ལ་ཆུ་འཕྲང་ལས་སྒྲོལ་འདོན་མཛོད། །འོག་རྟ་མགྱོགས་ཀྱི་རྟ་ཁ་འཚོས། །ཕྱི་དགྲ་ནང་དུ་མ་བཏང་ཞིག །ནང་རྐུན་གྲོང་ལ་མ་བཏང་ཞིག །ཡོག་དང་སྤྱོད་ལ་ཉེས་དང་བསྣོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །གཞི་བྱེས་བཀྲ་ཤིས་བདེ་ལེགས་མཛོད། །མིས་ཀྱང་ལྷ་ལ་དུས་སུ་
མཆོད། །ལྷས་ཀྱང་མི་ལ་སྲུང་སྐྱོབ་མཛོད། །གལ་ཏེ་སྲུང་སྐྱོབ་མ་མཛད་ན། །ཡབ་ཀྱི་དམོད་བཙུགས་དམ་ཚིག་འགལ། །ཁྱོད་ཀྱི་སྟོབས་དང་དབང་ཐང་ཉམས། །ཡབ་ཀྱི་དམ་དང་འགལ་རུང་ངམ། །གང་གི་མཆོད་པའི་མགོན་སྐྱབས་སུ། །ཡབ་ཀྱི་དམོད་བཙུགས་དྲན་མཛོད་ལ། །བསང་མཆོད་འདི་བཞེས་མགོན་སྐྱབས་མཛོད། །ཆོས་སྐྱོང་ཡོངས་ཀྱི་རྣོ་མདེལ་ཁྱེད། །རྣོ་མྱུར་ཅི་འདུག་ད་རེས་ལྟ། །ཁ་འཛིན་སྡོང་གྲོགས་མ་གཡེལ་བར། །རྟགས་དང་མཚན་མ་དངོས་སུ་སྟོན། །ལེ་ལོ་སྙོམས་ལས་མ་མཛད་པར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ནི་སྔགས་འཆང་རཱ་ག་ཨ་སྱས་མཛད་པའོ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།
ཀྱཻ། དབུ་རུ་བྱང་ཕྱོགས་སྤྱག་ལུང་ནས། །སུས་མཆོད་མི་ལ་འགོ་བའི་ལྷ། །ཇོ་བོ་འབྲོང་སྲས་ཐང་ལྷ་འབར། །སྐྱ་དགུ་བྲན་བཅུ་གཡོག་འཁོར་བཅས་། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །དབྱི་ཤོད་རྫ་རི་རྩེ་ལྔ་ནས། །དམག་དཔོན་དབྱིས་རྒྱལ་རིན་ཆེན་ནི། །བཙུན་མོ་བློན་པོ་འཁོར་གཡོག་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །དཀར་གསུམ་མངར་གསུམ་ཕུད་ཀྱིས་མཆོད། །འབྲུ་སྣ་ཇ་ཆང་ཕུད་ཀྱིས་མཆོད། འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །ཁ་འཛིན་སྡོང་གྲོགས་ཕྲིན་ལས་མཛོད། །ཨ་རཱ་གས་སྦྱར་བའོ། །མངྒ་ལཾ།