Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
   
  expand section
  expand section
  expand section
  expand section
  collapse section
   
འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་རྒྱས་པར་བཤད་པ།
   
   
   
   
   
   


 
previousའབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་རྒྱས་པར་བཤད་པ།next

འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་རྒྱས་པར་བཤད་པ།


GLG013_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་མངོན་རྟོགས་རྒྱན་རྩ་འགྲེལ་རྣམས་གསལ་བར་བྱེད་པ་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས་སྐབས་བརྒྱད་པའི་ཚིག་དོན་མཐའ་དཔྱོད་བཞུགས་སོ། །འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་རྒྱས་པར་བཤད་པ། མཁྱེན་པའི་ལྷ་ལམ་ཡངས་པའི་ངོས་སུ་འཆད་པའི་ཆུ་འཛིན་རབ་འཁྲིགས་ཤིང་། །རྩོད་པའི་གློག་འོད་རྣམ་པར་འཐུལ་བའི་རྡོ་རྗེའི་གཟེགས་མ་ཆེས་ཆེར་འཕྲོ། །རྩོམ་པའི་གྲུ་ཆར་ཆལ་ཆིལ་བབས་པས་རྒྱལ་བསྟན་མྱུ་གུ་ལེགས་སྐྱེད་པ། །མཁས་མཆོག་དཔྱིད་ཀྱི་ཕོ་ཉ་གང་དེ་ཤེས་ལྡན་ཡོངས་ཀྱིས་ཕྱག་བྱའི་གནས། །གང་ཞིག་ཐབས་མཁས་ཚོགས་གཉིས་བརྒྱ་ཕྲག་གིས། །མཐར་ཐུག་ཐོབ་བྱའི་འབྲས་བུ་དབང་གི་རྒྱལ། །དོན་ཀུན་ལྷུན་གྱིས་གྲུབ་པའི་ཆོས་ཀྱི་སྐུའི། །ཚུལ་ལུགས་གསལ་བར་བཤད་ཀྱི་རྣ་བ་ཀློགས། །གསུམ་པ་ཆོས་སྐུ་རྒྱས་པར་བཤད་པ་ལ། འབྲེལ་བཀོད་པས་མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། སྐབས་བསྡུ་བ་གསུམ། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སྐད་ཅིག་སྦྱོར་གྱི་རྗེས་སུ་ཆོས་སྐུ་འཆད་པའི་རྒྱུ་མཚན་ཡོད་དེ། ཆོས་ཐམས་ཅད་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་སྦྱོར་བ་རྣམ་པར་བསྒོམས་པའི་སྐད་ཅིག་མ་གཉིས་པ་ལ། ཆོས་ཀྱི་སྐུར་མངོན་པར་རྫོགས་པར་བྱང་ཆུབ་པ་འབྱུང་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། ཆོས་ཀྱི་སྐུ་དེ་ཡང་ཆོས་ཅན། ཁྱོད་ལ་དབྱེ་ན་རྣམ་པ་བཞི་ཡོད་དེ། ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་སྦྱོར་བཞི་བསྒོམས་སྟོབས་ཀྱིས་ཐོབ་པའི་ཐོབ་བྱ་མཐར་ཐུག་འབྲས་བུ་ཆོས་སྐུའི་མཚན་ཉིད་ཟེར་ན། འོ་ན། རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་སྤྱོར་བཞི་སྒོམ་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་སྦྱོར་བཞི་


GLG013_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་ཐོབ་བྱེད་ཀྱི་ཐབས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་ཐོབ་བྱ་ཡིན་པར་ཐལ། འདོད་པའི་ཕྱིར། དེ་འདོད་པར་མི་ནུས། ཁ་ཅིག །རྣམ་མཁྱེན་སྐད་ཅིག་དང་པོ་ལ་གནས་པའི་ལོངས་སྐུ་ཡོད་ཀྱང་། དེ་ལ་གནས་པའི་སྤྲུལ་སྐུ་མེད་དེ། སྤྲུལ་སྐུ་ཡིན་ན་རང་སྤྲུལ་པ་པོ་ལོངས་སྐུས་སྤྲུལ་དགོས་པའི་ཕྱིར། དེར་ཐལ། མཆོག་གི་སྤྲུལ་སྐུ་ལ་དེ་དགོས་པའི་ཕྱིར་ན་མ་ཁྱབ་སྟེ། འོ་ན། རྣམ་བཤད་ལས། ལོངས་སྐུས་བདག་རྐྱེན་བྱས་ནས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་གདུལ་བྱ་རྗེས་སུ་འཛིན་པའི་མཆོག་གི་སྤྲུལ་པའི་སྐུ་དེའི་ཚེ་ཚོགས་པ་གཅིག་ཏུ་མེད་ཀྱང་། སངས་རྒྱས་ཀྱི་སྤྲུལ་པའི་སྐུའི་བྱེ་བྲག་འགའ་ཞིག་ལོངས་སྤྱོད་རྫོགས་པའི་སྐུ་དང་དངོས་རྒྱུ་ཚོགས་པ་ཚར་གཅིག་ལ་རག་ལས་ཀྱི་འབྲེལ་བ་གྲུབ་པའི་ཚུལ་དུ་ཐོབ་པར་ཤེས་པར་བྱའོ། །ཞེས་པ་མི་འཐད་པར་ཐལ། ཁྱོད་ཀྱི་ཞེ་འདོད་འཐད་པའི་ཕྱིར། ཁ་ཅིག །བྱང་སེམས་རྒྱུན་མཐའ་པ་འདོད་པའི་རྟེན་ལ་གསར་དུ་འཚང་རྒྱ་བ་ཡོད་ཟེར་ན། ལང་གཤེགས་ལས། འདོད་པ་ཁམས་དང་སྲིད་རྩེ་ན། །སངས་རྒྱས་རྣམ་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཏེ་འཚང་རྒྱའོ། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །བྱང་སེམས་རྒྱུན་མཐའ་པ་གསར་དུ་འཚང་རྒྱ་བའི་གནས་འོག་མིན་དེ་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ནང་ཚན་དུ་གྱུར་པའི་གནས་འོག་མིན་ཡིན་ཟེར་ན། དེ་ཆོས་ཅན། སྡུག་བསྔལ་བདེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་བྱང་སེམས་ཀྱིས་ཞིང་དག་སྦྱོར་གྱི་སྒོ་ནས་སྒྲུབ་དགོས་པའི་དག་པའི་ཞིང་ཡིན་པའི་ཕྱིར། ཁ་ཅིག །གཞི་མེ་ཏོག་གིས་བརྒྱན་པའི་གནས་འོག་མིན་དེ། བྱང་སེམས་རྒྱུན་མཐའ་པ་ཐམས་


GLG013_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གསར་དུ་འཚང་རྒྱ་བའི་གནས་ཡིན་ཟེར་ན། བྱང་སེམས་རྣམས་ཀྱིས་རང་ཉིད་གང་དུ་གསར་དུ་འཚང་རྒྱ་བའི་གནས་འོག་མིན་དེ་ཞིང་དག་སྦྱོར་གྱི་སྒོ་ནས་སྒྲུབ་མི་དགོས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་རྣམས་ཀྱིས་དེ་སྒྲུབ་དགོས་པའི་ཕྱིར། དེར་ཐལ། དེ་རྣམས་ཀྱིས་རང་གི་ཐོབ་བྱར་གྱུར་པའི་ལོངས་སྐུ་སྐྱེད་དགོས་པའི་ཕྱིར། དེར་ཐལ། དེ་རྣམས་ཀྱི་རྒྱུད་ཀྱི་ཞིང་དག་སྦྱོར་བ་དེ་རང་གི་ཐོབ་བྱར་གྱུར་པའི་ལོངས་སྐུ་འགྲུབ་པའི་ལག་རྗེས་འཇོག་བྱེད་ཡིན་པའི་ཕྱིར་ཏེ། དེ་ཞིང་དག་སྦྱོར་བ་རང་ཡིན་པའི་ཕྱིར། ཁ་ཅིག །ཇི་ལྟ་བ་མཁྱེན་པའི་རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་སྙེད་པ་གཟིགས་པ་དང་། ཇི་སྙེད་པ་མཁྱེན་པའི་རྣམ་མཁྱེན་གྱིས་ཇི་སྙེད་པ་གཟིགས་པའི་གཟིགས་ངོར་ཇི་ལྟ་བ་གཟིགས་ཟེར་ན། མི་འཐད་པར་ཐལ། ཇི་ལྟ་བ་མཁྱེན་པའི་རྣམ་མཁྱེན་ཇི་ལྟ་བ་ལ་ལྟོས་ཏེ་ཇི་སྙེད་པ་འཇལ་བྱེད་ཀྱི་ཚད་མར་མ་སོང་བའི་ཕྱིར། གཞན་ཡང་། ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་གྱིས་ཕུང་སོགས་ཀྱི་ཆོས་ཉིད་གཟིགས་པའི་གཟིགས་ངོར་ཕུང་སོགས་གཟིགས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་དེ་གཟིགས་པའི་གཟིགས་ངོར་ཕུང་སོགས་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དེ་མ་གྲུབ་པ་དེ་ཕུང་སོགས་ཀྱི་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་འཇུག་པའི་རྣམ་བཤད་ལས་གསུངས་པའི་ཕྱིར། འདིའི་སྐབས་སུ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། ཀུན་མཁྱེན་ཡེ་ཤེས་ཆོས་ཀུན་འཇལ་བ་ལ། །ཤེས་བྱའི་ཕྱེད་ལ་ཚད་མ་མིན་པ་འགལ། །ཞེས་པས་མཚོན་ཏེ་རྣམ་བཤད་དགོངས་པ་རབ་གསལ་སོགས་ལ་འགལ་བའི་ཁུར་ཆེན་བཅོ་བརྒྱད་བཏང་འདུག་པ། བླ་མ་འཇམ་དཔལ་དབྱངས་ཀྱི་གསུང་ལ་ཐལ་འགྱུར་གྱི་གནོད་པ་མི་འབབ་ཀྱང་། རྗེས་འཇུག་མཁས་པའི་སྐྱེ་བར་རློམ་པའི་འགྱིང་བག་ཅན་དག་མང་དུ་


GLG013_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་ན་ལན་འདེབས་པར་རིགས་སོ། །གཉིས་པ་རང་ལུགས་ནི། སྦྱོར་བཞི་བསྒོམས་སྟོབས་ཀྱིས་ཐོབ་པའི་ཐོབ་བྱ་མཐར་ཐུག་ཆོས་སྐུའི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །རྣམ་མཁྱེན་སྐད་ཅིག་དང་པོ་ལ་གནས་པའི་སངས་རྒྱས་འཕགས་པ་དང་། མཆོག་གི་སྤྲུལ་སྐུའི་གཞི་མཐུན་ཡོད་པར་ཐལ། དེ་ལ་གནས་པའི་སངས་རྒྱས་འཕགས་པའི་དངོས་ཀྱི་གདུལ་བྱར་གྱུར་པའི་ཐེག་དམན་གྱི་རིགས་ཅན་ཡོད་པའི་ཕྱིར། དེར་ཐལ། དེ་འདྲའི་སངས་འཕགས་ཀྱིས་གདུལ་བྱ་རིགས་ཅན་གསུམ་ལ་ཆོས་འཁོར་བསྐོར་བའི་ཕྱིར། དེར་ཐལ། རྣམ་མཁྱེན་སྐད་ཅིག་དང་པོ་དེ་རང་གི་སྲས་སུ་གྱུར་པའི་སངས་འཕགས་ཀྱིས་གདུལ་བྱ་རིགས་ཅན་གསུམ་ལ་ཆོས་འཁོར་བསྐོར་བའི་ཐབས་སམ་བདག་རྐྱེན་ཡིན་པའི་ཕྱིར་ན་མ་གྲུབ་བོ། ཁ་ཅིག །རྣམ་མཁྱེན་སྐད་ཅིག་དང་པོ་ལ་གནས་པའི་སངས་འཕགས་དེ་འོག་མིན་གྱི་རྟེན་ཅན་ཡིན་པར་ཐལ། རྒྱུན་མཐའ་བ་དེ་དེ་ཡིན་པའི་ཕྱིར། ཟེར་ན། དེ་ལ་དཔྱད་པར་བྱ་བའི་གནས་ཡིན་ཡང་རེ་ཞིག་ལ་འདོད་པ་ཡིན་ཏེ། རྣམ་མཁྱེན་སྐད་ཅིག་དང་པོ་ཡིན་ན་འོག་མིན་གྱི་རྟེན་ཅན་གྱི་སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྣམ་མཁྱེན་ཡིན་པས་ཁྱབ་པའི་ཕྱིར། ཞེས་ལན་གདབ་པར་བྱའོ། ཁ་ཅིག །ལོངས་སྐུ་ཆོས་ཅན། གཟུགས་ཁམས་པ་ཡིན་པར་ཐལ། འོག་མིན་གྱི་རྟེན་ཅན་ཡིན་པའི་ཕྱིར་ན་མ་ཁྱབ། ཁོ་རང་འདོད་ན། དེ་སྣ་ལྕེའི་རྣམ་ཤེས་དང་མི་ལྡན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། གཟུགས་ཁམས་པ་ཡིན་ན་གཟུགས་ཁམས་ཀྱི་སས་བསྡུས་ཀྱི་སྣ་ལྕེའི་རྣམ་ཤེས་དང་མི་ལྡན་པས་ཁྱབ་པའི་ཕྱིར། དེ་ཁྱབ་སྟེ། གཟུགས་ཁམས་ཀྱི་སས་བསྡུས་ཀྱི་དྲི་རོ་སྣ་ལྕེའི་རྣམ་ཤེས་རྣམས་མེད་པའི་ཕྱིར་ཏེ། མཛོད་ལས། དྲི་དང་རོ་དང་སྣ་དང་ནི། །ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། །ཞེས་གསུངས་པའི་
ཕྱིར། ཁ་ཅིག །རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་སྙེད་པ་གཟིགས་པར་ཐལ། རྣམ་མཁྱེན་སྐད་ཅིག་དང་པོ་ལ་གནས་པའི་སངས་རྒྱས་ཀྱིས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་སྙེད་པའི་ཆོས་གཟིགས་པའི་ཕྱིར། དེར་ཐལ། དེས་ཇི་ལྟ་བ་ལ་མཉམ་པར་བཞག་བཞིན་པའི་ངང་ནས་ཇི་སྙེད་པའི་ཆོས་གཟིགས་པའི་ཕྱིར་ན་མ་ཁྱབ། དེར་ཐལ། དེས་བདེན་གཉིས་ཅིག་ཅར་དུ་མངོན་སུམ་དུ་གཟིགས་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ངོར་ཇི་སྙེད་པའི་ཆོས་མེད་པ་དེ་ཇི་སྙེད་པའི་ཆོས་ཀྱི་གནས་ལུགས་ཡིན་པའི་ཕྱིར། དེར་ཐལ། མ་མཐོང་བ་ནི་མཐོང་བ་དམ་པའོ། །ཞེས་གསུངས་པའི་ཕྱིར།


previousའབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་རྒྱས་པར་བཤད་པ།next