Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས།next

འཕགས་པ་མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས།

རྒྱ་གར་སྐད་དུ། ཨཱརྻ་ཙཀྵུ་བི་ཤོ་དྷ་ན་ནཱ་མ་བིདྱ། བོད་སྐད་དུ། འཕགས་པ་མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱའི་གྲོང་རྡལ་བཟང་པོ་ཞིག་ན། ཤཱཀྱ་རྣམས་ཀྱི་ནང་ན་བཞུགས་ཏེ་དེའི་ཚེ་སྟ་དུ་ས་ཞེས་བྱ་བ་ན། ཤཱཀྱ་བདེ་བ་ཞེས་བྱ་བ་སངས་རྒྱས་ལ་མངོན་པར་དད་པ་དང༌། ཆོས་དང་དགེ་འདུན་ལ་མངོན་པར་དད་པ་དང༌། སངས་རྒྱས་ལ་སྐྱབས་སུ་སོང༌། ཆོས་ལ་སྐྱབས་སུ་སོང༌། དགེ་འདུན་ལ་སྐྱབས་སུ་སོང༌། སངས་རྒྱས་ལ་གཅིག་ཏུ་ཕྱོགས། ཆོས་ལ་གཅིག་ཏུ་ཕྱོགས། དགེ་འདུན་ལ་གཅིག་ཏུ་ཕྱོགས། སངས་རྒྱས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད། ཆོས་དང་དགེ་འདུན་དང༌། སྡུག་བསྔལ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་ལ། བདེན་པའི་འབྲས་བུ་ཐོབ་པ། མངོན་པར་རྫོགས་པར་གྱུར་པ། མཚོན་དང་དབྱིག་པ་བོར་བ་ཞིག་གནས་པ་དེའི་མིག་ལ་སྣང་བ་དང༌། མི་སྣང་བའི་གཟུགས་རྣམས་སྣང་བར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་སྐྱེས་ཏེ། ཡིད་ལ་བྱེད་ཅིང༌། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་སྣང་བ་མཛད་པ། སྒྲོན་མ་འཛིན་པ། གསལ་བ་འཛིན་པ་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་གསལ་བར་མཛད་དུ་གསོལ། བཅོམ་ལྡན་འདས་བདག་གི་མིག་རྣམ་པར་སྦྱང་དུ་གསོལ། ཞེས་བྱ་བ་དང༌། བཅོམ་ལྡན་འདས་ལྷའི་གནས་པ་ལ་བཞུགས་པ། ལྷའི་སྙན་རྣམ་པར་དག་པ། མི་ལས་འདས་པས། ཤཱཀྱ་བདེ་བས་ཚིག་དེ་སྐད་ཅེས་བརྗོད་པ་གསན་ཏོ། །གསན་ནས་ཀྱང་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་མིག་རྣམ་པར་སྦྱོང་བའི་རིག་སྔགས་འདིས། ཤཱཀྱ་བདེ་བ་ལ་སྲུངས་བར་གྱིས་ཤིག་ཡོངས་སུ་བཟུང་བ་དང་ཡོངས་སུ་བསྐྱང་བ་དང༌། ཞི་བ་དང༌། བདེ་ལེགས་སུ་འགྱུར་བ་དང༌། ཆད་པ་སྤང་བ་དང༌། མཚོན་ཆ་སྤང་བ་དང༌། དུག་གཞིལ་བ་དང༌། དུག་བསད་པ་དང༌། མཚམས་བཅད་པ་དང༌། ས་བཅིང་བར་གྱིས་ཤིག་དང༌། དེ་བཞིན་དུ་འཁོར་བཞི་པོ་དགེ་སློང་རྣམས་དང༌། དགེ་སློང་མ་རྣམས་དང༌། དགེ་བསྙེན་རྣམས་དང༌། དགེ་བསྙེན་མ་རྣམས་དང༌། སེམས་ཅན་གཞན་གྱི་མིག་ཀྱང་རྣམ་པར་སྦྱོངས་ཤིག །མིག་སྦུབས་རྣམ་པར་སྦྱོངས་ཤིག །ཏདྱ་ཐཱ། ཧི་ལི་མི་ལི། ཀི་ལི་མི་ལི། ཧི་ལི་ཏེ། ཧུ་ཡཱ་ཧུ་ཡཱ་ཧུ་ཡཱ། མ་ནི། ཧུ་ལུ་ཧུ་ལུ་ཧུ་ལུ། ཧུ་དུ་ཧུ་དུ་ཧུ་དུ། ཙཀྵུར་མུ་ཁ་བི་ཤོ་དྷ་ཡ་སྭཱ་ཧཱ། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་པོ་མིག་རྣམ་པར་སྦྱོང་བ་འདི་ནི། མིག་གི་སྐྱོན་དང༌། རླུང་གི་སྐྱོན་དང༌། མཁྲིས་པའི་སྐྱོན་དང༌། བད་ཀན་གྱི་སྐྱོན་དང༌། འདུས་པ་ལས་གྱུར་པའི་སྐྱོན་བསལ་ཏེ། ཚུལ་ཁྲིམས་ཀྱི་བདེན་པ་དང༌། བརྟུལ་ཞུགས་ཀྱི་བདེན་པ་དང༌། དྲང་སྲོང་རྣམས་ཀྱི་བདེན་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་བདེན་པ་དང༌། སྡུག་བསྔལ་གྱི་བདེན་པ་དང༌། ཀུན་འབྱུང་བའི་བདེན་པ་དང༌། འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པ་དང༌། དགྲ་བཅོམ་པ་རྣམས་ཀྱི་བདེན་པ་དང༌། རང་སངས་རྒྱས་རྣམས་ཀྱི་བདེན་པ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བདེན་པས། ཤཱཀྱ་བདེ་བའི་མིག་ན་བར་མ་གྱུར་ཅིག །མཆི་མ་འཛག་པར་མ་གྱུར་ཅིག །ཀུན་དུ་མཆི་མ་འཛག་པར་མ་གྱུར་ཅིག །བདག་དང་སེམས་ཅན་ཐམས་ཅད་ཀྱི་མིག་རྣམ་པར་དག་པར་གྱུར་ཅིག །ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་མིག་རྣམ་པར་སྦྱོང་བ་འདི་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་གིས་གསུངས་པའོ། །ང་ཡང་དེ་ལྟར་འཆད་དེ། རྒྱལ་པོ་བཞི་དང༌། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང༌། མི་མཇེད་ཀྱི་བདག་པོ་ཚངས་པ་ཡང་རྗེས་སུ་ཡི་རང་ངོ༌། །ཀུན་དགའ་བོ་རིག་སྔགས་འདི་དུས་གསུམ་དུ་བརྗོད་ན། དེ་ལ་འཐིབས་པོར་འགྱུར་བ་དང༌། རབ་རིབ་བམ། ལིང་ཏོག་གམ། མིག་ནད་སྔོན་པོར་མཐོང་བའམ། མིག་གི་ཡུལ་གྱི་སྐྱོན་ལྷ་ལས་གྱུར་པ་རྣམས་སམ། ཀླུ་ལས་གྱུར་པ་རྣམས་སམ། དྲི་ཟ་ལས་གྱུར་པ་རྣམས་སམ། གནོད་སྦྱིན་ལས་གྱུར་པ་རྣམས་སམ། ཤ་ཟ་ལས་གྱུར་པ་རྣམས་སམ། བྱད་ལས་གྱུར་པ་རྣམས་སམ། རོ་ལངས་ལས་གྱུར་པ་རྣམས་སམ། རོ་ལངས་དང་བྱད་ལས་གྱུར་པ་རྣམས་སམ། ཀུན་དུ་རྒྱུ་ལས་གྱུར་པ་རྣམས་སམ། ཀུན་དུ་རྒྱུ་དང་རོ་ལངས་ལས་གྱུར་པ་རྣམས་ཀྱིས་ཚུགས་པར་འགྱུར་བ་ནི། ལྷ་དང་བཅས་པ་དང༌། བདུད་དང་བཅས་པ་དང༌། ཚངས་པ་དང་བཅས་པ་དང༌། དགེ་སྦྱོང་དང་བྲམ་ཟེར་བཅས་པ་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་ངས་མ་མཐོང་སྟེ། དེ་ནི་གནས་མེད་དོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏེ། བཅོམ་ལྡན་འདས་དེ་བཞིན་ནོ་ཞེས་གསོལ་ནས། གསང་སྔགས་ཀྱི་གཞི་རྣམས་བཟུང་སྟེ། ཀུན་ཆུབ་པར་བྱས་ནས་ཤཱཀྱ་བདེ་བ་ག་ལ་བར་དེར་སོང་སྟེ། བདེ་བ་མིག་རྣམ་པར་སྦྱོང་བའི་གསང་སྔགས་ཀྱི་གཞི་དག་དེ་བཞིན་གཤེགས་པས་ཁྱོད་ལ་བསྐུར་གྱིས་ཉིན་རེ་བཞིན་དུས་གསུམ་དུ་དྲན་པར་གྱིས་ཤིག །ཅེས་དེ་ལ་རྒྱས་པར་སྨྲས་སོ། །ཤཱཀྱ་བདེ་བས་ཐོས་མ་ཐག་ཏུ་དེ་ཁོ་ནར་མིག་རྣམ་པར་དག་སྟེ། མིག་རྣམ་པར་དག་པས་དྲི་མ་མེད་པའི་མིག་གིས་ཐམས་ཅད་མཐོང་ངོ༌། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང༌། ཤཱཀྱ་བདེ་བ་དང༌། ལྷ་དང་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས་རྫོགས་སོ།། །།


previousའཕགས་པ་མིག་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས།next