Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
   
  expand section
  expand section
  expand section
  expand section
  collapse section
   
   
ངོ་བོ་ཉིད་སྐུ་བཤད་པ།
   
   
   
   
   


 
previousངོ་བོ་ཉིད་སྐུ་བཤད་པ།next

ངོ་བོ་ཉིད་སྐུ་བཤད་པ།


GLG013_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་སྐུ་བཤད་པ། གཉིས་པ་ལ། སྐུའི་རྣམ་གཞག་དང་། མཛད་པ་འཕྲིན་ལས་ཀྱི་རྣམ་གཞག་གཉིས། དང་པོ་ལ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྤྱོད་རྫོགས་སྐུ། མཆོག་གི་སྤྲུལ་སྐུ་བཞི། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ། དང་པོ་ནི། སྐུ་བཞིའི་དང་པོ་ཆོས་ཅན། ཐུབ་པའི་ངོ་བོ་ཉིད་སྐུ་ཞེས་སོགས་ཀྱི་གཞུང་གིས་ཁྱོད་ཚིག་དོན་ཡན་ལག་གི་སྒོ་ནས་འཆད་ཚུལ་ཡོད་དེ། གཞུང་དེས་ཁྱོད་ཁྱད་ཆོས་གསུམ་གྱི་སྒོ་ནས་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཐུབ་པའི་ངོ་བོ་ཉིད་ཀྱི་སྐུ་ནི་ཆོས་ཅན། ཁྱོད་ཁྱད་ཆོས་གསུམ་དང་ལྡན་པ་ཡིན་ཏེ། ཟག་པ་མེད་པའི་ཆོས་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་གང་དག་རྫོགས་པར་ཐོབ་པར་གྱུར་པ་དང་། སྒྲིབ་གཉིས་རྣམ་པ་ཀུན་དུ་རྣམ་པར་དག་པའི་བྲལ་བའི་ཁྱད་པར་དང་། ཟག་མེད་ཀྱི་ཡེ་ཤེས་ཉེར་གཅིག་དེ་དག་གི་རང་བཞིན་བདེན་སྟོང་གི་མཚན་ཉིད་ཅན་གྱི་ངོ་བོ་ཡིན་པའི་ངོ་བོའི་ཁྱད་པར་ཏེ་ཁྱད་ཆོས་གསུམ་དང་ལྡན་པའི་དག་པ་གཉིས་ལྡན་གྱི་སྐུ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །དག་པ་གཉིས་ལྡན་གྱི་འགོག་བདེན་མཐར་


GLG013_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་ངོ་བོ་ཉིད་སྐུའི་མཚན་ཉིད་ཟེར་ན། རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ལ་དགག་བྱ་གློ་བུར་གྱི་དྲི་མ་སྤངས་པའི་འདུས་མ་བྱས་ཀྱི་སྐུ་ངོ་བོ་ཉིད་སྐུའི་མཚན་ཉིད་ཟེར་ན། དེ་མི་འཐད་པར་ཐལ། མཚན་ཉིད་དེ་མེད་པའི་ཕྱིར། རང་བཞིན་གྱིས་རྣམ་པར་དག་པའི་ཆོས་མེད་པའི་ཕྱིར། དེར་ཐལ། རང་བཞིན་གྱིས་དག་པའི་ཆོས་མེད་པའི་ཕྱིར། དེར་ཐལ། གཞི་གྲུབ་ན་རང་བཞིན་གྱིས་གྲུབ་པའི་ཆོས་ཡིན་དགོས་པའི་ཕྱིར། ཁ་ཅིག །ངོ་བོ་ཉིད་སྐུ་ཡིན་ན་སངས་རྒྱས་འབའ་ཞིག་གི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པས་ཁྱབ་ཟེར་ན། རྣམ་མཁྱེན་བདེན་སྟོང་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱིས་ཁྱོད་མངོན་སུམ་དུ་རྟོགས་པའི་ཕྱིར། གཉིས་པ་རང་ལུགས་ལ། དག་པ་གཉིས་ལྡན་གྱི་ཆོས་ཉིད་ཀྱི་སྐུ་དེ་ངོ་བོ་ཉིད་སྐུའི་མཚན་ཉིད། དེ་ལ་དབྱེ་ན། རང་བཞིན་རྣམ་དག་གི་ཆར་གྱུར་བའི་ངོ་བོ་ཉིད་སྐུ་དང་། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་གཉིས། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། གློ་བུར་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཆོས་ཉིད་ཡིན་པར་ཐལ། ཆོས་ཉིད་ཀྱི་སྐུ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། ལོངས་སྐུ་ཆོས་ཅན། གཟུགས་ཡིན་པར་ཐལ། གཟུགས་ཀྱི་སྐུ་ཡིན་པའི་ཕྱིར། ཁྱབ་པ་ཁས། སྨྲས་པ། མར་གད་གོས་སུ་ཀླུབས་པའི་སྤངས་ལྗོངས་ལ། །འཇའ་ཚོན་ལྟ་བུར་བཀྲ་བའི་མེ་ཏོག་དང་། །རབ་སྙན་གླུ་དབྱངས་ཅན་གྱི་རྐང་དྲུག་རྣམས། །ཚོགས་ལ་འཇིག་རྟེན་འདི་ན་མཚར་དུ་བརྩི། །རྒྱལ་བའི་ཡོན་ཏན་མཁའ་ལྟར་ཆེས་ཡངས་པ། །


GLG013_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་གསུམ་དག་པའི་ཚད་ཀྱིས་འཇལ་བའི་རྟ། །མ་འདྲེས་ཚིག་དོན་འཁོར་ལོས་འདྲེན་པ་འདི། །བློ་གྲོས་གྱད་ཀྱི་རིགས་ལས་བྱུང་ངམ་ཅི། །རྣམ་མང་ཚིག་གི་སྤྲོས་པས་དོན་ཀུན་སྒྲིབ། །ཅུང་ཟད་དཔྱད་པ་མེད་ན་གནས་མི་རྟོགས། །ཚིག་སྦྱོར་ཉུང་ངུར་བགྱིས་པའི་ལྡེ་མིག་གིས། །མཁས་མང་བཞེད་པའི་སྒོ་གླེགས་བརྒྱ་ཕྲག་ཕྱེ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ལ། དངོས་དང་། ཆོས་ཅན་གྱི་སྐུ་གསུམ་ཆོས་ཉིད་ཀྱི་སྐུ་ལས་ཐ་དད་དུ་བཞག་པའི་དགོས་པ་གཉིས་ལས། དང་པོ་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་སྐུ་དེ་ནི་ཆོས་ཅན། ལྡན་པའི་ཁྱད་པར་དང་ལྡན་པ་ཡིན་ཏེ། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་ཕྱིར། དེ་ཆོས་ཅན། བྲལ་བའི་ཁྱད་པར་དང་ལྡན་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམ་པ་ཐམས་ཅད་དུ་གཉེན་པོས་རྣམ་པར་དག་ཅིང་དབེན་པས་ཁྱད་པར་དུ་བྱས་པའི་ཕྱིར། སྒྲིབ་གཉིས་ཀྱི་དྲི་མ་རྣམས་ཆོས་ཅན། ཟད་པར་སྤོང་ནུས་ཏེ། གློ་བུར་བ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་སྤང་བྱ་ཡིན་པའི་ཕྱིར། དེ་ཆོས་ཅན། དོན་དམ་པར་སྐྱེ་བ་མེད་པའི་ངོ་བོ་ཉིད་ཀྱི་ནི་ཁྱད་པར་འདི་དང་ལྡན་པ་ཡིན་ཏེ། དོན་དམ་པར་རང་བཞིན་གྱིས་དབེན་པའི་མཚན་ཉིད་དུ་གྱུར་པ་ཟག་པ་མེད་པའི་ཡེ་ཤེས་གང་དག་ཡིན་པ་དེ་དག་གི་གནས་ལུགས་ཀྱི་རང་བཞིན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་ཆོས་ཅན། ཐབས་གང་ཡང་རུང་བས་ཐོབ་པ་མ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ཀྱི། འཇིག་རྟེན་པའི་ལམ་ཙམ་གྱི་རྐྱེན་གྱིས་བྱས་པ་ནི་མ་ཡིན་པའི་ཡོན་ཏན་ཡིན་པའི་ཕྱིར། དེར་ཐལ། ཐབས་རྒྱ་ཆེན་པོས་ཟིན་པའི་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུས་ཆོས་


GLG013_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་གནས་ལུགས་རྟོགས་པས་ཐོབ་པ་ཡིན་པའི་ཕྱིར། དེ་ཆོས་ཅན། རྒྱུས་གསར་དུ་བསྐྱེད་པར་བྱར་མེད་དེ། རྒྱུ་རྐྱེན་གྱིས་བཅོས་མ་མ་ཡིན་པའི་དོན་གྱིས་ན་འདུས་མ་བྱས་ཡིན་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཆོས་ཅན་གྱི་སྐུ་ལྷག་མ་གསུམ་པོ་ཆོས་ཅན། ངོ་བོ་ཉིད་ཀྱི་སྐུ་དང་ངོ་བོ་ཐ་དད་མ་ཡིན་ཏེ། དོན་དམ་པར་བདེན་པས་སྟོང་པའི་ཆོས་ཉིད་ཀྱི་ངོ་བོར་གྱུར་པའི་སྐུ་ཡིན་པའི་ཕྱིར། དེར་ཐལ། འཕགས་པ་ལྷའི་ལུགས་ལས། སྟོང་ཉིད་ཅེས་བྱ་ཤེས་པ་ལས། །གཞན་ནི་འགའ་ཡང་ཡོད་མིན་ཏེ། །གང་ཕྱིར་དབེན་པ་དབེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །ཅེས་དབེན་པ་ཆོས་ཉིད་དེ་དབེན་རྒྱུའི་སྟོང་བཞི་ཆོས་ཅན་ལས་ངོ་བོ་ཐ་མི་དད་པར་བསྟན་པའི་ཕྱིར། སྐུ་ལྷག་མ་གསུམ་པོ་ཆོས་ཅན། ངོ་བོ་ཉིད་ཀྱི་སྐུ་དེ་དང་ངོ་བོ་ཐ་མི་དད་ཀྱང་ཁྱོད་དེ་དང་ཐ་དད་པར་རྣམ་པར་བཞག་པ་ཡིན་ཏེ། ཁྱོད་དེ་དང་ངོ་བོ་ཐ་དད་མ་ཡིན་ཡང་ཡང་དག་པའི་ཀུན་རྫོབ་ཏུ་མི་འདྲ་བར་སྣང་བ་ཇི་ལྟར་མོས་པ་ཐ་དད་པས་བཞག་ཅིང་རབ་ཏུ་ཕྱེ་བ་ཉིད་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་ལྟར་ཐ་དད་པར་བཞག་པ་ལ་དགོས་པ་ཡོད་དེ། ཡེ་ཤེས་ཆོས་སྐུ་སངས་རྒྱས་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་དང་། ལོངས་སྐུ་བྱང་སེམས་འཕགས་པ་ཡན་ཆད་དང་། མཆོག་གི་སྤྲུལ་སྐུ་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་དུ་རྣམ་པར་བཞག་པ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཡེ་ཤེས་ཆོས་སྐུ་སངས་འཕགས་ནང་ཕན་ཚུན་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་བྱས་པ་ལ། དེ་མ་ཡིན་པར་ཐལ། དེ་དེ་མི་རྟག་པར་མངོན་སུམ་དུ་རྟོགས་པའི་བྱང་འཕགས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར། དེར་ཐལ། དེ་འདྲའི་
བྱང་འཕགས་ཀྱི་མངོན་སུམ་དེ་ཡེ་ཤེས་ཆོས་སྐུ་ལ་མངོན་སུམ་ཡིན་པའི་ཕྱིར། དེར་ཐལ། དེ་ཡེ་ཤེས་ཆོས་སྐུ་མི་རྟག་པ་ལ་མངོན་སུམ་ཡིན་པ་ནི་གང་ཞིག །ཡེ་ཤེས་ཆོས་སྐུ་དང་དེའི་མི་རྟག་པ་གཉིས་ཡུལ་དུས་རང་བཞིན་གང་ལ་ལྟོས་ཏེ་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །ལོངས་སྐུ་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པའི་གང་ཟག་ཡིན་ན། བྱང་འཕགས་ཡིན་པས་ཁྱབ་ཟེར་ན། ལོངས་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག །སྤྲུལ་སྐུ་མངོན་སུམ་གྱི་སྤྱོད་ཡུལ་དུ་བྱེད་པའི་གང་ཟག་ཡིན་ན་ལས་དག་ཡིན་པས་ཁྱབ་ཟེར་ན་ལྷས་སྦྱིན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སངས་རྒྱས་ལ་ལོག་པར་ལྟ་བའི་གང་ཟག་ཡིན་པའི་ཕྱིར།


previousངོ་བོ་ཉིད་སྐུ་བཤད་པ།next