Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
   
  expand section
  expand section
  expand section
  expand section
  collapse section
   
   
   
ཡེ་ཤེས་ཆོས་སྐུ་བཤད་པ།
   
   
   
   


 
previousཡེ་ཤེས་ཆོས་སྐུ་བཤད་པ།next

ཡེ་ཤེས་ཆོས་སྐུ་བཤད་པ།


GLG013_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཆོས་སྐུ་བཤད་པ། གཉིས་པ་ཡེ་ཤེས་ཆོས་སྐུ་ལ། དངོས་ཀྱི་དོན། དེའི་ཁྱད་པར་བཤད་པ། དེ་ལ་རྩོད་པ་སྤོང་བ་གསུམ། དང་པོ་ལ། ཡེ་ཤེས་ཆོས་སྐུ་སྐུ་གསུམ་ལས་ཐ་དད་དུ་བསྟན་པ། ཐ་མི་དད་དུ་འདོད་པ་དགག་པ། ཐ་དད་དུ་བསྟན་པ་ལ་རྩོད་པ་སྤོང་བ་གསུམ། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་བ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དེ་ལྟར་སྐུ་དང་པོ་བསྟན་ནས་གཉིས་པ་ཡེ་ཤེས་ཆོས་ཀྱི་སྐུ་དོན་དམ་པར་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཟག་པ་མེད་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ངོ་བོ་འཆད་པའི་ཚུལ་ཡོད་དེ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་སོགས་ཀྱི་གཞུང་གིས་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་དང་། ཚད་མེད་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་ནི་སྙོམས་པར་འཇུག་པ་དགུའི་བདག་ཉིད་དང་། ཟད་པར་གྱི་ཏིང་ངེ་འཛིན་བཅུའི་བདག་ཉིད་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི་རབ་ཏུ་དབྱེ་བས་རྣམ་པ་བརྒྱད་དང་། ཉོན་


GLG013_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་མེད་པའི་ཏིང་འཛིན་དང་། སྨོན་ནས་མཁྱེན་པ་དང་། མངོན་ཤེས་དྲུག་དང་། སོ་སོ་ཡང་དག་རིག་པ་བཞི་དང་། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་དང་། དབང་བ་བཅུ་དང་ནི། སྟོབས་བཅུ་དང་། མི་འཇིགས་པ་ནི་བཞི་དག་དང་། བསྲུང་བ་མེད་པ་རྣམ་པ་གསུམ་དང་། དྲན་པ་ཉེ་བར་གཞག་པ་རྣམ་པ་གསུམ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། སྒྲིབ་གཉིས་ཀྱི་བག་ཆགས་ཡང་དག་པར་བཅོམ་པ་དང་། སྐྱེ་བོ་ཐམས་ཅད་ལ་དམིགས་པའི་ཐུགས་རྗེ་ཆེན་པོ་དང་། ཐུབ་པ་སངས་རྒྱས་ཁོ་ནའི་མ་འདྲེས་པའི་ཆོས་བཅོ་བརྒྱད་བཤད་པ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། མཐའི་དང་གིས་བསྡུས་པ་ལམ་ཤེས་དང་གཞི་ཤེས་ཏེ་སངས་འཕགས་ཀྱི་རྒྱུད་ཀྱི་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་གམ་བརྒྱ་ཞེ་དྲུག་ནི་ཆོས་ཅན། ཡེ་ཤེས་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ཏེ། ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པ་མཐར་ཐུག་པའི་ཡེ་ཤེས་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །ཇི་ལྟ་བ་དང་ཇི་སྙེད་པ་ལ་གཟིགས་པ་མཐར་ཐུག་པའི་ཤེས་པ་དེ་ཡེ་ཤེས་ཆོས་སྐུའི་མཚན་ཉིད་ཟེར་ན། སངས་འཕགས་ཀྱི་རྒྱུད་ཀྱི་མིག་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། སངས་འཕགས་ཀྱི་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར། འདོད་ན། ཡིད་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དབང་ཤེས་ཡིན་པའི་ཕྱིར། ཁ་ཅིག་ཆོས་ཀྱི་སྐུ་ཞེས་བརྗོད་མི་རིགས་པར་ཆོས་ཉིད་ཀྱི་སྐུ་ཞེས་བརྗོད་རིགས་པར་ཐལ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་སོགས་ཀྱིས་ངོ་བོ་ཉིད་སྐུ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། ཞེས་ཟེར་བ་ལ། མཁས་པ་ཁ་ཅིག །སྐྱོན་མེད་དེ། ཆོས་ཉིད་ཀྱི་སྐུ་ཞེས་བརྗོད་རྒྱུ་ཡིན་ནའང་


GLG013_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

སྡེབ་སྦྱོར་མ་འགྲིག་པའི་དབང་གིས་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་པའི་ཕྱིར། ཞེས་སྨྲ་ནའང་། སྤྱིར་སྐུའི་སྐད་དོད་ཀཱ་ཡ། ཆོས་ཉིད་ཀྱི་སྐད་དོད་དྷརྨ་ཏཱ་ཞེས་པ་དྷྲྀཉ་འཛིན་པ་ལའོ། །ཞེས་པའི་བྱིངས་ལ་ཨིན་དང་ཉ་དང་ཡ་ཛ་སོགས་ལ་གཉིས་ཀའོ་ཞེས་པས་རྗེས་འབྲེལ་ཕྱིས། ཨརྟི། ཧཱུ། སུ། དྷྲྀ། ཎི། ཀྵི། པད། བྷཱ། ཡཱ། སྟུ་རྣམས་ལས་མའོ་ཞེས་པས་མ་རྐྱེན་བྱིན། ནཱ་མི་མཐའི་བྱིངས་དང་བི་ཀ་རཎ་དག་གིས་ཡོན་ཏན་ནོ་ཞེས་པས་ཡོན་ཏན་བྱས་པས་དྷརྨ་ཞེས་པ་འགྲུབ། དེ་ལ་དངོས་པོ་ལ་ཏཱ་ཏྭ་དག་གོ་ཞེས་པས་ཏཱ་རྐྱེན་བྱིན་པས་ཆོས་ཉིད་ཅེས་པ་འགྲུབ་ཙིཉ་སོགས་པ་ལའོ་ཞེས་པའི་བྱིངས་ལ་གྷཉའི་རྐྱེན་བྱིན་འཕེལ་བ་བྱས་ལུས་དང་དང་པོའི་གནས་དག་ལ་ཀའངོ་ཞེས་པས་ཙ་ཀར་བསྒྱུར་བས་ཀཱ་ཡ་ཞེས་པ་འགྲུབ། དེ་ཙམ་དུ་མ་ངེས་པའི་སྒྲ་གཅིག་དོན་མང་དང་དོན་གཅིག་ལ་སྒྲ་མང་མཐའ་ཡས་པ་འཇུག་པས། སྐབས་འདིར་རྒྱ་དཔེ་ལས་བོད་སྐད་དུ་བསྒྱུར་བའི་ཚིག་ལས་མ་འགྲིག་པ་ཡིན་ན། ཆོས་ཉིད་ཀྱི་ནི་སྐུ་ཞེས་བརྗོད། །ཅེས་ཚིག་སྦྱོར་བྱ་རུང་ལ། རྒྱ་དཔེ་ལ་མ་འགྲིག་ཅེ་ན། ཡི་གེ་མང་ཉུང་དང་བསྡུ་བ་སོགས་ཀྱི་དབང་གིས་དོན་མི་འགྲིག་པ་རྒྱ་གར་མཁས་པ་ལ་མ་གྲགས། སྤྱིར་སྡེབ་སྦྱོར་ཞེས་པ་རྒྱ་གར་གྱི་སྐད་ལ་འབྱུང་བ་ཡིན་གྱི། བོད་སྐད་ལ་མི་འབྱུང་བས། ཕྱོགས་འདི་ལ་བརྡ་མ་བྱང་བ་རྣམས་ཀྱི་དབུས་སུ་མི་ཤེས་བཞིན་དུ་མུ་ཅོར་གྱི་གཏམ་མ་སྨྲས་ཞིག །འོན་ཀྱང་རྒྱ་དཔེ་རྙེད་པ་དང་དེའི་དོན་ལ་དཔྱོད་པའི་བློ་ནུས་དང་ལྡན་པ་དག་གིས་ཞིབ་ཏུ་བརྟགས་ཏེ་སླར་ཡང་དཔྱད་ན་བསྟན་པ་ལ་བྱ་བ་བྱས་པར་འགྱུར་ལ། དུས་ཀྱི་བསྐལ་པས་རྒྱ་དཔེ་ལས་བོད་དཔེ་ཡང་ཞགས་པ་རིང་པོས་དམ་དུ་བསྡམས་ཏེ་རྡུལ་ཁྲོད་ན་གནས་པ་མང་ངོ་། །ཁ་ཅིག །སངས་རྒྱས་ཀྱི་སྐུ་ལ་བཞིར་གྲངས་མ་ངེས་ཟེར་ན། དེ་ངེས་པར་ཐལ། སངས་རྒྱས་ཀྱི་ཟག་མེད་


GLG013_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་དེ་ཡེ་ཤེས་ཆོས་སྐུ་ཡིན་པའི་ཕྱིར། དེར་ཐལ། རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ཡེ་ཤེས་ཆོས་སྐུ་ཡིན་ན་འཕགས་པ་གྲོལ་སྡེས་མི་བཞེད་པས་ཁྱབ་ཟེར་ན། སངས་རྒྱས་ཀྱི་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། འཕགས་པས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་སོགས་དང་། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་སོགས་ཀྱི་གཞུང་གཉིས་མདོར་བསྟན་རྒྱས་བཤད་དུ་སྦྱར་ནས་བཤད་པའི་ཕྱིར། གཞན་ཡང་འཕགས་པས་ཡེ་ཤེས་ཆོས་སྐུ་བཞེད་པར་ཐལ། ཐོགས་མེད་སྐུ་མཆེད་ཀྱིས་དེ་བཞེད་པ་གང་ཞིག །དེ་གཉིས་ལ་ལྟ་བའི་འཆད་ཚུལ་མི་མཐུན་ཡང་སྐུའི་གྲངས་ངེས་སོགས་ཐེག་པ་སྤྱིའི་རྣམ་གཞག་ལ་མི་མཐུན་པའི་ཁྱད་པར་མེད་པའི་ཕྱིར། དང་པོ་དེར་ཐལ། ཉན་ས་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ནི་རྣམ་པ་གཉིས་ཏེ། གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །འཕགས་པས་སངས་རྒྱས་ཀྱི་སའི་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་བཞེད་ཀྱང་། དེ་ལ་ཡེ་ཤེས་ཆོས་སྐུའི་ཐ་སྙད་མི་བཞེད་ཟེར་ན། དེ་བཞེད་པར་ཐལ། དེས་ཆོས་སྐུ་འདོགས་པའི་གཞིར་གྱུར་པའི་སངས་རྒྱས་ཀྱི་སྐུ་ཞིག་བཞེད་པ་གང་ཞིག་ཡུམ་རྒྱས་པ་ལས། གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མ་མཆིས་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཞེས་སོགས་གསུངས་པ་དེ་འཕགས་པས་མ་གཟིགས་པར་ཁས་ལེན་དགོས་པའི་སྐྱོན་དུ་འགྱུར་བའི་ཕྱིར། གཞན་ཡང་། དེས་དེ་


GLG013_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་པར་ཐལ། དེས་རང་རྒྱུ་ཡེ་ཤེས་ཀྱི་ཚོགས་ལས་འཁྲུངས་པའི་ཆོས་སྐུ་ཞིག་བཞེད་པའི་ཕྱིར། དེར་ཐལ། རིན་ཆེན་འཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་པའི་གཞུང་སྒྲ་ཇི་བཞིན་པར་བཞེད་པའི་ཕྱིར། གཉིས་པ་རང་ལུགས་ནི། འཕགས་པ་གྲོལ་སྡེས་ངོ་བོ་ཉིད་ཅེས་པས་ངོ་བོ་ཉིད་སྐུ་བསྟན། ལོངས་རྫོགས་བཅས་ཞེས་པས་ལོངས་སྐུ་བསྟན། དེ་བཞིན་གཞན་པ་སྤྲུལ་པ་ནི། །ཞེས་པས་སྤྲུལ་སྐུ་མཛད་པ་དང་བཅས་པ་བསྟན། ཆོས་སྐུ་མཛད་པ་དང་བཅས་པ། །ཞེས་པས་ལུས་བསྟན་བཤད་སྦྱར་ནས་བསྟན་པ་བསྡུས་དོན་དང་། བྱང་ཆུབ་ཕྱོགས་མཐུན་ཞེས་པ་ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པའི་བར་གྱིས་ངོ་བོ་ཉིད་སྐུ་རྒྱས་པར་བཤད། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །ཞེས་པ་ནས། རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་པའི་བར་གྱིས་ཉོན་མོངས་མེད་པའི་ཏིང་འཛིན་དང་། །སྨོན་ནས་མཁྱེན་པའི་ཏིང་འཛིན་གཉིས་རྒྱས་པར་བཤད་པ་དང་། ཕྱག་ཞབས་ཞེས་པ་ནས། བཟང་པོར་བཞེད། །ཅེས་པའི་བར་གྱིས་ལོངས་སྐུ་རྒྱས་པར་བཤད། དེ་བཞིན་ཞེས་པ་ནས། བདུན་དུ་བཞེད་ཅེས་པའི་བར་གྱིས་སྤྲུལ་སྐུ་རྒྱས་པར་བཤད་པར་བཞེད་པའི་ཕྱིར། སློབ་དཔོན་སེང་བཟང་གིས། ངོ་བོ་ཉིད་ཅེས་པས་ངོ་བོ་ཉིད་སྐུ་དངོས་བསྟན་བསྟན་བྱའི་གཙོ་བོ་དང་། ལོངས་རྫོགས་བཅས་དང་ཞེས་པས་ལོངས་སྐུ་དང་། དེ་བཞིན་གཞན་པ་སྤྲུལ་པ་ནི། །ཞེས་པས་སྤྲུལ་སྐུ་དང་། རྒྱས་བཤད་ཀྱི་སྐབས་སུ། བྱང་ཆུབ་ཕྱོགས་ཞེས་པ་ནས། རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་པའི་བར་གྱིས་སངས་རྒྱས་ཀྱི་ཟག་མེད་ཡེ་ཤེས་རྣམས་ངོ་བོ་ཉིད་སྐུ་ལས་ལོགས་སུ་འབྲས་བུ་ཆོས་སྐུ་མཚོན་བྱེད་དུ་བསྟན་པར་


GLG013_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ལ། གཞན་ཕལ་ཆེར་འཕགས་སེང་གཉིས་མཐུན་ནོ། །གསུམ་པ་རྩོད་པ་སྤོང་བ་ལ། འཕགས་པས། བྱང་ཆུབ་ཕྱོགས་ཞེས་པ་ནས། རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་པའི་བར་གྱིས་སངས་རྒྱས་ཀྱི་ཟག་མེད་ཡེ་ཤེས་རྣམས་ངོ་བོ་ཉིད་སྐུ་ལས་ལོགས་སུ་འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་སྐུར་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པར་འདོད་པར་ཐལ། དེས་ཡེ་ཤེས་ཆོས་སྐུ་བཞེད་པའི་ཕྱིར། ཟེར་ན། མ་ཁྱབ། མ་གྲུབ་ན། སྟོང་ཕྲག་བརྒྱ་པ་ལས། གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་མཐོང་བར་འཚལ་ཞིང་ཤེས་པར་འཚལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །ཞེས་སོགས་འཕགས་པ་གྲོལ་སྡེས་སྒྲ་ཇི་བཞིན་དུ་ཁས་མི་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན། འཕགས་པ་གྲོལ་སྡེ་ཆོས་ཅན། ཁྱོད་ཐེག་ཆེན་པ་མ་ཡིན་པར་ཐལ། ཁྱོད་སྐྱབས་གནས་ཡང་དག་ལ་ལོག་ལྟ་མངོན་གྱུར་ཏུ་རྒྱུད་ལ་ལྡན་པའི་གང་ཟག་ཡིན་པའི་ཕྱིར། དེ་དེར་ཐལ། དེ་ཡེ་ཤེས་ཆོས་སྐུ་སྐྱབས་གནས་ཡང་དག་མ་ཡིན་པར་འཛིན་པའི་ལོག་ལྟ་མངོན་གྱུར་ཏུ་རྒྱུད་ལ་ལྡན་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེ་ཡེ་ཤེས་ཆོས་སྐུ་སྐྱབས་གནས་སུ་ཁས་མི་ལེན་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེ་ཡེ་ཤེས་ཆོས་སྐུ་ཁས་མི་ལེན་པའི་གང་ཟག་ཡིན་པའི་ཕྱིར། སྨྲས་པ། རྒྱལ་ཚབ་དར་མའི་དགོངས་དོན་མ་ལུས་པ། །གཏན་ལ་ཕབ་ཅེས་སྐད་གསང་མཐོན་པོ་ཡིས། །སྒྲོགས་པར་བྱེད་ཀྱང་འཕགས་མཆོག་གྲོལ་བའི་སྡེ། །ཐེག་ཆེན་གྲལ་ནས་འདོན་འདི་སུ་ཡི་ལུགས། །འཕགས་ཡུལ་མཁས་མཆོག་ཙནྡྲ་གོ་མི་དང་། །རིན་ཆེན་འབྱུང་གནས་ཞི་བའི་ཞབས་སོགས་ཀྱི། །བརྡ་སྤྲོད་སྡེབ་སྦྱོར་རྣ་བར་མ་སོན་


GLG013_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

པར། དེ་འདྲའི་ཚུལ་ལུགས་སྨྲ་དེ་གད་མོའི་གནས། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག །མ་ཐོབ་བར་དུ་ཤེས་བྱའི་གནས་མཐའ་དག །མི་རྟོགས་ཆོས་ཉིད་ཡིན་ཕྱིར་མི་ཤེས་པའི། །ཚུལ་ལ་ངོ་ཚའི་ཁྲེས་པོ་འཁུར་མི་དགོས། །རང་ཅག་བྱིས་པའི་ངང་ཚུལ་ཅན་རྣམས་ཀྱིས། །བླ་མའི་དྲིན་ལས་ཅུང་ཟད་རྟོགས་པ་རྣམས། །འཆད་རྩོད་རྩོམ་པར་བྱེད་པ་རིགས་མོད་ཀྱི། །ཤེས་རྫུས་བསྟན་པ་དཀྲུགས་ནས་ཅི་ཞིག་བྱ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་འགྲེལ་པ་ལ། དབྱེ་བ་དང་། དེ་དག་ཡེ་ཤེས་ཆོས་སྐུར་གཞག་པ་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཡེ་ཤེས་ཆོས་སྐུ་དེ་ལ་སྡེ་ཚན་གྱི་སྒོ་ནས་དབྱེ་ན་སྡེ་ཚན་ཉེར་གཅིག་ཡོད་དེ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱི་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། སྔ་མ་བཞིན་དུ་ཚངས་པའི་གནས་ལ་བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་པོ་རྣམས་དང་། ནང་རྣལ་འབྱོར་པ་རང་ལ་གཟུགས་ཅན་གྱི་འདུ་ཤེས་བཞག་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་མི་སྡུག་པར་ལྟ་བ་དང་། ནང་རྣལ་འབྱོར་པ་རང་ལ་གཟུགས་ཅན་མ་ཡིན་པ་མིང་བཞིའི་ཕུང་པོ་ཙམ་གྱི་འདུ་ཤེས་བཞག་པས་དེ་ལྟར་ལྟ་བ་ཞེས་བྱ་བའི་རྣམ་ཐར་གཉིས་དང་། སྦྱོར་བའི་དུས་སུ་སྡུག་མི་སྡུག་ཕན་ཚུན་ལྟོས་པའི་འདུ་ཤེས་དང་། རྗེས་སུ་འབྲེལ་བའི་འདུ་ཤེས་སྔོན་དུ་བཏང་ནས། དངོས་གཞིའི་དུས་སུ་གཟུགས་སྣང་ཐམས་ཅད་སྡུག་པར་རོ་གཅིག་ཏུ་མོས་པར་བྱེད་པ་སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་པ་ཞེས་བྱ་བའི་རྣམ་ཐར་གཅིག་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་དང་། རྣམ་


GLG013_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་མཐའ་ཡས་སྐྱེ་མཆེད་ཀྱི་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམ་ཐར་ཞེས་བྱ་བ་བཞི་དང་། འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་ཞེས་བྱ་བ་གཅིག་སྟེ་དེ་ལྟར་རྣམ་པར་ཐར་པ་བརྒྱད་དང་། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞིའི་དངོས་གཞིའི་སྙོམས་འཇུག་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའི་དངོས་གཞིའི་སྙོམས་འཇུག་བཞི་དང་། འགོག་པའི་སྙོམས་པར་འཇུག་པའི་དངོས་གཞིའི་སྙོམས་འཇུག་ཅེས་བྱ་བ་སྟེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། ཟད་པར་སའི་དང་། ཆུའི་དང་། མེའི་དང་། རླུང་གི་དང་། སྔོན་པོའི་དང་། སེར་པོའི་དང་། དམར་པོའི་དང་། དཀར་པོའི་དང་། ནམ་མཁའི་དང་། ཟད་པར་རྣམ་པར་ཤེས་པའི་ཏིང་ངེ་འཛིན་ཞེས་བྱ་བ་རྣམ་པ་བཅུ་དང་། ནང་རྣལ་འབྱོར་པ་རང་ལ་གཟུགས་སུ་འདུ་ཤེས་པ་དང་གཟུགས་མེད་པར་འདུ་ཤེས་པ་དག་གིས་སོ་སོར་རེ་རེ་ལའང་གཟུགས་ཆུང་ངུ་དང་ཆེན་པོའི་རྣམ་པ་མཛེས་མི་མཛེས་དང་བཟང་ངན་དག་ཏུ་ཕྱི་རོལ་ཀྱི་གཟུགས་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཞི་གནས་ཀྱིས་ཤེས་ཤིང་ལྷག་མཐོང་གིས་མཐོང་བ་ཞེས་བྱ་བ་དབྱིབས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་དང་། ནང་རྣལ་འབྱོར་པ་རང་ལ་གཟུགས་མེད་པར་འདུ་ཤེས་པ་དག་ཁོ་ནས་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དག་ཟིལ་གྱིས་མནན་ནས་ཤེས་ཤིང་མཐོང་ཞེས་བྱ་བ་ཁ་དོག་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམ་པ་བཞི་སྟེ་དེ་ལྟར་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམ་པ་བརྒྱད་དང་། སེམས་ཅན་ཕ་རོལ་གྱི་རྒྱུད་དུ་རྟོགས་པའི་ཉོན་མོངས་པའི་དགྲའི་རྒྱུན་དྲུངས་འབྱིན་པའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱ་བ་གང་ཡིན་པ་དང་། ཡང་དག་པར་འབད་རྩོལ་གྱི་


GLG013_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ཐམས་ཅད་དང་བྲལ་ཞིང་བདེན་པར་ཆགས་པ་སྟེ་བདེན་ཞེན་བཅོམ་པ་དང་། གཞན་གྱི་ཐེ་ཚོམ་ཐམས་ཅད་སེལ་བར་མཛད་པའི་སྨོན་ལམ་གྲུབ་པ་འཁོར་བ་ཇི་སྲིད་པ་དང་། སེམས་ཅན་ཐམས་ཅད་ཀྱིས་རྣམ་པར་གྲོལ་བ་ཐོབ་པ་ཇི་སྲིད་པའི་གནས་སྐབས་སུ་ཆགས་ཐོགས་མེད་པར་མཁྱེན་པ་འཇུག་པ་ཞེས་བྱ་བ་སྨོན་ནས་མཁྱེན་པ་དང་། སྔར་བཤད་པའི་མངོན་པར་ཤེས་པ་དྲུག་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། རྟེན་ཡོངས་སུ་དག་པ་དང་། དམིགས་པ་དང་། ཐུགས་དང་། ཡེ་ཤེས་ཡོངས་སུ་དག་པ་ཞེས་བྱ་བ་དག་པ་བཞི་དང་། ཚེ་ཇི་ལྟར་བཞེད་པ་ལྟར་གནས་པའི་ཚེ་ལ་དབང་བ་དང་། ཏིང་ངེ་འཛིན་གྲངས་མེད་པ་ལ་དབང་ཐོབ་པས་སེམས་ལ་དང་། ནམ་མཁའ་མཛོད་ལ་མངའ་བརྙེས་པས་ཡོ་བྱད་ལ་དང་། བཟོ་དང་སྒྱུ་རྩལ་གྱི་ལས་ལ་དང་། ཇི་ལྟར་འདོད་པར་སྐྱེ་བ་ལ་དང་། འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱི་སྐུས་གང་བར་སྟོན་ནུས་པས་མོས་པ་ལ་དང་། འཇིག་རྟེན་ཐམས་ཅད་དུ་བྱང་ཆེན་གྱི་སྤྲུལ་པ་སྟོན་ནུས་པས་སྨོན་ལམ་ལ་དབང་བ་དང་། སྣ་ཚོགས་པའི་རྫུ་འཕྲུལ་ལ་དང་། ཤེས་བྱ་ཐམས་ཅད་ཐོགས་མེད་དུ་མཁྱེན་པའི་ཡེ་ཤེས་ལ་དང་། ཆོས་ལ་དབང་བ་ཞེས་བྱ་བ་དབང་བཅུ་དང་། སྔར་བཤད་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སྒོ་གསུམ་གྱིས་ཕྱིན་ཅི་ལོག་གི་ཀུན་དུ་སྤྱོད་པ་གཞན་གྱིས་ཡོངས་སུ་ཤེས་དོགས་པའི་བསྙེངས་པས་ཉེས་པ་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའོ་ཞེས་བྱ་བ་བསྲུང་བ་མེད་པ་རྣམས་པ་གསུམ་སྟེ། ཐུབ་དབང་འདི་ལ་དེ་ལྟར་མི་མངའ་སྟེ། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་པ་མཐར་ཐུག་པའི་ཕྱིར། འཁོར་གྱི་ཚོགས་ལ་ཆོས་སྟོན་པ་ན་གོ་རིམ་བཞིན་དུ་གུས་པས་ཉན་པར་འདོད་པ་ལ་རྗེས་སུ་ཆགས་པ་དང་། གུས་པས་ཉན་པར་མི་འདོད་པ་ལ་ཁོང་ཁྲོ་བ་དང་། གཉིས་


GLG013_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་འདྲེས་མ་དག་ལ་ཆགས་སྡང་གཉིས་ཀས་དབེན་པ་ཁོ་ནར་བཏང་སྙོམས་སུ་དྲན་པ་དང་ལྡན་པར་གནས་སོ་ཞེས་བྱ་བ་དྲན་པ་ཉེ་བར་གཞག་པ་གསུམ་དང་། སེམས་ཅན་གྱི་དོན་མཛད་པའི་དུས་ལས་ནམ་ཡང་མི་འདའ་བའི་མཚན་ཉིད་ཅེས་བྱ་བ་བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ལ་ཉལ་གྱི་ངོ་བོའི་ས་བོན་སྤངས་པས་གནས་ངན་ལེན་གྱི་བག་ཆགས་ཡང་དག་པར་བཅོམ་པའི་ཡེ་ཤེས་དང་། སྔ་ཕྱི་གཞན་རྣམས་ལའང་དེ་ལྟར་སྦྱར་དགོས་པའི་ཚེ་སྦྱར་རོ། །སྐྱེ་བོ་མཐའ་དག་ལ་ཉིན་མཚན་ཐམས་ཅད་དུ་དུས་ལན་དྲུག་ཏུ་གནས་སྐབས་དང་མཐར་ཐུག་གི་ཕན་པའི་བསམ་པ་ཉིད་ཅེས་བྱ་བ་སྐྱེ་བོ་ཐམས་ཅད་ལ་དམིགས་པའི་ཐུགས་རྗེ་ཆེན་པོ་ཉིད་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། རྩ་བའི་དང་ཞེས་བྱ་བའི་སྒྲས་བསྡུས་པ་ལམ་ཤེས་པ་ཉིད་དང་ལ་སོགས་པ་གཞི་ཤེས་སྔར་བཤད་པ་དག་ཀྱང་ཆོས་ཅན། ཡེ་ཤེས་ཆོས་སྐུ་ཡིན་ཏེ། རྒྱུ་མཚན་སྔར་བཤད་པ་དེའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སྔོ་སེར་ལ་སོགས་ཡུལ་བཅུ་པོ་གང་རུང་གིས་ཁྱབ་པར་སྤྲོ་ནུས་པའི་ཏིང་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ་ཟད་པར་གྱི་ཏིང་འཛིན་གྱི་མཚན་ཉིད་ཟེར་ན། ཟད་པར་གྱི་ཏིང་འཛིན་དང་མཚུངས་ལྡན་གྱི་རྣམ་པར་ཤེས་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། འདོད་ན། སེམས་བྱུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སྔོ་སེར་ལ་སོགས་པ་ཡུལ་བཅུ་པོ་གང་རུང་གིས་ཁྱབ་པར་སྤྲོ་ནུས་པའི་ཏིང་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དེའི་མཚན་


GLG013_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཟེར་ན། གཟུགས་མེད་ཀྱི་དངོས་གཞི་ལ་བརྟེན་པའི་ཟད་པར་གྱི་ཏིང་འཛིན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། མཛོད་ལས། གཉིས་ནི་གཟུགས་མེད་དག་ནའང་ཡིན། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ཟད་པར་སའི་སྐྱེ་མཆེད་ཡིན་ན་ལོག་ཤེས་ཡིན་པས་ཁྱབ་ཟེར་ན། སངས་འཕགས་ཀྱི་རྒྱུད་ཀྱི་ཟད་པར་སའི་སྐྱེ་མཆེད་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས། ཁ་ཅིག །སངས་རྒྱས་ཀྱི་སྤྲུལ་པ་ཡིན་ན། སངས་རྒྱས་ཡིན་པས་ཁྱབ་ཟེར་ན། སངས་རྒྱས་ཀྱིས་དགོས་པའི་དབང་གིས་དུད་འགྲོ་མིར་སྤྲུལ་པའི་སྤྲུལ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གསལ་སླ། ཁ་ཅིག །སློབ་པའི་རྒྱུད་ལ་དབྱིབས་ཟིལ་གནོན་དང་། གཟུགས་མེད་ཀྱི་དངོས་གཞིའི་གཞི་མཐུན་ཡོད་ཟེར་ན། དེ་འདྲའི་གཞི་མཐུན་པར་གྱུར་པའི་དངོས་གཞིའི་སྙོམས་འཇུག་ཆོས་ཅན། ཁྱོད་གཟུགས་ཡུལ་དུ་མི་བྱེད་པའི་ཤེས་པ་ཡིན་པར་ཐལ། ཁྱོད་སློབ་པའི་རྒྱུད་ཀྱི་གཟུགས་མེད་ཀྱི་དངོས་གཞི་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དབྱིབས་ཟིལ་གནོན་གྱི་སྐྱེ་མཆེད་ཡིན་པའི་ཕྱིར། ཁ་ཅིག །རང་གི་སེམས་རྟེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞི་དང་། གཟུགས་མེད་ཀྱི་དངོས་གཞི་གང་རུང་ལ་བརྟེན་ནས་རང་གི་དམིགས་ཡུལ་དུ་གྱུར་པའི་སྔོ་སེར་སོགས་ཡུལ་བཅུ་པོ་གང་རུང་གིས་ཁྱབ་པ་སྤྲོ་ནུས་པའི་ཏིང་འཛིན་དུ་དམིགས་པ་དེ་ཟད་པར་གྱི་ཏིང་འཛིན་གྱི་མཚན་ཉིད་ཟེར། རང་ལུགས་ནི། རང་གི་སེམས་རྟེན་དངོས་གཞིའི་སྙོམས་འཇུག་ལ་བརྟེན་ནས་རྣལ་འབྱོར་པ་རང་ཉིད་ལ་གཟུགས་ཅན་གྱི་འདུ་ཤེས་བཞག་པ་དང་གཟུགས་མེད་ཀྱི་འདུ་ཞེས་བཞག་པ་གང་རུང་བྱས་ཏེ། ཕྱི་རོལ་ཀྱི་གཟུགས་ཆུང་བ་ལ་དམིགས་ནས་ཇི་ལྟར་འདོད་འདོད་དུ་དབང་འབྱོར་བའི་ཏིང་


GLG013_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དུ་དམིགས་པ་དེ་གཟུགས་ཆུང་ངུ་ཟིལ་གྱིས་གནོན་པའི་ཏིང་འཛིན་གྱི་མཚན་ཉིད། སྔ་མ་དང་འདྲ་བ་ལ། གཟུགས་ཆེན་པོ་རིགས་པ་སྤོས་ནས་ཅིག་ཤོས་ཀྱི་མཚན་ཉིད་རང་གི་སེམས་རྟེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་རྣལ་འབྱོར་པ་རང་ཉིད་ལ་གཟུགས་མེད་པའི་འདུ་ཤེས་བཞག་སྟེ། ཕྱི་རོལ་ཀྱི་གཟུགས་སྔོན་པོ་ལ་དམིགས་ནས། དེ་བས་ཁ་དོག་སྔོ་བར་ལྟ་བ་སོགས་ཇི་ལྟར་འདོད་འདོད་དུ་དབང་འབྱོར་བའི་ཏིང་འཛིན་དུ་དམིགས་པ་དེ། སྔོན་པོ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱི་ཏིང་འཛིན་གྱི་མཚན་ཉིད། དེ་ཡང་ཟར་མའི་མེ་ཏོག་ལྟ་བུ་ལྷན་སྐྱེས་ཀྱི་སྔོན་པོ་དང་། ཝཱ་ར་ཎཱ་སིའི་རས་ཁ་དོག་སྔོན་པོ་ལྟ་བུ་སྦྱར་བྱུང་གི་སྔོན་པོ། དེས་ཁ་དོག་གཞན་ལའང་རིགས་པ་སྦྱར་རོ། །གཉིས་པ་ནི། ཇི་སྐད་བཤད་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ་རྣམ་རྟོག་གི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཟག་བཅས་ལས་གནས་གྱུར་པས་ཟག་མེད་དུ་གྱུར་པ་སྡེ་ཚན་ཉེར་གཅིག་པོ་ཐམས་ཅད་ཀྱང་ཆོས་ཅན། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་སོགས་ཀྱིས་སྐུ་གཞན་གསུམ་ལས་ཐ་དད་པའི་སྐུར་ཚིག་ཟིན་ལ་བསྟན་པའི་ཡེ་ཤེས་ཆོས་ཀྱི་སྐུར་མངོན་པར་བརྗོད་པ་ཡིན་ཏེ། ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་ཐམས་ཅད་མངོན་སུམ་དུ་གཟིགས་པ་མཐར་ཐུག་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ནི་མཁན་པོ་ཡང་དག་རྣམ་སྣང་མཛད་དང་། སློབ་དཔོན་རང་ཉིད་ལ་སོགས་པ་ཁ་ཅིག་གི་བཞེད་པའོ། །སྨྲས་པ། རྨད་བྱུང་རྣམ་དཔྱོད་བློ་ཡི་འཇུག་ངོགས་དང་། །མི་ཟད་ནོར་གྱི་འབྱུང་གནས་རྒྱ་མཚོ་ཆེ། །གང་ཞིག་བརྩོན་པ་ཁོ་ནས་འབྱུང་མིན་ཡང་། །ལྷུན་གྱིས་གྲུབ་པའི་རྟེན་འབྲེལ་གནས་ལུགས་མཚར། །དྲི་མེད་རབ་དཀར་ཟླ་བའི་དཀྱིལ་འཁོར་དང་།


GLG013_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་ལྕུག་འཇམ་པའི་རང་བཞིན་པདྨའི་འདབ། །རབ་དམར་དྲི་བཟང་མཛེས་མའི་མཆུ་སྒྲོས་རྣམས། །སྲིད་པ་འདི་ན་ངོ་མཚར་ཅི་ཡང་བྱེད། །ཞི་བ་ལ་གཞོལ་གང་དེའི་བགྲོད་པའི་ཚུལ། །མ་འདྲེས་ཤེས་པར་འདོད་པའི་སྐྱེས་བུ་རྣམས། །ལེགས་བཤད་འདི་འདྲ་སྨྲ་བའི་བྱེད་པོ་ལ། །འཛམ་གླིང་ནོར་གྱིས་བཀང་ནས་མཆོད་ཀྱང་རུང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ཐ་དད་དུ་མི་འདོད་པ་དགག་པ་ལ་གཉིས། སྔར་གྱི་ཚིགས་བཅད་སྔ་ཕྱི་གཉིས་ངོ་བོ་ཉིད་སྐུ་སྟོན་པའི་བསྟན་བཤད་དུ་འདོད་པའི་ལུགས་བརྗོད་པ་དང་། སྐུ་མི་འདྲ་བ་གཉིས་སོ་སོར་བསྟན་ཀྱང་ཚིག་དོན་ལ་མ་ཞུགས་པའི་ཉེས་པ་མེད་པའི་བཞེད་པ་བསྟན་པའོ། །དང་པོ་ནི། འཕགས་གྲོལ་ལ་སོགས་པ་གཞན་དག་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་བྱ་བའི་ཟག་པ་མེད་པའི་ཆོས་གང་དག །ཅེས་པས་འཇིག་རྟེན་ལས་འདས་པའི་ཟག་པ་མེད་པའི་ཡེ་ཤེས་ཀྱི་ཆོས་རྣམས་ཁོ་ན་དངོས་སུ་བསྟན་པ་སྒྲ་ཇི་བཞིན་དུ་ཁས་བླངས་ནས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་སོགས་ཚིགས་བཅད་གཅིག་གིས་ངོ་བོ་ཉིད་སྐུ་མདོར་བསྟན་ནས་ཆོས་ཀྱི་སྐུ་ཟག་པ་མེད་པའི་ཡེ་ཤེས་གང་དག་གི་རང་བཞིན་གྱི་མཚན་ཉིད་ཅན་ཡིན་པའི་ཟག་པ་མེད་པའི་ཆོས་དེ་དག་ཀྱང་གང་དག་ཅིག་ཡིན་ཞེ་ན། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་བྱ་བ་ལ་སོགས་པའི་ཚིག་ལེའུར་བྱས་པས་ཟག་པ་མེད་པའི་ཆོས་གང་དག །ཅེས་པ་རྒྱས་པར་འཆད་པ་ལ་འཇུག་པར་བྱེད་པ་ཡིན་གྱི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་སོགས་ཀྱིས་ཡེ་ཤེས་ཆོས་སྐུ་ངོ་བོ་ཉིད་སྐུ་ལས་ཐ་དད་པའི་སྐུར་བསྟན་པ་མ་ཡིན་ཏེ། ངོ་བོ་ཉིད་ཀྱི་སྐུ་ནི་ཟག་མེད་ཀྱི་ཡེ་ཤེས་དེ་དག་གི་རང་བཞིན་དོན་དམ་པར་སྐྱེ་


GLG013_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པའི་ཆོས་ཉིད་གང་ཡིན་པ་དེའི་མཚན་ཉིད་ཅན་ཡིན་པའི་ཕྱིར། འོ་ན། རྒྱས་བཤད་ཀྱི་མཇུག་ཏུ་ཆོས་ཉིད་ཀྱི་སྐུ་ཞེས་བརྗོད་པ་ཡིན་ཞེས་འབྱུང་རིགས་པ་ལ། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་འབྱུང་བས་མདོར་བསྟན་རྒྱས་བཤད་མ་འབྲེལ་བར་འགྱུར་སྙམ་ན། སྐྱོན་མེད་དེ། ཟག་མེད་ཀྱི་ཡེ་ཤེས་ཉེར་གཅིག་གི་ཆོས་ཉིད་དེ་ཉིད་ཀྱང་ཆོས་ཉིད་ཀྱི་སྐུ་ཞེས་བརྗོད་པ་ཡིན་ཞེས་འབྱུང་རིགས་པ་ཡིན་པ་ལས་སྡེབ་སྦྱོར་གྱི་ངོར་ཚིག་བསྡུ་བྱས་ནས་ཆོས་ཀྱི་སྐུའི་ཞེས་དྷརྨཱ་ཏཱ་ཀཱ་ཡ་ཞེས་པའི་ངོ་བོའི་རྐྱེན་ཏཱ་ཕྱིས་ཏེ་མི་མངོན་པར་བྱས་ནས་ལོ་ཙཱ་བས་འགྱུར་གྱི་སྐབས་ཚིག་འགྲིག་པ་གཙོ་བོར་བྱས་ཏེ། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་བསྟན་ཏོ་ཞེས་རྣམ་པར་བཤད་ནས་ཏེ་བཤད་པ་ཡིན་པའི་ཕྱིར། ཞེས་ཟེར། གཉིས་པ་ནི། སྐབས་འདིའི་རྒྱན་གྱི་སྐུའི་རྣམ་གཞག་སྟོན་པའི་གཞུང་གིས་སྐུ་བཞི་བསྟན་པའི་འདོད་པ་གཞན་དག་ན་རེ། སྐབས་འདིའི་རྒྱན་གྱི་སྐུའི་རྣམ་གཞག་སྟོན་པའི་གཞུང་གིས་ཚིག་ཟིན་ལ་བསྟན་པའི་སྐུ་ཡིན་ན་ངོ་བོ་ཉིད་ལོངས་སྤྲུལ་གསུམ་གང་རུང་ཡིན་པས་ཁྱབ་པར་འདོད་པ་དེ་དག་གི་ལྟར་ན། སངས་རྒྱས་ཀྱི་སར་གདོན་མི་ཟ་བར་ཁས་བླང་དགོས་པའི་ཁྱད་པར་གསུམ་ལྡན་གྱི་ཡེ་ཤེས་རྣམས་ཆོས་ཅན། སྐབས་འདིའི་རྒྱན་གྱི་སྐུའི་རྣམ་གཞག་སྟོན་པའི་གཞུང་གིས་ཚིག་ཟིན་ལ་བསྡུས་པའི་སྟེ་བསྟན་པའི་སྐུ་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། ངོ་བོ་ཉིད་ལོངས་སྤྲུལ་གསུམ་གང་རུང་ཡིན་པའི་ཕྱིར། ཁྱབ་པ་དངོས། འདོད་ན། སྐུ་གཞན་གསུམ་དེ་ལྟར་ཡིན་པ་བུད། ཁྱད་པར་གསུམ་དང་ཇི་ལྟར་ལྡན་སྙམ་ན། དེ་ཆོས་ཅན། བྱེད་ལས་ཀྱི་ཁྱད་པར་དང་ལྡན་ཏེ། རྣལ་འབྱོར་པའི་ཀུན་རྫོབ་ཏུ་དོན་ཁྱད་པར་ཅན་གཟུགས་སྐུ་གཉིས་ཀྱི་སྣང་བ་བསྐྱེད་པའི་སྒོ་ནས་


GLG013_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྟོན་པ་ལ་སོགས་པའི་དོན་གྱི་བྱ་བ་མཛད་པའི་ཕྱིར། དེ་ཆོས་ཅན། སྤངས་པའི་ཁྱད་པར་དང་ལྡན་ཏེ། ཟག་བཅས་གནས་ཡོངས་སུ་གྱུར་པས་ཟག་མེད་དུ་གྱུར་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ངོ་བོའི་ཁྱད་པར་དང་ལྡན་ཏེ། གཟུང་འཛིན་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་ཡེ་ཤེས་ཡིན་པའི་ཕྱིར། ཞེས་ཟེར་རོ། །གསུམ་པ་ལ་གཉིས། རྩོད་པ་དང་། ལན་ནོ། །དང་པོ་ནི། སྐབས་འདིའི་རྒྱན་གྱི་སྐུའི་རྣམ་གཞག་སྟོན་པའི་གཞུང་གིས་ཚིག་ཟིན་ལ་སྐུ་གསུམ་ཁོ་ན་བསྟན་པར་འདོད་པ་ཁ་ཅིག་ན་རེ། ལུས་རྣམ་གཞག་གི་ཆོས་སྐུ་ཞེས་པའི་ཚིག་དེའི་ཡན་ལག་རྒྱས་བཤད་དུ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་སོགས་སྦྱར་ནས་དེས་ཡེ་ཤེས་ཆོས་སྐུ་སྐུ་གཞན་གསུམ་ལས་ཐ་དད་པའི་སྐུར་བསྟན་པར་འདོད་པ་མི་འཐད་དེ། དེ་ལྟ་ན། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་བྱ་བའི་ལུས་རྒྱས་བཤད་ཀྱི་ཚིག་ལེའུར་བྱས་པ་འདི་ལས་ངོ་བོ་ཉིད་ཅེས་བྱ་བའི་སྒྲའི་འཇུག་ཐོགས་སུ་དེ་མ་ཐག་ཆོས་ཀྱི་སྐུ་ཞེས་བྱ་བའི་སྒྲ་འབྱུང་རིགས་པ་ལ་མི་འབྱུང་བའི་ཕྱིར་དང་། སྐབས་གཞན་བདུན་གྱི་ལུས་ལ་མདོར་བསྟན་རྒྱས་བཤད་སྦྱོར་བའི་ཚིག་ཡོད་པ་དང་མཐུན་པར་ཆོས་སྐུའི་བསྟན་བཤད་སྦྱོར་བའི་ཚིག་ཀྱང་ཡོད་པར་ཁས་བླང་དགོས་པའི་ཕྱིར། དེས་ན་སྐབས་འདིར་སྐུ་ནི་ངོ་བོ་ཉིད་ལོངས་སྤྲུལ་གསུམ་ཁོ་ན་བསྟན་པའོ་ཞེས་ཟེར་རོ། །གཉིས་པ་ནི། དེ་ལྟར་སྐུ་བཞི་བསྟན་པར་འདོད་པ་ཕྱོགས་སྔ་མ་གཞན་དག་ན་རེ། ཡན་ལག་རྒྱས་བཤད་ཀྱི་གོ་རིམ་དང་མི་མཐུན་པར། ལུས་རྣམ་གཞག་ཏུ། ཆོས་སྐུ་མཛད་པ་དང་བཅས་པ། །ཞེས་དེ་སྐད་དུ་གསུངས་པ་ཆོས་ཅན། དགོས་པ་ཡོད་པ་ཡིན་ཏེ། ཡེ་ཤེས་


GLG013_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་ཁོ་ན་དང་མཛད་པ་ལྷན་ཅིག་སྦྱར་ནས་ཉེ་བར་བསྟན་པའི་ཤུགས་ཀྱིས་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཡེ་ཤེས་ཆོས་སྐུའི་མཛད་པར་རྟོགས་པའི་ཆེད་ཡིན་པའི་ཕྱིར། རྒྱུ་མཚན་ཡོད་དེ། ཆོས་སྐུའི་ལུས་རྒྱས་བཤད་ཀྱི་རྒྱན་གྱི་ཚིག་ལེའུར་བྱས་པ་སྦྱར་སླ་བའི་ངོར་ཡིན་པའི་ཕྱིར། ཕྱོགས་གཞན་སྔགས་ཀྱི་ཐེག་པ་ནས་སྐུ་བཞིར་གསུངས་པ་ཐམས་ཅད་དང་ཡང་མི་འགལ་བར་འཐད་པར་འགྱུར་ཏེ། སྐབས་འདིའི་རྒྱན་གྱི་སྐུའི་རྣམ་གཞག་སྟོན་པའི་གཞུང་གི་ཚིག་ཟིན་ལ་བཞིར་བསྟན་ཀྱང་རྒྱན་གྱི་ཚིག་དོན་ལ་མ་ཞུགས་པའི་ཉེས་པ་མེད་པ་དེའི་ཕྱིར་རོ། །ཞེས་ཟེར་རོ། །གཉིས་པ་དེའི་ཁྱད་པར་བཤད་པ་ལ་གཉིས། ཉོན་མོངས་མེད་པའི་ཏིང་ངེ་འཛིན་བཤད་པ་དང་། སྨོན་ནས་མཁྱེན་པའི་ཏིང་ངེ་འཛིན་བཤད་པའོ། །དང་པོ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། ཉན་ཐོས་ཞེས་སོགས་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཉན་ཐོས་ལ་སོགས་པའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ཁྱད་པར་དུ་འཕགས་ཞེས་བསྟན་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། རྒྱལ་བའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ཆོས་ཅན། ཉན་རང་གི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་ཁྱད་པར་འཕགས་ཏེ། ཉན་ཐོས་སོགས་ཀྱི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ནི་རང་ལ་ལྟ་བའི་མིའི་ཉོན་མོངས་ཀྱི་རྐྱེན་བྱེད་པ་ཡོངས་སུ་སྤོང་བ་ཙམ་ཉིད་ཡིན་ལ། ཁྱོད་རང་རྒྱུད་ལྡན་གྲོང་ཁྱེར་སོགས་སུ་བྱོན་པ་ན་རང་རྒྱུད་ལྡན་ལ་ལྟ་བའི་སྐྱེ་བོ་དེའི་ཉོན་མོངས་རྣམས་རྒྱུན་གཅོད་པ་ཡིན་པའི་ཕྱིར། གསུམ་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་


GLG013_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཆོས་ཅན། གསལ་བ་འདྲ། ཉན་ཐོས་ལ་སོགས་པའི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ནི་རང་རྒྱུད་ལྡན་གྱིས་བདག་མཐོང་བ་ལས་སྐྱེ་བོ་འགའ་ཞིག་གི་ཉོན་མོངས་པ་སྐྱེ་བར་འགྱུར་ན་མི་རུང་ངོ་ཞེས་མིའི་ཉོན་མོངས་པ་སྐྱེ་བའི་རྐྱེན་བྱེད་པ་ཡོངས་སུ་སྤོང་བ་ཙམ་ཉིད་ཡིན་ལ། ཁྱོད་རང་རྒྱུད་ལྡན་གྲོང་ལ་སོགས་པར་བྱོན་པ་ན་དེ་ལ་དམིགས་པའི་སྐྱེ་བོ་མཐའ་དག་གི་ཉོན་མོངས་པའི་རྒྱུན་དྲུངས་འབྱིན་པར་མཛད་པ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། སངས་རྒྱས་ཞེས་སོགས་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཅིག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཉན་ཐོས་ལ་སོགས་པའི་སྨོན་ནས་ཤེས་པ་བས་དེ་བཞིན་གཤེགས་པའི་སྨོན་ནས་མཁྱེན་པ་ཁྱད་པར་དུ་འཕགས་པར་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སངས་རྒྱས་ཀྱི་སྨོན་ནས་མཁྱེན་པ་ནི་ཆོས་ཅན། ཉན་རང་གི་སྨོན་མཁྱེན་ལས་ཁྱད་པར་འཕགས་ཏེ། ལྷུན་གྱིས་གྲུབ་པ་དང་། བདེན་པར་ཆགས་པ་སྤངས་པ་དང་། ཐམས་ཅད་ལ་ཐོགས་པ་མེད་པ་དང་། རྟག་ཏུ་སྟེ་རྒྱུན་མི་ཆད་པར་གནས་པ་དང་། འདྲི་བ་ཀུན་གྱི་ལན་འདེབས་པར་བཞེད་པའི་སྨོན་མཁྱེན་ཡིན་པའི་ཕྱིར། གསུམ་པ་ནི། དེ་བཞིན་གཤེགས་པའི་སྨོན་ནས་མཁྱེན་པ་ནི་ཆོས་ཅན། གསལ་བ་འདྲ། འབད་རྩོལ་གྱི་མཚན་མ་མེད་པ་ཉིད་དུ་རང་གི་ངང་གིས་འཇུག་པ་དང་། གཟུགས་ལ་སོགས་པ་ལ་བདེན་པར་ཆགས་པ་དང་བྲལ་བ་དང་། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པ་དང་། དུས་རྟག་ཏུ་གནས་པ་དང་། འདྲི་བའི་ལན་ཀུན་འདེབས་པར་མཛད་པ་ཡིན་པར་བཞེད་པའི་ཕྱིར། གཉིས་པ་གྲུབ་སྟེ། དངོས་པོ་ལ་བདེན་པར་མངོན་པར་མ་ཞེན་པས་ཁྱད་པར་དུ་བྱས་པའི་ཕྱིར། གསུམ་པ་གྲུབ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་


GLG013_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་དང་བཅས་ཏེ་སྤངས་པས་ཁྱད་པར་དུ་བྱས་པའི་ཕྱིར། བཞི་པ་གྲུབ་སྟེ། འཁོར་བ་ཇི་སྲིད་པར་གནས་པའི་ཕྱིར། ལྔ་པ་གྲུབ་སྟེ། ཡང་དག་པ་སོ་སོར་རིག་པ་བཞི་མཐར་ཕྱིན་པ་བརྙེས་པས་ཁྱད་པར་དུ་བྱས་པའི་ཕྱིར། ཉན་ཐོས་ལ་སོགས་པ་ཡི་སྨོན་མཁྱེན་ནི་ཆོས་ཅན། སངས་རྒྱས་ཀྱི་སྨོན་མཁྱེན་དེ་ལྟ་བུ་མ་ཡིན་ཏེ། ལྷུན་གྱིས་གྲུབ་པ་སོགས་བཟློག་པ་ཉིད་ཀྱིས་དེ་ལས་དམན་པ་ཡིན་པའི་ཕྱིར། གསུམ་པ་དེ་ལ་རྩོད་པ་སྤོང་བ་ལ་གཉིས། ཆོས་སྐུ་རྟག་པ་ལ་རྩོད་པ་སྤོང་བ་དང་། ཁྱབ་རྟགས་གཉིས་ཀ་ལ་རྩོད་པ་སྤོང་བའོ། །དང་པོ་ལ་གཉིས། རྩོད་པས་མཚམས་སྦྱར་བ་དང་། ལན་ནོ། །དང་པོ་ནི། རྒྱུ་ནི་ཞེས་སོགས་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཅིག་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། སངས་རྒྱས་དེ་ཆོས་ཅན། རྟག་ཏུ་ཇི་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་སྐུའི་སྣང་བ་དངོས་སུ་བསྟན་པའི་སྒོ་ནས་མི་མཛད་པ་མི་རིགས་པར་ཐལ། དུས་རྟག་ཏུ་ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྐུ་ལ་བཞུགས་ན་ཡང་སྟེ་བཞུགས་པ་ཡིན་པའི་ཕྱིར། ཞེས་བྱ་བའི་རྩོད་པ་བྱུང་ན་རྩོད་པ་དེའི་ལན་གདབ་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལན་ལ་གཉིས། སེམས་ཅན་རང་རྒྱུད་ཀྱི་ཚོགས་ཀྱི་ཁྱད་པར་ལ་ལྟོས་པ། སེམས་ཅན་རང་རྒྱུད་ཀྱི་རྐྱེན་མ་ཚང་ན་སྐུ་དངོས་སུ་མི་སྣང་བ་དཔེས་བཤད་པའོ། །དང་པོ་ལ་གཉིས། རྩ་བ་དང་། འགྲེལ་པའོ། །དང་པོ་ནི། ལན་ཇི་ལྟར་འདེབས་པའི་ཚུལ་ཡོད་དེ། སྟོན་པས་སངས་རྒྱས་ལ་དངོས་སུ་ཆོས་ཉན་པའི་རྒྱུའི་ཚོགས་ནི་ཡོངས་སུ་སྨིན་པར་གྱུར་པའི་གདུལ་བྱ་གང་དང་གང་ལ་ཡུལ་གང་དང་ནི་དུས་གང་གི་ཚེ་དངོས་སུ་ཆོས་སྟོན་པའི་བྱ་བ་མཛད་པས་ཕན་པར་གྱུར་པ་དེ་དང་དེ་ལ་སྐུ་དེ་དངོས་སུ་


GLG013_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ནས་དོན་མཛད་ཀྱི། རྒྱུད་མ་སྨིན་པ་ལ་སྣང་ནས་དོན་མི་མཛད་པའི་ཕྱིར། གཉིས་པ་ནི། བཅོམ་ལྡན་འདས་ཆོས་ཅན། དུས་ཐམས་ཅད་དུ་ཡིད་བཞིན་གྱི་ནོར་བུ་ལྟར་གཞན་དོན་མཛད་པའི་ནུས་པ་ཉེ་བར་གནས་ཀྱང་དེའི་འབྲས་བུ་སེམས་ཅན་ཁ་ཅིག་དངོས་སུ་སྨིན་པར་མཛད་པར་མི་སྣང་ངོ་སྙམ་དུ་དགོངས་པའི་རྒྱུ་མཚན་ཡོད་པ་ཡིན་ཏེ། ནང་གི་རྐྱེན་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་ལ་སོགས་པ་དང་ཕྲད་པས་སྔོན་བསྐྱེད་པའི་དད་སོགས་ཀྱི་དགེ་བའི་རྩ་བའི་ས་བོན་སངས་རྒྱས་ལ་སོགས་པ་ལ་དམིགས་ནས་བསྐྱེད་པའི་རྒྱུ་ཡོངས་སུ་རྟས་པར་གྱུར་ཏེ་སེམས་ཅན་གང་ལ་གང་གི་དུས་སུ་དངོས་སུ་ཆོས་བསྟན་པ་ལ་སོགས་པ་མཛད་ན་གདུལ་བྱ་དེ་ལ་འཕྲལ་དང་ཡུན་དུ་འཕྲོད་པར་གྱུར་པ་དེའི་ཚེ་སྐུའི་སྣང་བ་དངོས་སུ་བསྟན་ནས་དེའི་དོན་བྱ་བའི་ཕྱིར་དུ་སྔོན་གྱི་སྨོན་ལམ་གྲུབ་པའི་དབང་གིས་ཡུལ་དུས་དེ་དང་དེར་གདུལ་བྱའི་སྣང་བ་དང་འཚམས་པར་གདུལ་བྱའི་དོན་གྱི་བྱ་བ་བྱས་པ་ཡིན་གྱི། ཉེས་སྤྱོད་ལ་འཛེམ་མེད་དུ་འཇུག་པའི་སེམས་ཅན་རང་གི་ལས་ཀྱི་ཉེས་པས་བསྐྱེད་པ་ལ་རྒྱུ་ཚོགས་མ་ཚང་བའི་དབང་གིས་དངོས་སུ་སྣང་ནས་དོན་མི་མཛད་པའི་ཕྱིར། གཉིས་པ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། ལྷ་ཡི་ཞེས་སོགས་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་དུས་རྒྱུན་མི་ཆད་དུ་འགྲོ་བའི་དོན་མཛད་ཀྱང་། སེམས་ཅན་འགའ་ཞིག་གི་དོན་དངོས་སུ་མི་མཛད་པ་དེ་ཇི་ལྟ་བུ་ཞིག་སྙམ་པ་ལ་དེ་ལ་དཔེའི་སྒོ་ནས་ལན་གདབ་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སངས་རྒྱས་རྣམས་ནི་ཆོས་ཅན། འཇིག་རྟེན་དུ་དངོས་སུ་བྱུང་བར་གྱུར་ཀྱང་སེམས་ཅན་ཁ་ཅིག་གིས་དངོས་སུ་དམ་ཆོས་མཉན་པ་སོགས་ཀྱི་བཟང་པོ་


GLG013_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

མི་མྱོང་བའི་རྒྱུ་མཚན་ཡོད་དེ། འཇིག་རྟེན་དུ་དངོས་སུ་བྱུང་བར་གྱུར་ཀྱང་སེམས་ཅན་ཁ་ཅིག་ལ་དངོས་སུ་དམ་ཆོས་མཉན་པ་སོགས་ཀྱི་སྐལ་བ་མེད་པས་ཏེ་སྐལ་བ་མེད་པ་ཡིན་པའི་ཕྱིར། དཔེར་ན་ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་རུལ་བ་སོགས་ཀྱིས་ས་བོན་དུ་མི་རུང་བ་ལ་མྱུ་གུ་སྔོན་པོ་མི་འཁྲུང་བ་ལྟར་རོ། །གསུམ་པ་ནི། གདུལ་བྱའི་ཡིད་ལ་རེ་བ་མཐའ་དག་རྫོགས་པར་མཁས་པའི་སངས་རྒྱས་རྣམས་ཆོས་ཅན། འཇིག་རྟེན་དུ་དངོས་སུ་བྱུང་ཡང་སེམས་ཅན་ཁ་ཅིག་གིས་དངོས་སུ་དམ་པའི་ཆོས་མཉན་པ་ལ་སོགས་པའི་བཟང་པོ་མྱོང་བར་མི་འགྱུར་བའི་རྒྱུ་མཚན་ཡོད་དེ། དངོས་སུ་བྱོན་ཡང་སེམས་ཅན་ཁ་ཅིག་ལ་དངོས་སུ་དམ་ཆོས་མཉན་པ་སོགས་ཀྱི་སྐལ་བ་མེད་པས་སོ། །དཔེར་ན་ལྷའི་དབང་པོས་ཆར་ཕབ་ཏུ་ཟིན་ཀྱང་ནས་དང་ཏིལ་ལ་སོགས་པ་ས་བོན་རུལ་བའི་ངོ་བོ་ལ་སོགས་པ་ས་བོན་དུ་མི་རུང་བར་གྱུར་པ་ལས་མྱུ་གུ་སྔོན་པོ་མི་འཁྲུང་བ་དེ་བཞིན་དུའོ། །གཉིས་པ་ཁྱབ་རྟགས་གཉིས་ཀ་ལ་རྩོད་པ་སྤང་བ་ལ་གསུམ། རྩོད་པས་མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། དེ་ལྟར་ཞེས་སོགས་བར་སྐབས་ཀྱི་ཚིགས་སུ་བཅད་དེ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཆོས་ཀྱི་སྐུ་ཆོས་ཅན། ཇི་ལྟར་ཁྱབ་པ་ཞེས་བརྗོད་དེ་བརྗོད་མི་རིགས་པར་ཐལ། འོག་མིན་སོགས་ན་བཞུགས་པའི་རྣལ་འབྱོར་པ་སོ་སོར་ངེས་པའི་རྒྱུད་ཀྱི་རྟེན་ཁོ་ན་ལ་ཡོད་པའི་ཕྱིར་དང་། རྟག་པ་ཞེས་ཀྱང་བརྗོད་མི་རིགས་པར་ཐལ། སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འབྱུང་བའི་ཕྱིར། ཞེ་ན། དེའི་ལན་གདབ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སངས་རྒྱས་དེ་ཉིད་ཆོས་ཅན། ཁྱབ་པར་ངེས་པར་བརྗོད་པའི་རྒྱུ་མཚན་ཡོད་དེ། སྐལ་ལྡན་ཐམས་ཅད་ལ་མཛད་པ་འཇུག་པ་རྒྱ་ཆེ་བས་ན་དེ་ལྟར་བརྗོད་པའི་ཕྱིར། དེ་
ཆོས་ཅན། ཁྱོད་ཀྱི་རྒྱུན་ལ་རྟག་པ་ཞེས་ཀྱང་བརྗོད་པ་ཡིན་ཏེ། རང་གི་རྒྱུན་ཟད་པའམ་ཆད་པ་མེད་པའི་ཕྱིར། གསུམ་པ་ནི། གོ་རིམ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཁྱབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྔར་ཇི་སྐད་བཤད་པའི་ཚུལ་གྱིས་སྐལ་ལྡན་ཐམས་ཅད་ལ་དུས་རྟག་ཏུ་དངོས་སུ་སྣང་བའི་སྒོ་ནས་དོན་གྱི་བྱ་བ་མཛད་པ་རྒྱ་ཆེ་བས་ན་དེ་ལྟར་བརྗོད་པའི་ཕྱིར། དེ་ཆོས་ཅན། རྒྱུན་གྱི་རྟག་པ་ཞེས་མངོན་པར་བརྗོད་པའི་རྒྱུ་མཚན་ཡོད་དེ། འཁོར་བ་ཇི་སྲིད་པར་རྒྱུན་ཆགས་སུ་བཞུགས་ཀྱང་ཟད་པ་མི་མངའ་བའི་ཕྱིར།


previousཡེ་ཤེས་ཆོས་སྐུ་བཤད་པ།next