Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་བཞི་པ། འདུལ་བ་སྨད་ཆ།


  expand section
  collapse section
   
   
   
   
   
   
   
   
   
   
   
   
གསུམ་པ་ས་གཞན་ན་གནས་པའི་སྤྱོད་པའི་གཞི་འཆད་པ།
   
   
   


 
previousགསུམ་པ་ས་གཞན་ན་གནས་པའི་སྤྱོད་པའི་གཞི་འཆད་པ།next

གསུམ་པ་ས་གཞན་ན་གནས་པའི་སྤྱོད་པའི་གཞི་འཆད་པ།

གསུམ་པ་ས་གཞན་ན་གནས་པའི་སྤྱོད་པའི་གཞི་འཆད་པ་ལ།

རྩ་བར། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་དག་གིས་དགེ་སློང་རང་བཞིན་དུ་གནས་པ་ལས་མངོན་པར་སྨྲ་བ་དངཕྱག་དང་མངོན་དུ་ལྡང་བ་དང་ཐལ་མོ་སྦྱར་བ་དང་གུས་པའི་ལས་དག་བདག་གིར་མི་བྱའོ། །ཞེས་སོགས་བྱུང༌། འདིའི་དོན་བཤད་པ་ལ་དྲུག་ལས།

དང་པོ་ས་གཞན་ན་གནས་པ་རྣམས་ཀྱི་དབྱེ་བ་ནི། དབྱེ་བའི་གཞི་དང་དབྱེ་བའི་སྒོ་གཉིས་ལས། དབྱེ་བའི་གཞི་ནི། ལས་ཀྱི་སྒོ་ནས་ས་གཞན་ན་གནས་པར་དངོས་སུ་གསུངས་པ་ཙམམོ། །དབྱེ་བའི་སྒོ་ལ་གཉིས་ལས། དང་པོ་ཆེ་ལོང་དུ་དབྱེ་བ་ནི་ས་གཞན་ན་གནས་པ་ཉི་ཤུ་རྩ་དྲུག་སྟེ། སྤོ་སྤྱོད་གསུམ་དང༌། མགུ་སྤྱོད་གསུམ་དང༌། སྤོ་ལྡན་གསུམ་དང༌། མགུ་ལྡན་གསུམསྟེ་བཅུ་གཉིས་དང༌། བསྡིགས་པ་དང་སྨད་པ་དང་བསྐྲད་པ་དང་ཕྱིར་འགྱེད་པ་དང༌། གནསནས་ཕྱུང་བ་བདུན་དང༌། བསྙིལ་བ་དང༌། ངོ་བོ་ཉིད་འཚོལ་བ་དང༌། བསླབ་པ་བྱིན་པ་སྟེ་ཉིཤུ་རྩ་དྲུག་གོ །གཉིས་པ་ཞིབ་མོ་རྣམ་གཞག་གི་སྒོ་ནས་དབྱེ་བ་ནི། ས་གཞན་ན་གནས་པ་བཞིབཅུ་རྩ་བཞི་སྟེ། སྤོ་བ་སྤྱོད་པ་དང༌། གཞི་ནས་སྤོ་བ་སྤྱོད་པ་དང༌། ཡང་གཞི་ནས་བསླང་སྟེ་སྤོབ་སྤྱོད་པ་སྟེ་གསུམ་དང༌། མགུ་བ་སྤྱོད་པ་དང༌། གཞི་ནས་མགུ་བ་སྤྱོད་པ་དང༌། ཡང་གཞི་ནསབསླང་སྟེ་མགུ་བ་སྤྱོད་པ་སྟེ་གསུམ་དང༌། སྤོ་བ་སྤྱད་ནས་མགུ་བ་སྤྱོད་པ་གསུམ་དང༌། གཞིནས་སྤོ་བ་སྤྱད་ནས་མགུ་བ་སྤྱད་པ་གསུམ་དང༌། ཡང་གཞི་ནས་བསླང་སྟེ་སྤོ་བ་སྤྱད་ནས་མགུབ་སྤྱོད་པ་གསུམ་སྟེ་བཅོ་ལྔ་དང༌། སྤོ་བ་དང་ལྡན་པ་གསུམ་དང༌། མགུ་བ་དང་ལྡན་པ་གསུམསྟེ་དྲུག་དང༌། སྤོ་བ་སྤྱད་ནས་མགུ་བ་དང་ལྡན་པ་གསུམ་དང༌། གཞི་ནས་སྤོ་བ་སྤྱད་ནས་མགུ་བ་དང་ལྡན་པ་གསུམ་དང༌། ཡང་གཞི་ནས་བསླང་སྟེ་སྤོ་བ་སྤྱད་ནས་མགུ་བ་དང་ལྡན་པ་གསུམ་སྟེ་སུམ་ཅུ་དང༌། སྨད་པ་བཞི་དང༌། གནས་ནས་ཕྱུང་བ་བདུན་དང༌། བསྙིལ་བ་དང་ངོ་བོ་ཉིད་འཚོལ་བདང༌། བསླབ་པ་སྦྱིན་པ་སྟེ་བཞི་བཅུ་རྩ་བཞིའོ། །

གཉིས་པ་བསྡུ་བ་ལ།

ངོ་བོའི་སྒོ་ནས་བསྡུ་བ་དང༌། རྣམ་གྲངས་ཀྱི་སྒོ་ནས་བསྡུབ་དང༌། བསླབ་བྱའི་སྒོ་ནས་བསྡུ་བ་དང་གསུམ། དང་པོ་ལ་གསུམ་སྟེ། སྤངས་པ་ས་གཞནན་གནས་པ་སྟེ་གནས་ནས་ཕྱུང་བ་བདུན་དང༌། བསྙིལ་བ་དང་སྨད་པ་ས་གཞན་ན་གནས་པསྟེ། སྨད་པ་ནན་ཏུར་བྱས་པ་བཞི་དང༌། རྣམ་པར་དག་བྱེད་ས་གཞན་ན་གནས་པ་སྟེ་དེ་དགལས་གཞན་པ་རྣམས་སོ། །གཉིས་པ་རྣམ་གྲངས་ཀྱི་སྒོ་ནས་བསྡུ་ན་གཉིས་ཏེ། ས་གཞན་ནགནས་པ་ཡང་ཡིན་ལ་ནན་ཏུར་བྱས་པ་ཡང་ཡིན་པ་བཅུ་གཉིས་དང༌། ས་གཞན་ན་གནས་པ་ནི་ཡིན་ལ་ནན་ཏུར་དུ་བྱས་པ་ནི་མ་ཡིན་པ་སྟེ་བཅུ་གཉིས་ལས་གཞན་རྣམས་སོ། །གསུམ་པ་བསླབ་བྱའི་སྒོ་ནས་བསྡུ་ན་གཉིས་ཏེ། ས་གཞན་ན་གནས་པ་ཆེན་པོ་དང༌། ཆུང་ངུ་བ་ཞེས་བྱའོ། །

དང་པོ་ནི་ཁྱད་པར་ཅན་གྱི་སྤྱོད་པ་སྤོང་ཞིང་དམན་པའི་སྤྱོད་པ་དང་དུ་ལེན་པ་སྟེ། སྤོ་སྤྱོད་མགུསྤྱོད་བཅོ་ལྔ་དང་ངོ་བོ་ཉིད་འཚོལ་བ་དང་བསླབ་པ་བྱིན་པ་སྟེ་བཅུ་བདུན་ནོ། །གཉིས་པ་ཁྱདཔར་ཅན་གྱི་སྤྱོད་པ་སྤོང་ཡང་དམན་པའི་སྤྱོད་པ་དང་དུ་བླང་མི་དགོས་པ་སྟེ། སྤོ་ལྡན་མགུ་ལྡནབཅོ་ལྔ་དང་ནན་ཏུར་བྱས་པ་བཅུ་གཉིས་སོ། །

གསུམ་པ་ས་གཞན་གནས་པའི་མཚན་ཉིད་ནི།

དམན་པར་བྱེད་ཆོས་ལས་ཀྱི་ཆོ་གལ་ལྟོས་ནས་ཁྱད་པར་ཅན་གྱི་སྤྱོད་པ་སྤོང་དགོས་ཉིད་ཀྱི་རིགས་སུ་གནས་པའོ། །ཆོ་ག་ཞེས་པས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་སེལ་ལ། རིགས་གནས་སྨོས་པས་དགེ་ཚུལ་བསྙིལ་བ་བསྡུའོ། །

བཞི་པ་བསླབ་བྱ་ནི། ས་གཞན་ན་གནས་པ་ཆེན་པོ་བཅུ་བདུན་གྱི་ས་ནི་ཁྱད་པརཅན་གྱི་སྤྱོད་པ་ལྔ་སྤང་བ་དང་དམན་པའི་སྤྱོད་པ་ལྔ་དང་དུ་བླང་བ་ལ་བསླབ་བོ། །དེ་དག་ལསགཞན་པའི་ས་གཞན་ན་གནས་པ་རྣམས་ཀྱིས་ནི་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤང་བ་ལ་བསླབཀྱི། དམན་པའི་སྤྱོད་པ་དང་དུ་བླང་བ་ལ་བསླབ་མི་དགོས་སོ། །ཁྱད་པར་དུ་ཡང་གནས་ནས་ཕྱུང་བ་དང་བསྙིལ་བས་ནི། ཆོས་འདི་པའི་རབ་ཏུ་བྱུང་བ་གཞན་རྣམས་དང་ལྷན་ཅིག་ཏུ་ཆོསདང་ཟང་ཟིང་གི་ལོངས་སྤྱོད་མཐའ་དག་སྤང་བའོ། །

ལྔ་པ་སྒྲ་བཤད་པ་ནི། ས་རང་བཞིན་དུ་གནས་པ་ལ་ལྟོས་ནས་ས་གཞན་ཏེ་དམནཔའི་ས་ན་གནས་པས་ན་ས་གཞན་ན་གནས་པ་ཞེས་བྱའོ། །

དྲུག་པ་གྲོལ་བའི་དུས་ནི།

ས་གཞན་ན་གནས་པ་ཐམས་ཅད་ལས་དགྲ་བཅོམ་པཐོབ་པས་གྲོལ་བ་ཡིན་ཏེ། ཊཱི་ཀ་ལས། དགྲ་བཅོམ་པ་ཉིད་ཐོབ་པ་ནས་སྤོ་བ་དང་མགུ་བརབྱ་བ་སྤྱོད་པ་གཉིས་ཀྱིས་ཀྱང་རང་བཞིན་ཐོབ་ཅིང་ཞེས་བཤད་པས་ས་གཞན་ན་གནས་པགཞན་རྣམས་ལ་ཡང་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ནན་ཏུར་གྱིས་ས་གཞན་ནགནས་པ་རྣམས་ལ་བཟོད་པར་བྱ་བའི་ལས་བྱས་པས་གྲོལ་ཞིང༌། སྤོ་སྤྱོད་མགུ་སྤྱོད་ལས་སྤོབ་འཁོར་བ་དང་མགུ་བ་འཁོར་བས་གྲོལ་ལོ། །སྤོ་ལྡན་ལས་མགུ་བ་མནོས་པས་གྲོལ་ཞིང༌། མགུ་ལྡན་ལས་དབྱུང་བ་བྱས་པས་གྲོལ་ལོ། །ངོ་བོ་ཉིད་འཚོལ་བ་ལས་ལྟུང་བ་དྲན་ཞིང་བཟོདཔར་བྱ་བའི་ལས་བྱས་པས་གྲོལ་ཞིང༌། ནན་ཏུར་གྱིས་ས་གཞན་ན་གནས་པ་རྣམས་ལ་ནནཏུར་སྔ་མའི་སྟེང་དུ་ནན་ཏུར་ཕྱི་མ་བྱས་ན་སྔ་མ་ལས་གྲོལ་བ་སྟེ་གནས་ནས་ཕྱུང་བ་ནི་མ་གཏོགསསོ། །རྩ་བར། སྤོ་བ་དང་ཞེས་པ་ནས་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བ་སྟོན་ཏེ། དང་པོ་གུསཔའི་བྱ་བ་བདག་གིར་བྱེད་པ་ལ་སོགས་སྤང་བ་ནི། རྩ་བར། སྤོ་བ་དང་མགུ་བ་བྱ་བ་ཞེསསོགས་སྔར་བཀོད་པ་དེས་བསྟན་ཏོ། །གཉིས་པ་ལྷག་པ་དང་མཉམ་པའི་སྤྱོད་པ་སྤང་བ་ནི། རྩ་བར། དེ་དང་ལྷན་ཅིག་ཏུ་གོམ་པ་བསྲི་བ་ཉིད་ལས་གཞན་པའི་བཅག་པར་མི་བྱའོ། །སྟནཆེས་དམའ་བ་ཉིད་ལས་གཞན་པས་འདུག་པར་ཡང་ངོ༌། །ཞེས་སོགས་གསུངས་སོ། །གསུམཔ་དགེ་སྦྱོང་བླ་མའི་གནས་ལྟ་བུ་སྤང་བ་ནི། རྩ་བར། རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགསཔ་དང་གནས་སྦྱིན་པ་དང་དགེ་ཚུལ་ཉེ་བར་བཞག་པ་དག་མི་བྱའོ། །ཞེས་སོགས་གསུངསསོ། །བཞི་པ་ཆད་པའི་སྐབས་སུ་གཏོགས་པའི་བྱ་བ་སྤང་བ་ནི། རྩ་བར། དགེ་སློང་ལ་ཉམསཔས་གླེང་བར་མི་བྱའོ། །ཞེས་སོགས་གསུངས་སོ། །ལྔ་པ་བསྟེན་པའི་ཁྱད་པར་སྤང་ཞིང་ཉེསཔ་རྣམས་སྤང་བ་ནི། རྩ་བར། དེ་དང་བསྟེན་པར་མི་བྱའོ། །ཆད་པ་དེའི་རྒྱུ་བྱས་པ་སྤང་ངོ། །

ཞེས་སོགས་གསུངས་སོ། །ཆད་པ་དེའི་རྒྱུ་བྱས་པ་སྤང་ངོ་ཞེས་པ་འདི་དང༌། དེ་ལ་དེའི་སྡེ་པལྷག་པར་སྤྱད་པ་ཡང་ངོ་ཞེས་པའི་ཁྱད་པར་ཅི། སྡེ་པ་ལྷག་པ་སྤྱད་པ་ནི་ལྷག་མའི་སྡེ་ཚནའབའ་ཞིག་ཡིན་པས་ཁྱབ་ཆུང་ལ། ཆད་པ་དེའི་རྒྱུ་ནི་ལྷག་མའི་སྡེ་ཚན་འབའ་ཞིག་ཡིན་པརམ་ཟད་ཀྱི། ནན་ཏུར་གྱི་རྒྱུ་དང་ཕམ་པ་ཡང་ཡིན་པས་ཁྱབ་ཆེ་བའོ། །དེའང་མགུ་བ་སྤྱོད་པའིསྐབས་སུ་ནི་ཆད་པ་དེའི་རྒྱུ་དགེ་འདུན་ལྷག་མ་ཡིན་ལ། ནན་ཏུར་བྱས་པའི་སྐབས་སུ་ནི་ཆདཔ་དེའི་རྒྱུ་ནན་ཏུར་གྱི་རྒྱུ་ཡིན་ཞིང༌། བསླབ་པ་བྱིན་པའི་སྐབས་སུ་ནི་ཆད་པ་དེའི་རྒྱུ་ཕམ་པའིལྟུང་བ་ཡིན་ནོ། །ལྷག་མ་ཁོ་ནའི་དབང་དུ་བྱས་ན་ཆད་པ་དེའི་རྒྱུ་ནི་འབྱིན་པའི་ལྷག་མ་ལྟ་བུ་ལྷག་མ་སྔ་མ་དང་རིགས་མཐུན་པ་སྟེ་ཁྱབ་ཆུང་ལ་སྡེ་པ་ལྷག་པར་སྤྱད་པ་ནི་ལྷག་མའི་སྡེ་ཚན་ཙམ་སྟེ་ཁྱབ་ཆེ་བའོ། །དམན་པའི་སྤྱོད་པ་ལྔ་དང་དུ་བླང་བ་ལ་ལྔ་ལས། དང་པོ་ནངས་པར་གྱི་དུས་སུ་ཇི་ལྟར་སྒྲུབ་པ་ནི། རྩ་བར། ནངས་བར་སྔར་ལངས་ཏེ་སྒོ་ཕྱེ་བ་དང༌། མར་མེའི་རྐོང་བུ་བསལ་བར་བྱའོ། །གཙུག་ལག་ཁང་དུ་ཆག་ཆག་དང་ཕྱག་དར་དང་ཞེས་སོགས་གསུངསསོ། །

གཉིས་པ་མཆོད་སྟོན་ལ་སོགས་པའི་དུས་སུ་ཇི་ལྟར་སྒྲུབ་པ་ནི།

རྩ་བར། སྤྱི་བུངསབཤམས་པ་ན་གཎྜི་བརྡུང་ངོ། །གལ་ཏེ་དགེ་སློང་རྣམས་ཚ་ན་བསིལ་ཡབ་བྱའོ། །ཞེས་སོགས་གསུངས་སོ། །གསུམ་པ་འདུ་བའི་དུས་སུ་ཇི་ལྟར་སྒྲུབ་པ་ནི། འདུ་བའི་དུས་སུ་བཤམ་པ་ལསོགས་པ་ནས་ཡོན་ཏན་གྱི་སྐབས་ཀྱི་བར་དག་གོ། །གལ་ཏེ་ནུས་པ་ཉིད་ཡིན་ན་ཉི་མ་བརྗོདཔ་ཡང་ངོ། །གལ་ཏེ་མི་ནུས་ན་དགེ་སློང་གཞན་ལ་བཅོལ་ལོ། །ཞེས་སོ། །བཞི་པ་དགོང་ཀའིདུས་སུ་ཇི་ལྟར་སྒྲུབ་པ་ནི། རྩ་བར། དགོང་ཀར་དུས་དང་མཐུན་པའི་ཆུས་དགེ་སློང་རྣམས་ཀྱིརྐང་བ་དག་བཀྲུའོ། །ཞེས་སོགས་གསུངས་སོ། །ལྔ་པ་དུས་ཐམས་ཅད་དུ་ཇི་ལྟར་སྒྲུབ་པ་ནི། རྩ་བར། དེའི་གཙུག་ལག་ཁང་ཐ་མར་འོས་པ་ཉིད་ཡིན་ནོ། །ཐམས་ཅད་དུ་རྙེད་པ་དབང་བ་ཉིདཡིན་ནོ། །དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ། །ཞེས་པའི་མདོ་གསུམ་གྱིས་བསྟན་ཏོ། །

བྱེ་བ་བཞིན་ནོ་ཞེས་པ་ནི་དཔེར་ན་དགེ་འདུན་བྱེ་བ་ན་ཆོས་མིན་གྱི་ཕྱོགས་སུ་སོང་གི་བར་དུ་ནི་ཆོས་ཕྱོགས་ཀྱི་རྙེད་པ་མི་དབང་ལ། དེས་ཆོས་ཀྱི་ཕྱོགས་ཕྱིར་ཁས་བླངས་པ་ན་རྙེད་པ་དེདབང་ངོ༌། །དེ་བཞིན་དུ་གནས་ནས་ཕྱུང་བ་དེ་ཡང་རང་བཞིན་དུ་གནས་པའི་དགེ་འདུན་གྱིརྙེད་པ་མི་དབང་ལ། དེས་ནམ་བཟོད་པ་གསོལ་བ་སྟེ། གནས་སུ་ཆུད་པ་ན་རྙེད་པ་དེ་དབངངོ༌། །དུས་ལས་འདས་པ་དང་འབྱུང་བར་འགྱུར་བ་བརྗོད་པ་ནི། འདུས་པའི་དགེ་འདུན་ལཞེས་སོ། །དེའང་ཊཱི་ཀ་ལས། འདུས་པའི་ཞེས་སྨོས་པ་ནི་འདིར་ལས་ཀྱི་ཆོ་ག་བཞིན་དུ་ཐམས་ཅད་མ་ཚོགས་ན་བརྗོད་པ་མི་འཆགས་པ་མ་ཡིན་ཏེ། ཐམས་ཅད་མ་འདུས་ཀྱང་ཇི་སྙེད་འདུསཔ་ལ་བརྗོད་དོ། །དགེ་འདུན་ལ་ཞེས་སྨོས་པས་ནི་གང་ཟག་ལ་བརྗོད་དུ་མི་རུང་སྟེ། བཞི་ཡནཆད་ཀྱི་ཚོགས་ལ་བརྗོད་པའོ། །ཞེས་སོ། །གལ་ཏེ་ཡུན་རིང་དུ་སྤྱད་པར་བྱ་བ་ཞེས་པའི་ཊཱི་ཀ་ལས་ཟླ་བ་ཕྱེད་ལས་ལྷག་པ་ནི་ཡུན་རིང་བ་ཉིད་ཡིན་པར་ཤེས་པར་བྱ་སྟེ། གསོ་སྦྱོང་གི་དུསགཞན་གྱིས་ཆོད་པའི་ཕྱིར་རོ་ཞེས་སོ། །འཐབ་ཀྲོལ་ཅན་གྱི་རྐྱེན་གྱིས་དགེ་འདུན་ཚོགས་པའམགང་ཟག་ལ་ཕྱིར་བཏང་བ་ནི། སྔགས་རྣམ་པར་བཞག་པ་ལན་གསུམ་བརྗོད་པས་སྤོ་མགུ་སྤྱོདའཕྲོ་བཅད་པའོ། །འཇིགས་པ་དང་བྲལ་ན་ཕྱིར་བླང་བ་ནི་སྤོ་མགུ་སྤྱད་པའི་འཕྲོ་དེ་སླར་བླང་བར་བྱ་སྟེ། དེ་ཡང་སྔགས་རྣམ་པར་བཞག་པ་ལན་གསུམ་བཟླས་པས་བླང་བར་བྱའོ། །ཐོས་པར་བྱ་བ་དག་མཚམས་དེ་ན་ཉེ་བར་མི་འཁོད་ན་༼མ་བརྗོད་པའི་ལྟུང་བ་༽དེ་མི་འབྱུང་ངོ་ཞེསབསྟན་པ་ཡིན་གྱི། ཉིན་མཚན་བཅད་དགོས་པར་ནི་འགྱུར་ཏེ། དགེ་འདུན་མ་ཡིན་པ་ལ་སྤྱོདཔ་མི་འཆགས་པའི་ཕྱིར་རོ། །ས་གཞན་ན་གནས་པའི་སྤྱོད་པའི་གཞིའི་རྣམ་པར་བཤད་པ་རྫོགསསོ།། །།


previousགསུམ་པ་ས་གཞན་ན་གནས་པའི་སྤྱོད་པའི་གཞི་འཆད་པ།next