བྱིས་པ་ལ་གདམས་པ་དཔེ་དོན་གཉིས་པ།
ན་མོ་གུ་རུ། ཨེ་མ་ཧོ་སེམས་ཅན་ཀུན། རང་གི་དེ་ཉིད་མཐོང་བ་ཉུང༌། །དེ་སྟོན་བླ་མ་མཐོང་བ་ཉུང༌། །དེ་ཡི་ཕྱིར་ན་ངོ་མ་མཐོང༌། །རྟག་ཏུ་འགྲོགས་ཀྱང་ཞལ་མ་མཚོ། །ཡང་ཡང་ཕྲད་ཀྱང་ངོ་མ་ཤེས། །ཅེ་རེ་ལྟ་བའི་ལོང་བ་ཀུན། །ཧུ་རེ་ཉན་པའི་འོན་པ་ཀུན། །ཧ་རེ་སྣོམ་པའི་དྲི་མེད་ཀུན། །ཁ་མྱང་མྱང་བྱེད་པའི་རོ་མེད་ཀུན། །ལུས་ལ་བརྟེན་པའི་རེག་མེད་ཀུན། །མི་དྲན་དགུ་དྲན་གྱི་བསམ་མེད་ཀུན། །དེའི་ཕྱིར་ན་མ་མཐོང་ཞེས། །བརྗོད་པ་ཁྱོད་ཀྱིས་གོ་ལགས་སམ། །བླ་མ་སངས་རྒྱས་སུ་གང་མཐོང་བ། །དུས་གསུམ་སངས་རྒྱས་མཐོང་དང་མཚུངས། །དེའི་ཕྱིར་ན་མཐོང་བ་ཉུང༌། །མཐོང་བར་འདོད་པ་གང་ཡིན་གྱིས། །ཆོས་དཔེ་དོན་འདི་དག་གོ་བར་གྱིས། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ནམ་འཕང་གཅོད་ལ་རྒོད་པོ་དགོས། །བྱིའུ་ཆུང་སྡུག་པ་སྙིང་རེ་རྗེ། །དབྱར་དགུན་ཤན་འབྱེད་གཡུ་འབྲུག་དགོས། །དེ་ཕོའི་ཐང་སྐད་སྙིང་རེ་རྗེ། །ཟིལ་གྱིས་གནོན་ལ་སེང་གེ་དགོས། །ཝ་སྐྱེས་སྡུག་པ་སྙིང་རེ་རྗེ། །ཉམ་ང་བྲལ་ལ་རྒྱ་སྟག་དགོས། །སྟག་ཆུང་བུང་བ་སྙིང་་རྗེ། །ཨེ་མ་ཧོ་སྐྱེས་བུ་ཀུན། །དལ་འབྱོར་འདོད་ན་རྒྱུ་འབྲས་དགོས། །གཟུ་ལུམ་མཁན་རྣམས་སྙིང་རེ་རྗེ། །བླ་མ་ཚོལ་ན་གྲུབ་ཐོབ་དགོས། །སུ་ཐུག་ཚོལ་ན་སྙིང་རེ་རྗེ། །ཡོན་ཏན་ཚོལ་ན་སྣོད་ལྡན་དགོས། །སྣོད་སྐྱོན་ཅན་རྣམས་སྙིང་རེ་རྗེ། །མཁས་པ་འདོད་ན་ཐོས་པ་དགོས། །ཆོག་ཤེས་ཅན་རྣམས་སྙིང་རེ་རྗེ། །བཙུན་པོ་འདོད་ན་གཉེན་པོ་དགོས། །རྐྱེན་ཁར་འཆོར་རྣམས་སྙིང་རེ་རྗེ། །གཞན་དོན་འདོད་ན་ཐུགས་རྗེ་དགོས། །རང་དོན་མཁན་རྣམས་སྙིང་རེ་རྗེ། །ལོངས་སྤྱོད་འདོད་ན་སྦྱིན་གཏོང་དགོས། །སེར་སྣ་ཅན་རྣམས་སྙིང་རེ་རྗེ། །མཉམ་ཉིད་འདོད་ན་ནམ་མཁའ་དགོས། །ཕུ་ཐུག་མུ་ཐུག་སྙིང་རེ་རྗེ། །ཟབ་མོ་འདོད་ན་རྒྱ་མཚོ་དགོས། །ཁ་གཏིང་ཐུག་རྣམས་སྙིང་རེ་རྗེ། །མཐོང་སྣང་འདོད་ན་མངོན་ཤེས་དགོས། རྨི་ལམ་མཁན་རྣམས་སྙིང་རེ་རྗེ། །རྒྱུ་འབྲས་ཤེས་ན་རྟེན་འབྲེལ་དགོས། །མགོ་བསྐོར་མཁན་རྣམས་སྙིང་རེ་རྗེ། །ལྟ་བ་འདོད་ན་རྟོགས་པ་དགོས། །བརྟག་དཔྱད་མཁས་རྣམས་སྙིང་རེ་རྗེ། །སྒོམ་པ་འདོད་ན་གཉུག་མ་དགོས། །རེས་འཇོག་མཁན་རྣམས་སྙིང་རེ་རྗེ། །ཉམས་མྱོང་འདོད་ན་སྒོམ་བསྲན་དགོས། །དང་སུན་སྡུག་པ་སྙིང་རེ་རྗེ། །རས་པ་འདོད་ན་དྲོད་རྟགས་དགོས། །རྫས་རས་མཁན་རྣམས་སྙིང་རེ་རྗེ། །རོ་སྙོམས་འདོད་ན་གཅོད་པ་དགོས། །བབ་ཅོལ་མཁན་རྣམས་སྙིང་རེ་རྗེ། །ཞེན་པ་གཅོད་ན་འཁོར་ལོ་དགོས། །གཙུག་ཆུང་བསྐོར་ཆུང་སྙིང་རེ་རྗེ། །མཐོན་པོ་འདོད་ན་དམའ་མོ་སྐྱོང༌། །མཐོ་ངོ་ཅན་རྣམས་སྙིང་རེ་རྗེ། །འབྲས་བུ་འདོད་ན་སྐུ་གསུམ་དགོས། །རེ་དོགས་ཅན་རྣམས་སྙིང་རེ་རྗེ། །ཆོས་དཔེ་དོན་འདི་དག་གོ་ལགས་ན། །ང་མཐོང་སངས་རྒྱས་མ་ཡིན་ཏེ། །བླ་མ་སངས་རྒྱས་སུ་མཐོང་ལགས་ན། །རང་སེམས་སངས་རྒྱས་སུ་མཐོང་བ་ཡིན། །དད་མེད་བླ་མ་བསྟེན་པ་རྣམས། །འགྲོགས་ཡུན་རིང་བས་གོམས་འདྲེས་ཁྱེར། །དེས་ན་ཡོན་ཏན་སྐྱེ་བར་དཀའ། །བདེ་གཤེགས་བཀའ་དང་བླ་མའི་གསུང༌། །ཡོན་ཏན་ཐམས་ཅད་རབ་རྫོགས་པ། །བླ་མ་མེད་པར་མི་འབྱུང་གསུངས། །དེ་ན་བླ་མ་དགོས་པར་གསུངས། །བག་མེད་མི་ཤེས་ཉོན་མོངས་སྤངས། །མ་གུས་ལྟུང་བ་འབྱུང་བའི་རྒྱུ། །སྤངས་ཕྱིར་དཔེ་དོན་གཉིས་ཀྱི་ཆོས། །བརྩེ་བས་གཞན་ལ་ཕན་ཕྱིར་བཀོད། །དེ་བྱུང་དགེ་བ་དྲི་མེད་འདིས། །འགྲོ་ཀུན་མཚན་མེད་ལ་བཀོད་ཤོག །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ།།