རིམ་པ་ཁོངས་སུ་བསྡུ་བའི་མན་ངག་ཅེས་བྱ་བའི་རབ་ཏུ་བྱེད་པ།
ཀླུའི་བློ།
རྒྱ་གར་སྐད་དུ། ཀྲ་མ་ཨནྟ་ར་བྷཱ་བ་ཨུ་པ་དེ་ཤ་ནཱ་མ་པྲ་ཀ་ར་ཎཾ། བོད་སྐད་དུ། རིམ་པ་ཁོངས་སུ་བསྡུ་བའི་མན་ངག་ཅེས་བྱ་བའི་རབ་ཏུ་བྱེད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མཐའ་རྣམས་ཐམས་ཅད་འཇིགས་མཛད་པ། །རྡོ་རྗེ་ཆེ་ལ་ཕྱག་བྱས་ནས། །རིམ་པ་དྲུག་པའི་ཕན་ཚུན་ནི། །དེ་ཚིག་རྣམས་དང་སྦྱར་བ་བརྗོད། །མི་ཕམ་འཕགས་པས་སྦྱིན་སོགས་ལ། །དབྱེ་བ་སུམ་ཅུ་དྲུག་བདག་ཉིད། །ཇི་སྐད་གསུངས་པ་དེ་བཞིན་འདིར། །རིམ་རྣམས་དབྱེ་གསལ་འདིར་བརྗོད་བྱ། །དེ་ལ་དང་པོར་བསྐྱེད་པའི་རིམ་པར་ཕྲ་མོའི་རྣལ་འབྱོར་གྱི་དུས་སུ་སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པའི་རྡོ་རྗེའི་བཟླས་པའོ། །རང་བཞིན་སྣང་བ་ཞེས་བྱ་བ་འདིས་ནི་བསྐྱེད་པའི་རིམ་པའི་སེམས་ལ་ངེས་པར་རྟོག་པའོ། །དེ་ཁོ་ན་ཉིད་དྲུག་གི་ནང་དུ་ནི་བསྐྱེད་པའི་རིམ་པའི་བདག་བྱིན་གྱིས་བརླབ་པའོ། །དོན་དམ་བདེན་པ་ཞེས་ཀྱང་བྱ་བ་ལ་སོགས་པས་ནི་བསྐྱེད་པའི་རིམ་པའི་མངོན་པར་བྱང་ཆུབ་པའོ། །ཡོངས་སུ་དག་པའི་ལྷའི་དེ་ཁོ་ན་ཉིད་འཆད་པ་ལས་ནི་བསྐྱེད་པའི་རིམ་པའི་ཟུང་འཇུག་གོ །གཞན་ཡང་རྡོ་རྗེ་འཛིན་པའི་མི། །འགའ་ཞིག་སྦྱོར་བ་གསུམ་ལྡན་པས། །སྤྱན་འདྲེན་གཤེགས་སུ་གསོལ་བ་དང༌། །དེ་བཞིན་བཞུགས་སུ་གསོལ་བར་འགྱུར། །ཞེས་བྱ་བ་འདིས་ནི་རྡོ་རྗེའི་བཟླས་པ་ལས་བསྐྱེད་པའི་རིམ་པ་གསུངས་པའོ། །རང་ཉིད་ནི་རྡོ་རྗེའི་བཟླས་པའོ། །རྣམ་ཤེས་ལས་ནི་འབྱུང་བའི་སྔགས།། འབུམ་ཕྲག་དྲུག་ལྡན་བཟླས་ནས་ནི། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ཏེ། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །ཞེས་བྱ་བ་འདིས་ནི་རྡོ་རྗེའི་བཟླས་པའི་སེམས་ལ་ངེས་པར་རྟོག་པའོ། །རྡོ་རྗེ་བཟླས་པ་འདི་ཡིས་ནི། །ཆོ་ག་ཇི་བཞིན་བསྙེན་བྱས་ནས། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །ཞེས་བྱ་བ་འདིས་ནི་རྡོ་རྗེ་བཟླས་པའི་བདག་ལ་བྱིན་གྱིས་བརླབ་པའོ། །ཡི་གེ་ཨས་བསྟན་ཡེ་ཤེས་ནི། །སངས་རྒྱས་ཀྱི་ནི་ཐུགས་སུ་གྱུར། །ཅེས་བྱ་བ་འདིས་ནི་རྡོ་རྗེ་བཟླས་པའི་མངོན་པར་བྱང་ཆུབ་པའོ། །མ་ནིང་གི་བཟླས་པ་འབྲས་བུར་གྱུར་པ་ལས་ནི་རྡོ་རྗེ་
བཟླས་པའི་ཟུང་འཇུག་གོ །ཤེས་རབ་རང་བཞིན་འདི་ཉིད་ནི། །ཟླ་བའི་དཀྱིལ་འཁོར་དུ་བརྟག་སྟེ། །རང་གི་སེམས་ནི་མཐོང་འགྱུར་ཏེ། །རང་གི་ཟླ་བའི་གཟུགས་བཞིན་ནོ། །དེ་ནས་ཟླ་བ་ལ་དམིགས་ནས། །རྡོ་རྗེའི་མཚན་མ་རབ་བརྟག་བྱ། །འདི་ནི་རྡོ་རྗེ་ལ་སོགས་པ། །བྱུང་བའི་རྣལ་འབྱོར་པ་རྣམས་ཀྱིས། །ཐབས་ནི་སྟོན་པར་བྱེད་པའོ། །ཟླ་བ་རྡོ་རྗེ་སོགས་སྦྱོར་བས། །སེམས་དང་སེམས་བྱུང་འདུས་པ་སྟེ། །ཐབས་དང་ཤེས་རབ་མཉམ་སྦྱོར་ལས། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་ལ། །སྔགས་པས་བསྐྱེད་རིམ་རྣལ་འབྱོར་དང༌། །ལྡན་པའི་ལྷ་ཡི་ང་རྒྱལ་ནི། །འཆང་ཞིང་རྟག་ཏུ་རྒྱུ་བར་བྱ། །ཞེས་བྱ་བ་འདིས་ནི་སེམས་ལ་དམིགས་པའི་བསྐྱེད་པའི་རིམ་པའོ། །རླུང་ནི་ཕྲ་བའི་ངོ་བོ་དང༌། །རྣམ་ཤེས་ཡང་དག་འདྲེས་གྱུར་པ། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་འགྱུར། །གང་དང་གང་དུ་རླུང་གནས་པས། །རང་བཞིན་དེ་དང་དེ་འབྱུང་བྱེད། །རླུང་ནི་རྒྱུ་བ་དེ་སྲིད་དུ། །སྣང་བ་གཡོ་མིན་མི་འགྱུར་རོ། །ཞེས་བྱ་བ་འདིས་ནི་སེམས་ལ་ངེས་པར་རྟོག་པའི་རྡོ་རྗེའི་བཟླས་པའོ། །རང་གི་ངོ་བོ་ལས་ནི་སེམས་ལ་ངེས་པར་རྟོག་པའོ། །ཆུ་ཟླ་དང་ནི་སྨིག་རྒྱུ་སོགས།། སྒྱུ་མའི་ཡོན་ཏན་གྱིས་བརྒྱན་ཏེ། །ཞེས་བྱ་བས་ནི་རྗེས་སུ་སྙེགས་པར་ལྷག་པར་མོས་པས་སྒྱུ་མའི་ལུས་འདིས་ནི་སེམས་ལ་ངེས་པར་རྟོག་པའི་བདག་ལ་བྱིན་གྱིས་བརླབ་པའོ། །དཔལ་གསང་བ་འདུས་པའི་བྱང་ཆུབ་སེམས་ཀྱི་ལེའུ་ལས། །དངོས་པོ་མེད་སོགས་ཚིགས་བཅད་ཀྱིས། །མངོན་པར་བྱང་ཆུབ་མཚན་ཉིད་གསུངས། །ཞེས་བྱ་བ་ལ་སོགས་པས་ནི་སེམས་ལ་ངེས་པར་རྟོག་པའི་མངོན་པར་བྱང་ཆུབ་པའོ། །ཆགས་མིན་ཆགས་དང་བྲལ་པ་མིན། །དབུ་མར་ཡང་ནི་མི་དམིགས་སོ། །ཞེས་བྱ་བ་འདིས་ནི་སེམས་ལ་ངེས་པར་རྟོག་པའི་ཟུང་འཇུག་གོ །སྔགས་དང་ཕྱག་རྒྱའི་སྦྱོར་བ་དང༌། །དཀྱིལ་འཁོར་ལ་སོགས་རྣམ་རྟོག་དང༌། །སྦྱིན་སྲེག་གཏོར་མའི་བྱ་བ་ཀུན། །རྟག་ཏུ་སྒྱུ་མ་བཞིན་དུ་བྱ། །ཞེས་བྱ་བ་འདིས་ནི་བདག་ལ་བྱིན་གྱིས་བརླབ་བའི་བསྐྱེད་པའི་རིམ་པའོ། །རླུང་གི་སྦྱོར་བ་མེད་པར་ནི། །སེམས་ཀྱི་རང་བཞིན་དམིགས་སུ་མེད། །
ཅེས་བྱ་བ་འདིས་ནི་བདག་ལ་བྱིན་གྱིས་བརླབ་པའི་རྡོ་རྗེ་བཟླས་པ་དང༌། བདག་ལ་བྱིན་གྱིས་བརླབ་པའི་སེམས་ལ་ངེས་པར་རྟོག་པ་དང༌། དངོས་སུ་བདག་ལ་བྱིན་གྱིས་བརླབ་པ་རྣམས་གསུང་བར་འགྱུར་རོ། །འགྲོ་ཀུན་རང་བཞིན་དབང་མེད་དེ། །རང་དབང་དུ་ནི་འབྱུང་ཉིད་མིན། །དེ་ཡི་རྒྱུ་ནི་འོད་གསལ་ཏེ། །འོད་གསལ་ཐམས་ཅད་སྟོང་པ་ནི། །ཞེས་བྱ་བ་འདིས་ནི་བདག་ལ་བྱིན་གྱིས་བརླབ་པའི་མངོན་པར་བྱང་ཆུབ་པའོ། །དེ་ཉིད་དྲི་ཟའི་སེམས་ཅན་འགྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །ཞེས་བྱ་བ་འདིས་ནི་བདག་ལ་བྱིན་གྱིས་བརླབ་པའི་ཟུང་འཇུག་གོ ། ཕྱག་རྒྱ་ཆེན་པོ་རྣམ་དག་ནི། །སངས་རྒྱས་ལྔ་རིགས་རག་ལས་པའོ། །འོད་ཟེར་ལྔ་ནི་འབྱུང་བ་འདི། །ནམ་མཁའ་ལ་ནི་འཇའ་ཚོན་བཞིན། །ཕྱག་རྒྱ་འཆང་བར་བྱེད་པ་དང༌། །གལ་ཏེ་གསང་སྔགས་ཟློས་པའམ། །གཞན་རྣམས་ཐམས་ཅད་བྱེད་ཀྱང་རུང༌། །ཀུན་སྟོང་གཞི་ལ་གནས་པས་སོ། །ཞེས་བྱ་བ་འདིས་ནི་མངོན་པར་བྱང་ཆུབ་པའི་རིམ་པའོ། །དེ་ནི་ཚིག་དང་ལྡན་པའི་ངག་བསྡམས་ཡིན། །ཞེས་བྱ་བ་ལ་སོགས་པས་ནི་མངོན་པར་བྱང་ཆུབ་པའི་རྡོ་རྗེའི་བཟླས་པའོ། །འདི་ནི་རང་གི་རང་བཞིན་རྣམས་དང་ལྷན་ཅིག་མ་ཡིན་ལྡན། །ཞེས་བྱ་བ་འདིས་ནི་མངོན་པར་བྱང་ཆུབ་པའི་སེམས་ལ་ངེས་པར་རྟོག་པའོ། །ཇི་ལྟར་ཆུ་ཀླུང་དང་བ་ལས། །ཉ་དག་མྱུར་དུ་འཕར་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་བཤད། །ཅེས་བྱ་བ་འདིས་ནི་མངོན་པར་བྱང་ཆུབ་པའི་བདག་ལ་བྱིན་གྱིས་བརླབ་པའོ། །དངོས་སུ་ནི་མངོན་པར་བྱང་ཆུབ་པའོ། །སློབ་དཔོན་དག་ལས་བཀའ་དྲིན་ཐོབ་ཅིང་བློ་གྲོས་དྲི་མེད་བརྟན་ལྡན་དངོས་པོ་ཀུན། །རང་བཞིན་དེ་ཉིད་རྣལ་འབྱོར་བ་ཡི་དག་གཞི་ཤིན་ཏུ་ཕྲ་བ་མཆོག་སྦྱིན་རང་བཞིན་སངས་རྒྱས་ཀྱི། །མྱ་ངན་འདས་ཁམས་གཉིས་མེད་རྟོགས་པ་རྟག་ཏུ་བདེ་བའི་རང་བཞིན་བསྒོམ་པར་བྱ། འདི་ནི་བསོད་ནམས་བསོད་ནམས་མིན་ལས་རྣམ་གྲོལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་འགྱུར། །ཞེས་བྱ་བ་འདིས་ནི་མངོན་པར་བྱང་ཆུབ་པའི་ཟུང་འཇུག་གོ །གཅིག་པོ་བསྐྱེད་པའི་རིམ་པ་འདི་དང་ཞེས་བྱ་བ་དང༌། དེ་བཞིན་དུ་འདི་ནི་མ་དག་པར་འགྱུར་རོ་ཞེས་བྱ་བ་འདིས་ནི་ཟུང་དུ་འཇུག་པའི་
བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པ་ཞེས་བྱ་བ་འདིས་ནི་ཟུང་དུ་འཇུག་པའི་རྡོ་རྗེ་བཟླས་པའོ། །ཆགས་དང་ཆགས་མེད་ལས་གྲོལ་ཞིང༌། །ཞེས་བྱ་བ་འདིས་ནི་ཟུང་དུ་འཇུག་པའི་སེམས་ལ་ངེས་པར་རྟོག་པའོ། །བདག་བྱིན་བརླབ་དང་འོད་གསལ་གཉིས། །དེ་ཉིད་ཤེས་པས་རིམ་ཤེས་ནས། །ཞེས་བྱ་བ་འདིས་ནི་ཟུང་དུ་འཇུག་པའི་བདག་ལ་བྱིན་གྱིས་བརླབ་པ་དང་འོད་གསལ་བའོ། །དངོས་སུ་ནི་ཟུང་དུ་འཇུག་པའོ། །ཡན་ལག་སྦྱོར་བ་འདི་བྱས་ནས། །བསོད་ནམས་གང་བསགས་དེ་ཡིས་ནི། །རྡོ་རྗེ་འཛིན་དང་ལྷན་ཅིག་ཏུ། །འགྲོ་བ་མྱུར་དུ་སྦྱོར་བར་ཤོག །རིམ་པ་ཁོངས་སུ་བསྡུ་བའི་མན་ངག་གི་རིམ་པའི་རབ་ཏུ་བྱེད་པ་སློབ་དཔོན་ཆེན་པོ་ཀླུའི་བློ་རིག་པ་འཛིན་པའི་དངོས་གྲུབ་བརྙེས་ནས་ད་དུང་དཔལ་གྱི་རི་ལ་བཞུགས་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།ཆོས་ཀྱི་གཞི་དཀོན་མཆོག་གསུམ་གྱི་རྟེན་དཔལ་ཚངས་པ་འབྱུང་བའི་གཙུག་ལག་ཁང་དུ། རྒྱ་གར་གྱི་མཁན་པོ་ཨཱ་ལངྐ་ཀ་ལ་ཤའི་ཞལ་སྔ་ནས་དང༌། བོད་ཀྱི་སྒྲ་སྒྱུར་གྱི་ལོ་ཙཱ་བ་བནྡེ་ཉི་མ་གྲགས་ཀྱིས་བསྒྱུར་རོ།།