Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
   
  expand section
  expand section
  expand section
  expand section
  collapse section
   
   
   
   
ལོངས་སྐུ་བཤད་པ།
   
   
   


 
previousལོངས་སྐུ་བཤད་པ།next

ལོངས་སྐུ་བཤད་པ།


GLG013_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུ་བཤད་པ། གསུམ་པ་ལོངས་སྐུ་བཤད་པ་ལ་གཉིས། མཚན་ཉིད་ཀྱི་སྒོ་ནས་མདོར་བསྟན་པ་དང་། ཡོན་ཏན་གྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། དེ་ལྟར་སྐུ་གཉིས་པ་ཡེ་ཤེས་ཆོས་སྐུ་བསྟན་ནས། གསུམ་པ་མཚན་དང་དཔེ་བྱད་བཟང་པོས་འབར་བའི་གཟུགས་ཀྱི་སྐུའི་ངོ་བོ་ཉིད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ངེས་པ་ལྔ་ལྡན་གྱི་རྫོགས་པའི་སངས་རྒྱས་ཀྱི་གཟུགས་སྐུ་མཐར་ཐུག་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། འོག་མིན་ཁོ་ནར་བཞུགས་ཤིང་། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུའི་བདག་ཉིད་ཀྱི་གཟུགས་སྐུ་སྐབས་འདིར་དངོས་སུ་བསྟན་པ་འདི་ཆོས་ཅན། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད་དེ། ཐེག་ཆེན་གྱི་ཆོས་ལ་ཉེ་བར་ལོངས་སྤྱོད་པ་སོགས་ངེས་པ་ལྔ་ལྡན་གྱི་རྫོགས་པའི་སངས་རྒྱས་ཀྱི་གཟུགས་སྐུ་མཐར་ཐུག་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ་ཁ་ཅིག །ལོངས་སྐུ་བཞུགས་པའི་གནས་ཡིན་ན་འོག་མིན་སྟུག་པོ་


GLG013_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་ཡིན་པས་མ་ཁྱབ་སྟེ། འོག་མིན་སྟུག་པོ་བཀོད་པའི་སྔ་རོལ་ཏུ་གྲུབ་པའི་ལོངས་སྐུ་ལ་བཞུགས་གནས་ཡོད་པའི་ཕྱིར་ཟེར་ན། དེ་འདྲའི་ལོངས་སྐུ་དེ་ཆོས་ཅན། ལོངས་སྐུ་མ་ཡིན་པར་ཐལ། ངེས་པ་ལྔ་དང་མི་ལྡན་པའི་ཕྱིར། དེར་ཐལ། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པ་ཁོ་ནར་མི་བཞུགས་པའི་ཕྱིར། རྟགས་ཁས། ཁ་ཅིག །ལོངས་སྐུ་ལ་ངེས་པ་ལྔ་ལྡན་གྱིས་མ་ཁྱབ་སྟེ། དེ་དུས་ངེས་པ་འཁོར་བ་ཇི་སྲིད་ཀྱི་བར་དུ་མི་བཞུགས་པའི་ཕྱིར། དེར་ཐལ། རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་མི་གནས་པའི་ཕྱིར། ཟེར་ན། ཧ་ཅང་ཚིག་ལ་ཞེན་པ་སྟེ། སེམས་ཅན་གྱི་འབྲས་བུར་གྱུར་པའི་སངས་འཕགས་ཀྱི་དུས་སུ་སེམས་ཅན་མེད་པར་ཐལ། དེའི་དུས་སུ་སེམས་ཅན་ཞིག་ཟིན་པའི་ཕྱིར། དེར་ཐལ། དེ་དེའི་རྒྱུ་ཡིན་པའི་ཕྱིར། འདོད་ན། དེ་ཡོད་པར་ཐལ། དེའི་དུས་སུ་སངས་རྒྱས་དེས་སེམས་ཅན་གྱི་དོན་མཛད་པའི་ཕྱིར། མ་གྲུབ་ན། དེའི་དུས་སུ་སངས་རྒྱས་དེ་སེམས་ཅན་གྱི་དོན་མི་མཛད་པའི་སངས་རྒྱས་ཡིན་པར་ཐལ། འདོད་པའི་ཕྱིར། རིགས་པའི་ཁོག་མཚུངས་པས་འགྲིག །ཁ་ཅིག །ལོངས་སྐུའི་འཁོར་ཡིན་ན་བྱང་སེམས་ཡིན་པས་མ་ཁྱབ་པར་ཐལ། དེའི་འཁོར་དུ་གྱུར་པའི་སངས་འཕགས་ཡོད་པའི་ཕྱིར། དེར་ཐལ། བདག་ཅག་གི་སྟོན་པའི་འཁོར་དུ་གྱུར་པའི་སངས་འཕགས་ཡོད་པའི་ཕྱིར། དེར་ཐལ། རྗེ་བཙུན་བྱམས་མགོན་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་འོག་མིན་དུ་ཆོས་སྐུ་བརྙེས་ནས། དགའ་ལྡན་དུ་སྟོན་པའི་རྒྱལ་ཚབ་ཏུ་བསྐོས་པའི་ཕྱིར། དེར་ཐལ། ལྷའི་བུ་དམ་པ་ཏོག་དཀར་པོ་ལ་དེའི་ཕྱིར་ན་མ་ཁྱབ། ཁ་ཅིག །འོག་མིན་སྟུག་པོ་བཀོད་པ་དེ། གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ནང་ཚན་དུ་གྱུར་པའི་འོག་མིན་


GLG013_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཟེར་ན། མི་འཐད་པར་ཐལ། དེ་འཁོར་བའི་གནས་མ་ཡིན་པའི་ཕྱིར། དེར་ཐལ། དེར་ལས་ཉོན་གྱིས་སྐྱེ་བ་ལེན་པའི་གང་ཟག་མེད་པའི་ཕྱིར། གཞན་ཡང་། གཙང་མའི་གནས་དག་སྤངས་ནས་ནི། །འོག་མིན་གནས་ནི་ཉམས་དགའ་བར། །ཞེས་བཤད་པ་མི་འཐད་པར་ཐལ་ལོ། ཁ་ཅིག །ལོངས་སྐུའི་སེན་མོ་ཟངས་མདོག་དམར་པོ་ཡིན་ཟེར་ན། སངས་རྒྱས་ཀྱི་པགས་པ་གསེར་མདོག་དེ་སེར་པོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཁ་དོག་མ་ཡིན་པའི་ཕྱིར། ཁ་ཅིག །སྨན་བླའི་པགས་པ་གསེར་མདོག་ཡོད་པར་ཐལ། སངས་རྒྱས་ཀྱི་པགས་པ་གསེར་མདོག་སེར་པོ་ཡིན་པའི་ཕྱིར་ཞེས་སྐྱོན་འཕེན་པ་ནི་བཻཌཱུརྱའི་མདོག་ལ་སྔོན་པོ་ལས་འོས་མེད་སྙམ་པའི་རྒྱལ་ཁམས་མ་མཐོང་བའི་གཏམ་སྟེ། བཻཌཱུརྱ་ལ་དཀར་སྔོ་སེར་གསུམ་འབྱུང་བར་བཤད་པའི་ཕྱིར། གཉིས་པ་རང་ལུགས་ནི། ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་ལོངས་སྐུའི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །གཞན་དོན་གཟུགས་སྐུ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ངེས་པ་ལྔའི་ཡོན་ཏན་དང་ལྡན་པའི་གཟུགས་སྐུ་ཡིན་པའི་ཕྱིར། དེར་ཐལ། དེ་དང་ལྡན་པ་གང་ཞིག །གཟུགས་སྐུ་ཡིན་པའི་ཕྱིར། དང་པོ་དེར་ཐལ། ངེས་པ་ལྔ་ཁྱོད་ཀྱི་ཡོན་ཏན་ཡིན་པའི་ཕྱིར་ན་མ་ཁྱབ། ཁ་ཅིག །ངེས་པ་ལྔ་ལྡན་གྱི་ལོངས་སྐུ་མེད་པར་ཐལ། འཁོར་ངེས་པ་བྱང་སེམས་འཕགས་པ་ཁོ་ནའི་འཁོར་གྱིས་བསྐོར་བའི་ལོངས་སྐུ་མེད་པའི་ཕྱིར་ན་མ་ཁྱབ། འོ་ན། ངེས་པ་ལྔ་ལྡན་གྱི་ཡེ་ཤེས་ཆོས་སྐུ་མེད་པར་ཐལ། འཁོར་ངེས་པ་བྱང་སེམས་འཕགས་པ་ཁོ་ནའི་འཁོར་གྱིས་བསྐོར་བའི་ཡེ་ཤེས་ཆོས་སྐུ་མེད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཡོད་པར་ཐལ། ངེས་པ་ལྔ་ཚང་པའི་དེ་ཡོད་པའི་ཕྱིར། དེར་ཐལ། ལོངས་སྐུའི་རྒྱུད་ཀྱི་ཡིད་ཀྱི་


GLG013_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པའི་སྟེང་དུ་དེ་ཚང་པའི་ཕྱིར། དེར་ཐལ། དེ་དེའི་སྟེང་དུ་ཚོགས་པའི་ཕྱིར། དེར་ཐལ། དེའི་རྟེན་གྱི་ལོངས་སྐུའི་གཟུགས་ཕུང་དེ་གནས་ངེས་པ་འོག་མིན། སྐུ་ངེས་པ་མཚན་དཔེ། དུས་ངེས་པ་འཁོར་བ་ཇི་སྲིད་བར། འཁོར་ངེས་པ་བྱང་འཕགས། ཆོས་ངེས་པ་ཐེག་ཆེན་གྱི་ཆོས་གསུང་བ་དང་ལྡན་པའི་ཕྱིར། ཁ་ཅིག །མཆོག་གི་སྤྲུལ་སྐུའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་མཆོག་གི་སྤྲུལ་སྐུ་ཡིན་པར་ཐལ། ལོངས་སྐུའི་ཡིད་ཀྱི་རྣམ་པར་ཤེས་པ་ལོངས་སྐུ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། སོ་སོ་སྐྱེ་བོ་ལས་དག་ཡན་ཆད་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པར་ཐལ། འདོད་པའི་ཕྱིར་ན། མ་ཁྱབ། ཁ་ཅིག །ལོངས་སྐུ་ཆོས་ཅན། གང་ཟག་མ་ཡིན་པར་ཐལ། བཏགས་ཡོད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྫས་ཡོད་ཡིན་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་རྣམ་པར་ཤེས་པ་ལོངས་སྐུ་ཡིན་པ་གང་ཞིག །དེ་རྫས་ཡོད་ཡིན་པའི་ཕྱིར་ན། མ་ཁྱབ། ལོངས་སྐུའི་རྒྱུད་ཀྱི་རྣམ་པར་ཤེས་པ་ལོངས་སྐུ་ཡིན་པར་ཐལ། སྤྱིར་ཡིད་ཀྱི་རྣམ་པར་ཤེས་པ་བདག་ཡིན་པའི་ཕྱིར། དེར་ཐལ། མདོ་ལས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་དུ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་ཐུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར། གཞན་ཡང་། དེ་ཡིན་པར་ཐལ། མཆོད་སྦྱིན་གྱི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་མཆོད་སྦྱིན་ཡིན་པའི་ཕྱིར། དེར་ཐལ། ཀུན་གཞི་མེད་པ་ནི་གང་ཞིག །མཆོད་སྦྱིན་ཐ་སྙད་བཏགས་པའི་བཏགས་དོན་བཙལ་བའི་ཚེ་རྙེད་པའི་ཕྱིར། སྨྲས་པ། གཞན་ཕན་བརྩེ་བའི་ཆབ་ཀྱིས་ལེགས་བྲན་སྙིང་སྟོབས་མྱུ་གུ་གསར་པ་དེ། །མཁྱེན་པའི་ཡལ་འདབ་རྣམ་པར་


GLG013_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་ལྕུག་ཕྲན་གཞོན་ནུའི་ཕུང་པོ་ལྡེམ། །མེ་ཏོག་མདའ་ཅན་དགྲ་ལས་རྒྱལ་བའི་ནུས་པའི་དྲི་བཟུང་གཡུར་ཟ་བ། །བཤེས་གཉེན་ནགས་ཀླུང་སྟུག་པོའི་གཙོ་དེ་རྐང་འཐུང་འཕྲེང་བའི་དབུས་ན་མཐོ། །གང་གི་བཀའ་དྲིན་ནམ་མཁའི་ཕ་མཐའ་ཡིས། །གཞལ་བར་ནུས་པའི་གོ་སྐབས་དང་བྲལ་པས། །འོག་མིན་གནས་དེར་ཕྱིན་པར་མ་གྱུར་ཀྱང་། །སྣང་ཚུལ་ཁ་བའི་ལྗོངས་འདིར་མཐོང་འདི་ཀོ། ཕ་རོལ་དམའ་འབབས་ཚིག་གི་སྦྱོར་བ་དག །བྱེད་པ་དགེ་སྦྱོང་ཚུལ་ལུགས་མ་ཡིན་ཡང་། །གནས་ཚུལ་ལྷུག་པར་སྨྲས་པས་དུས་ངན་གྱི། །སྐྱེ་བོའི་སྙིང་ལ་ཟུག་པ་རང་གི་མཚང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ནི། འོག་མིན་ཁོ་ནར་བཞུགས་ཤིང་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་ཉིད་ཀྱི་གཟུགས་སྐུ་སྐབས་འདིར་དངོས་སུ་བསྟན་པ་འདི་ནི་ཆོས་ཅན། སངས་རྒྱས་བཅོམ་ལན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུ་ལ་བཞུགས་པའི་འཁོར་རྣམས་དང་ཐབས་ཅིག་ཏུ་ཐེག་པ་ཆེན་པོ་ཁོ་ནའི་ཆོས་ཀྱི་དགའ་བ་དང་ཟག་མེད་ཀྱི་བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ལ་ཉེ་བར་ལོངས་སྤྱོད་པའི་ངེས་པ་ལྔ་ལྡན་གྱི་རྫོགས་པའི་སངས་རྒྱས་ཀྱི་གཟུགས་སྐུ་མཐར་ཐུག་ཡིན་པའི་ཕྱིར། གཉིས་པ་ཡོན་ཏན་གྱི་སྒོ་ནས་རྒྱས་པར་བཤད་པ་ལ་གཉིས། མཚན་བཤད་པ་དང་། དཔེ་བྱད་བཤད་པའོ། །དང་པོ་ལ་གསུམ། འབྲས་བུ་མཚན་བཤད་པ། རྒྱུ་འབྲས་ཀྱི་འབྲེལ་བ་བཤད་པ། རྒྱུ་མདོ་ལས་འབྱུང་བ་བཤད་པའོ། །དང་པོ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། ཕྱག་ཞབས་སོགས་བར་སྐབས་ཀྱི་ཚིགས་སུ་བཅད་པ་ལྔ་ནི་ཆོས་ཅན། དགོས་པ་ཡོད་དེ། ལོངས་སྐུའི་མཚན་བཟང་


GLG013_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སུམ་ཅུ་རྩ་གཉིས་པོ་དེ་དག་གང་དག་ཅིག་ཡིན་ཞེ་ན། དེ་རྣམས་རེ་རེ་ནས་ངོས་གཟུང་ནས་བཤད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ལོངས་སྐུའི་མཚན་འདི་དག་སུམ་ཅུ་རྩ་གཉིས་སུ་གྲངས་ངེས་ཏེ། དེ་ལྟར་ངེས་པར་མདོ་སོགས་ཀྱི་གསུང་རབ་ཚད་ལྡན་ལས་གསུངས་ཤིང་ཚད་མས་གྲུབ་པའི་ཕྱིར། དེ་རྣམས་གང་ཞེ་ན། ལོངས་སྐུའི་ཕྱག་ཞབས་ཀྱི་འཁོར་ལོའི་མཚན་དང་། ཞབས་རུས་སྦལ་བཞིན་དུ་གནས་པ་དང་། ཕྱག་དང་ཞབས་ཀྱི་སོར་མོ་རྣམས་དྲ་བས་འབྲེལ་བ་དང་། ཕྱག་ནི་ཞབས་དང་བཅས་པ་འཇམ་ཞིང་གཞོན་ཤ་ཆགས་པ་དང་། སྐུ་འདི་ཡི་ནི་བདུན་དག་མཐོ་བ་དང་ལྔ་ཆོས་ཅན། མཚན་བཟང་པོ་ཡིན་ཏེ། རང་རྒྱུད་ལྡན་གྱི་གང་ཟག་སྐྱེས་བུ་ཆེན་པོར་མཚོན་ཞིང་རང་གི་འཁོར་དུ་གྱུར་པའི་དཔེ་བྱད་རྣམས་ཀྱི་གཙོ་བོ་ཡིན་པའི་ཕྱིར། རྟགས་ཆོས་གཉིས་རྩ་འགྲེལ་ལྷག་མ་རྣམས་ལའང་སྦྱར་རོ། །ལོངས་སྐུའི་སོར་མོ་རྣམས་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ་དང་། ཞབས་ཀྱི་པུས་མོ་ཕྱིར་མི་མངོན་པ་དང་། སྤུ་ནི་རེ་རེ་ནས་གྱེན་དུ་ཕྱོགས་པ་དང་། བྱིན་པ་རི་དྭགས་ཨེ་ན་ཡའི་འདྲ་བ་དང་། ཕྱག་རིང་ཞིང་མཛེས་པ་དང་། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག་དང་། པགས་པ་གསེར་གྱི་མདོག་ལྟ་བུ་དང་། པགས་པ་སྲབ་པ་དང་བཅུ་ཆོས་ཅན། ལོངས་སྐུའི་སྤུ་རེ་རེ་ནས་གཡས་ཕྱོགས་སུ་ལེགས་པར་འཁྱིལ་བ་དང་། ཞལ་མཛོད་སྤུས་བརྒྱན་པ་དང་། རོ་སྟོད་སེང་གེའི་འདྲ་བ་དང་། སྐུ་འདི་ཡི་དཔུང་བའི་མགོ་ཟླུམ་པ་དང་། ཐལ་གོང་རྒྱས་པ་དང་། ལྗགས་འདི་ལ་རོ་མི་ཞིམ་པའང་རོ་མཆོག་ཏུ་སྣང་བ་དང་། སྐུ་ནི་ཤིང་ནྱགྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། དབུར་གཙུག་ཏོར་ལྡན་པ་དང་། ལྗགས་རིང་ཞིང་མཛེས་པ་དང་དགུ་ཆོས་ཅན།


GLG013_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུའི་གསུང་ཚངས་དབྱངས་དང་། འགྲམ་པ་སེང་གེ་འདྲ་བ་དང་། ཚེམས་ཤིན་ཏུ་དཀར་བ་དང་། ཚེམས་ཚད་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་ཀྱི་གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། སྤྱན་ནི་མཐོན་མཐིང་དང་། སྤྱན་གྱི་རྫི་མ་བ་མཆོག་འདྲ་བ་དང་བརྒྱད་ཆོས་ཅན། གསུམ་པ་ནི། སྔོན་བླ་མ་རྣམས་ལ་སྐྱེལ་བ་དང་། བསུ་བ་ལ་སོགས་པ་བསྟེན་གོམས་ལན་མང་དུ་བྱས་པས་བསྐྱེད་པའི་ལོངས་སྐུའི་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ཉིད་ཆོས་ཅན། བར་གྱི་ཚིག་སྦྱོར་ཚུལ་ལྷག་མ་རྣམས་ལའང་སྦྱར་རོ། །སྔོན་སྡོམ་པ་ཡང་དག་པར་བླངས་པ་བརྟན་པ་ཉིད་ཀྱིས་བསྐྱེད་པའི་ཞབས་ཀྱི་མཐིལ་རུས་སྦལ་བཞིན་དུ་ཤིན་ཏུ་མཉམ་པར་གནས་པ་ཉིད་ཆོས་ཅན། སྔོན་བསྡུ་བའི་དངོས་པོ་བཞི་བསྟེན་པས་བསྐྱེད་པའི་ཕྱག་དང་ཞབས་ཀྱི་སོར་མོ་ངང་པའི་རྒྱལ་པོ་ལྟར་དྲ་བས་འབྲེལ་བ་ཉིད་ཆོས་ཅན། སྔོན་བཟའ་བ་དང་བཅའ་བ་ལ་སོགས་པ་གྱ་ནོམ་པ་བྱིན་པས་བསྐྱེད་པའི་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་ཆོས་ཅན། སྔོན་བལྡག་པ་ལ་སོགས་པ་ཤིན་ཏུ་གྱ་ནོམ་པ་བྱིན་པས་བསྐྱེད་པའི་ཕྱག་གི་རྒྱབ་གཉིས་དང་ཞབས་ཀྱི་རྒྱབ་གཉིས་དང་ཐལ་གོང་ཕྲག་བར་གཉིས་དང་ལྟག་པའི་ཕྱོགས་ཤས་ཁེངས་ནས་མཐོ་བའི་བདུན་མཐོ་བ་ཉིད་ཆོས་ཅན། སྔོན་གསད་པར་བྱ་བ་བཅིངས་པ་སོགས་ལས་ཐར་པར་བྱས་པས་བསྐྱེད་པའི་ཕྱག་ཞབས་ཀྱི་སོར་མོ་རིང་བ་ཉིད་ཆོས་ཅན། སྔོན་གཞན་གྱི་སྲོག་འཚོ་བ་ལ་ཕན་བཏགས་པ་ཉིད་ཀྱིས་བསྐྱེད་པའི་རྟིང་པ་ཡངས་པ་ཉིད་ཆོས་ཅན། སྔོན་སྲོག་གཅོད་པ་སྤངས་པ་ཉིད་ཀྱིས་བསྐྱེད་པའི་སྐུ་གཞན་ལས་ཆེ་ཞིང་དྲང་བ་ཉིད་ཆོས་ཅན། སྔོན་སྦྱིན་སོགས་དགེ་བའི་ཆོས་ཡང་དག་པར་ཏེ་ལེགས་པར་བླངས་པར་བསྐྱེད་པའི་ཞབས་པུས་མོའི་ལྷ་ང་དང་ལོང་བུ་མི་མངོན་པ་


GLG013_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཆོས་ཅན། སྔོན་དགེ་བ་ཡང་དག་པར་ཏེ་ལེགས་པར་བླངས་པ་གཞན་ལ་སྤེལ་བས་བསྐྱེད་པའི་སྐུའི་སྤུ་རེ་རེ་ནས་གྱེན་དུ་ཕྱོགས་པ་ཉིད་ཆོས་ཅན། སྔོན་གཞན་ལ་གསོ་བ་རིག་པ་དང་བཟོ་ལ་སོགས་པ་གུས་པར་བྱས་ཏེ་བྱིན་པས་བསྐྱེད་པའི་བྱིན་པ་རི་དྭགས་ཨེ་ན་ཡའི་ལྟ་བུ་ཆོས་ཅན། སྔོན་རང་ལ་ནོར་བདོག་པ་ལ་སློང་བ་པོའི་སྐྱེ་བོ་ཕྱིར་མ་སྤངས་པས་བསྐྱེད་པའི་ཕྱག་རིང་ཞིང་མཛེས་པ་ཉིད་ཆོས་ཅན། སྔོན་སྐྱེ་བོ་ཐམས་ཅད་ཚངས་པར་སྤྱོད་པ་ཡང་དག་པར་ཏེ་ལེགས་པར་ལེན་དུ་འཇུག་པ་དང་གཞན་ལ་གསང་བར་འོས་པའི་གསང་ཚིག་བསྲུངས་པས་བསྐྱེད་པའི་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཉིད་ཆོས་ཅན། སྔོན་གཞན་ལ་གདིང་བ་གྱ་ནོམ་པ་བྱིན་པས་བསྐྱེད་པའི་པགས་པའི་མདོག་གསེར་འདྲ་བར་དག་ཅིང་གསལ་བ་ཉིད་ཆོས་ཅན། སྔོན་གཞན་ལ་ཁང་བཟང་ལ་སོགས་པ་དམ་པ་བྱིན་པས་བསྐྱེད་པའི་པགས་པ་གསེར་དངུལ་ཤིན་ཏུ་སྦྱངས་པ་ལྟར་འཇམ་པ་ཉིད་ཆོས་ཅན། སྔོན་འདུ་འཛི་དང་རྣམ་གཡེང་ལ་སོགས་པ་ཡོངས་སུ་སྤངས་པས་བསྐྱེད་པའི་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་ཉིད་ཆོས་ཅན། སྔོན་སྐྱེ་བོ་བླ་མ་ཐམས་ཅད་ལ་མིའི་གནས་ཇི་ལྟ་བ་བཞིན་དུ་བཀུར་ཞིང་བཀོད་པས་བསྐྱེད་པའི་ཞལ་མཛོད་སྤུས་བརྒྱན་པ་ཉིད་ཆོས་ཅན། སྔོན་གཞན་རྣམ་པ་ཐམས་ཅད་དུ་ཁ་དྲག་གི་ཚིག་གིས་ཁྱད་དུ་མ་བསད་པས་བསྐྱེད་པའི་རོ་སྟོད་སེང་གེ་འདྲ་བར་འཕེལ་ཀ་ཆེ་བ་ཉིད་ཆོས་ཅན། སྔོན་གཞན་གྱིས་སྙན་པར་སྨྲ་བ་དང་ལེགས་པར་སྨྲ་བའི་རྗེས་སུ་མཐུན་པར་བྱས་པས་བསྐྱེད་པའི་དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་ཆོས་ཅན། སྔོན་གཞན་ལ་སྨན་ལ་སོགས་པ་བྱིན་པས་བསྐྱེད་པའི་དཔུང་མགོ་ཕན་ཚུན་བར་གྱི་ཐལ་གོང་རྒྱས་


GLG013_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཆོས་ཅན། སྔོན་སྐྱེ་བོ་ནད་པའི་གཡོག་དང་རིམ་གྲོ་སོགས་བྱས་པས་བསྐྱེད་པའི་རོ་མི་ཞིམ་པའང་རོ་བྲོ་བའི་མཆོག་ཏུ་སྣང་ཞིང་མཁྱེན་པ་ཉིད་ཆོས་ཅན། ནགས་ཚལ་དང་ཀུན་དགའ་ར་བ་དང་སྐྱེད་ཚལ་ལ་སོགས་པ་བྱེད་པ་གཞན་ཡང་དག་པར་ཏེ་ལེགས་པར་ལེན་དུ་བཅུག་པས་བསྐྱེད་པའི་ཤིང་ནྱ་གྲོ་དྷ་ལྟར་སྐུའི་ཡན་མན་དང་འདོམ་མཉམ་པའི་ཆུ་ཞེང་གབ་པ་ཉིད་ཆོས་ཅན། སྔོན་གཞན་ལ་གཙུག་ལག་ཁང་དང་ཁང་བཟང་ལ་སོགས་པ་ལྷག་པར་བྱིན་པས་བསྐྱེད་པའི་དབུའི་གཙུག་ཏོར་ཟླུམ་ཞིང་ཀུན་ནས་མཉམ་པ་གཡས་སུ་འཁྱིལ་བ་དང་ལྡན་པ་ཉིད་ཆོས་ཅན། སྔོན་གཞན་ལ་ཚིག་འཇམ་པོ་དང་སྙན་ལ་མཉེན་པ་ལ་སོགས་པ་གསུངས་པས་བསྐྱེད་པའི་ཨུཏྤལ་དམར་པོའི་ཁ་དོག་འདྲ་ཞིང་སྙན་གྱི་བུག་པ་དང་སྐྲ་མཚམས་ཀྱི་བར་ཁེབས་པའི་ལྗགས་རིང་བ་ཉིད་ཆོས་ཅན། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་རྣམས་ལ་གསུང་གཅིག་གིས་རང་རང་གི་སྐད་དང་མཐུན་པར་དམ་པའི་ཆོས་གོ་བར་བྱས་པས་བསྐྱེད་པའི་ཡན་ལག་ལྔ་ལྡན་གྱི་ཚངས་པའི་དབྱངས་དང་ལྡན་པ་ཉིད་ཆོས་ཅན། སྔོན་ཚིག་བསྐྱལ་པ་སྤངས་པས་སྐྱེད་པའི་འགྲམ་པ་སེང་གེའི་འདྲ་བར་ཟླུམ་ཞིང་རྒྱས་པ་ཉིད་ཆོས་ཅན། སྔོན་སྐྱེ་བོ་ཐམས་ཅད་ལ་བཀུར་བ་དང་ལ་སོགས་པ་བསྟོད་པ་དང་བསྔགས་པས་བསྐྱེད་པའི་ཚེམས་དཀར་བ་ཉིད་ཆོས་ཅན། ལོག་འཚོ་ལྔ་སྤངས་པའི་འཚོ་བ་རྣམ་པར་དག་པ་ཉིད་ཀྱིས་ཚེམས་མཐོ་དམའ་མེད་པར་མཉམ་པ་ཉིད་ཆོས་ཅན། སྔོན་བདེན་པའི་ཚིག་ཉིད་ཀུན་དུ་སྤྱད་པས་བསྐྱེད་པའི་ཚེམས་བར་མཚམས་མ་དོད་པའི་ཐགས་བཟང་བ་ཉིད་ཆོས་ཅན། སྔོན་ཕྲ་མའི་ཚིག་ཀུན་དུ་སྤངས་པས་བསྐྱེད་པའི་ཚེམས་ཡན་མན་གཉིས་ཀར་ཉི་ཤུ་ཚང་བའི་བཞི་བཅུ་མངའ་བ་ཉིད་ཆོས་ཅན།


GLG013_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བལྟས་པས་བསྐྱེད་པའི་སྤྱན་དཀར་ནག་མ་འདྲེས་ཤིང་དམར་པོའི་ར་རི་དང་མ་འབྲེལ་བར་ནོར་བུ་མཐོན་མཐིང་དང་འདྲ་བ་ཉིད་ཆོས་ཅན། སྔོན་བསྐལ་པ་གྲངས་མེད་གསུམ་དུ་སེམས་ཅན་རྣམས་ལ་སེམས་ཁོང་ཁྲོ་བ་དང་། ལ་སོགས་པས་ཆགས་པ་དང་རྨོངས་པ་མེད་པར་ལྟ་བ་བསྟེན་གོམས་ལན་མང་དུ་བྱས་པས་བསྐྱེད་པའི་ལོངས་སྐུའི་རྫི་མ་སྟེང་འོག་རྣམས་ལེགས་པར་གཞོལ་ཞིང་མ་འདྲེས་པར་གནས་པའི་བའི་རྫི་མ་ལྟ་བུ་ཉིད་ཆོས་ཅན། གཉིས་པ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། འདི་ལ་མཚན་ནི། ཞེས་སོགས་ཀྱི་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། མཚན་རྣམས་ཀྱི་རྒྱུ་རྣམས་གྲུབ་པས་འབྲས་བུ་མཚན་གྲུབ་པ་ཤེས་པའི་ཆེད་ཡིན་པའི་ཕྱིར། ལོངས་སྐུ་འདི་ལ་ཆོས་ཅན། མཚན་ནི་སོ་གཉིས་པོ་འདི་དག་ཡང་དག་པར་འགྲུབ་སྟེ། མཚན་སོ་གཉིས་ནི་གང་དང་གང་གིས་སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་དང་དེ་ནི་རབ་ཏུ་རྫོགས་པ་དེས་ནའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་འབྱུང་སྟེ། འབྱུང་ཚུལ་ནི་འགྲེལ་པ་འདིའི་རྩ་བར་ཇི་ལྟར་བཤད་པ་ལྟར་ཡིན་པའི་ཕྱིར། གསུམ་པ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། རྒྱུ་འབྲས་ཀྱི་འབྲེལ་པ་བཤད་པ་དེའི་འོག་ཏུ་བར་སྐབས་ཀྱི་ཚིགས་སུ་བཅད་པ་དག་གིས་མཚན་གྱི་རྒྱུ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། མཚན་སུམ་ཅུ་རྩ་གཉིས་ཀྱི་རྒྱུ་དེ་གང་ཡིན་ཞེ་ན་དེའི་ལན་གདབ་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། མདོ་ལས་ཇི་སྐད་འབྱུང་བ་བཞིན་གྱི་བླ་མ་སྐྱེལ་བ་ལ་སོགས་པ་དང་། སྡོམ་པ་ཡང་


GLG013_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བླངས་པ་བརྟན་པ་དང་། བསྡུ་བ་བཞི་བསྟེན་པ་དང་། གྱ་ནོམ་པའི་དངོས་པོ་གཞན་ལ་སྦྱིན་པ་དང་། གསད་པར་བྱ་བ་ཐར་པར་བྱེད་པ་དང་། དགེ་བའི་ཆོས་ནི་ཡང་དག་པར་བླངས་པ་སྤེལ་བ་ལ་སོགས་པ་ཆོས་ཅན། མཚན་སུམ་ཅུ་རྩ་གཉིས་ཀྱི་རྒྱུའི་མཚན་ཉིད་ཡིན་ཏེ། དེ་སྔར་མེད་གསར་དུ་སྒྲུབ་བྱེད་ཡིན་པའི་ཕྱིར། གསུམ་པ་ནི། མཚན་གྱི་རྒྱུ་འཆད་པའི་ཚིག་ལེའུར་བྱས་པ་འདི་གཉིས་ནི་ཆོས་ཅན། ཡང་ཁྱོད་ཀྱི་དོན་འཆད་བྱེད་ཀྱི་འགྲེལ་པ་རྒྱས་པར་འདིར་མི་བྲི་བའི་རྒྱུ་མཚན་ཡོད་དེ། གོང་ཉིད་དུ་མཚན་གྱི་ངོ་བོ་བཤད་པར་ཁྱོད་ཀྱི་དོན་རྒྱས་པར་དཀྲོལ་ཟིན་པ་དེའི་ཕྱིར། སྨྲས་པ། སྤུ་སྡུག་རྣམ་པར་བཀྲ་བའི་མདོངས་མཐའ་ལ། །བྱིས་པའི་ངང་ཚུལ་ཅན་རྣམས་ཡ་མཚན་ན། །ངོ་མཚར་མཚན་དཔེའི་སྣང་བ་རྒྱ་མཚོ་ཡིས། །བློ་གསལ་སྐྱེ་བོའི་བརྟན་པ་ཅིས་མི་འཕྲོག །ཀུན་མཁྱེན་རྒྱལ་བའི་གོ་སར་རློམ་པ་རྣམས། །ལས་ཉོན་གྱིས་འཕངས་ལུས་ཀྱི་རང་མཚང་དང་། །བསྟན་ཚེ་དར་ཟབ་བླ་གོས་ལྷབ་ལྷུབ་ཀྱིས། །སྒྲིབ་གཡོགས་བྱས་ཀྱང་མིག་ལྡན་ཕལ་གྱིས་མཐོང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་དཔེ་བྱད་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། དེ་ལྟར་མཚན་བཟང་པོ་སུམ་ཅུ་རྩ་གཉིས་པོ་རྣམས་བརྗོད་ནས་བར་སྐབས་ཀྱི་ཚིགས་སུ་བཅད་པ་བཅུ་གཉིས་ཀྱིས་དཔེ་བྱད་བཟང་པོ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། དཔེ་བྱད་བཟང་པོ་བརྒྱད་ཅུ་པོ་གང་ཡིན་ཞེ་ན་དེ་རྣམས་རེ་རེ་ནས་ངོས་གཟུང་ནས་བཤད་པའི་ཕྱིར། གཉིས་པ་ནི། ཐུབ་པའི་སེན་མོ་ཟངས་མདོག་ལྟ་བུ་དང་། དེའི་མདོག་སྣུམ་པ་དང་། དེ་མཐོ་བ་དང་། སོར་མོ་རྣམས་ཟླུམ་པ་དང་། དེ་རྒྱས་པ་དང་། དེ་བྱིན་གྱིས་ཕྲ་བ་དང་། ལུས་ཀྱི་རྩ་མི་མངོན་པ་དང་། རྩའི་མདུད་པ་མེད་པ་དང་། ལོང་བུ་མི་མངོན་པ་དང་། ཞབས་རིང་


GLG013_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་མཉམ་པ་དང་བཅུ་ཆོས་ཅན། སངས་རྒྱས་ཀྱི་དཔེ་བྱད་བཟང་པོར་བཞེད་དེ། ཕྱི་རོལ་ཏུ་གཞན་ལ་སྣང་བའི་རྟགས་ཀྱི་ཁྱད་པར་གྱིས་ནང་གི་ཡོན་ཏན་གོ་བར་བྱེད་པ་དང་། གཞན་རྒྱུད་ལ་བསྒོ་བར་བྱེད་ཅིང་རང་གི་གཙོ་བོར་གྱུར་པའི་མཚན་རྣམས་ཀྱི་འཁོར་ཡིན་པའི་ཕྱིར། ཆོས་ཅན་གྱི་ཐོག་མ་དང་། ཆོས་རྟགས་གཉིས་ལྷག་མ་རྣམས་ལའང་སྦྱར་རོ། །སེང་གེའི་དང་། གླང་ཆེན་གྱི་དང་། བྱ་ངང་པའི་དང་ནི། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་། གཡས་ཕྱོགས་སུ་དང་། མཛེས་པར་གཤེགས་པ་དང་། དྲང་པོར་དང་། སྐུ་འཁྲིལ་བག་ཆགས་པ་དང་། སྐུ་བྱི་དོར་བྱས་པ་འདྲ་བ་དང་། སྐུ་སྦོམ་ཕྲ་སོགས་རིམ་པར་འཚམ་པ་དང་བཅུ་ཆོས་ཅན། སྐུ་གཙང་བ་དང་། སྐུ་འཇམ་པ་དང་། སྐུ་དག་པའི་ཁྱད་པར་དང་། མཚན་རྣམས་ནི་ཡོངས་སུ་རྫོགས་པ་དང་། སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་བ་དང་། གོམ་པ་ཆེ་ཆུང་མེད་པར་སྙོམས་པ་དང་། སྤྱན་གཉིས་ནི་ར་རི་སོགས་མེད་པར་རྣམ་པར་དག་པ་དང་། སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང་། སྐུ་ཞུམ་པ་མེད་པ་དང་། སྐུ་རྒྱས་པ་དང་བཅུ་ཆོས་ཅན། སྐུ་ཤིན་ཏུ་གྲིམས་པའི་ཁྱད་པར་ཉིད་དང་། ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེད་པ་དང་། གཟིགས་པ་གློ་བུར་གྱི་སྒྲིབ་པ་མེད་ཅིང་དག་པ་དང་། སྐེད་སྐབས་མཚམས་གྱི་དཀུ་ཟླུམ་པ་དང་། དཀུ་སྐབས་ཕྱིན་པ་དང་། དཀུ་མ་སྙོངས་པ་དང་། ཕྱལ་མཐོ་དམན་མེད་པར་ཕྱང་ངེ་བ་དང་། ལྟེ་བ་ནི་གཏིང་ཟབ་པ་དང་། ལྟེ་བའི་རི་མོ་གཡས་ཕྱོགས་སུ་འཁྱིལ་བ་དང་། སྤྱོད་ལམ་ཀུན་ནས་ལྟ་ན་སྡུག་པ་དང་བཅུ་ཆོས་ཅན། ཀུན་དུ་སྤྱོད་པ་གཙང་བ་དང་། སྐུ་ལ་ནི་སྨེ་བ་དང་གནག་བག་མེད་པ་དང་། ཕྱག་ནི་ཤིང་བལ་ལྟར་འཇམ་པ་དང་། ཕྱག་རིས་མདངས་ཡོད་པ་དང་། དེ་ཟབ་པ་དང་། དེ་རིང་བ་དང་།


GLG013_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ནི་ཧ་ཅང་མི་རིང་བ་དང་། མཆུ་ནི་བིམ་པ་ལྟར་དམར་པ་དང་། ལྗགས་མཉེན་པ་དང་། ལྗགས་སྲབ་པ་དང་བཅུ་ཆོས་ཅན། ལྗགས་དམར་བ་དང་། གསུང་འབྲུག་གི་སྒྲ་ལྟ་བུ་ཉིད་དང་། གསུང་སྙན་ཅིང་མཉེན་ལ་འཇམ་པ་དང་། མཆེ་བ་ཟླུམ་པ་དང་། དེ་རྣོ་བ་དང་། དེ་དཀར་བ་དང་། དེ་རིང་ཐུང་མེད་པར་མཉམ་པ་དང་། དེ་བྱིན་གྱིས་ཕྲ་བ་དང་། ཤངས་ཀྱི་གཟེངས་མཐོ་བ་དང་། ཤངས་སྣབས་སོགས་ཀྱིས་མཆོག་ཏུ་དག་པ་དག་དང་ནི་བཅུ་ཆོས་ཅན། སྤྱན་ཡངས་པ་དང་། རྫི་མ་སྟུག་པ་དང་། སྤྱན་པདྨའི་འདབ་མ་རངས་པ་འདྲ་བ་དང་། སྨིན་ཚུགས་རིང་བ་དང་། སྨིན་མ་འཇམ་པ་དང་། དེ་སྣུམ་པ་དང་། དེའི་སྤུ་ནི་མཉམ་པ་དང་། ཕྱག་རིང་ཤིང་རྒྱས་པ་དང་། སྙན་རིང་ཐུང་སོགས་མེད་པར་མཉམ་པ་དང་། སྙན་གྱི་དབང་པོ་ཉམས་པ་རྣམ་པར་སྤངས་པ་དང་བཅུ་ཆོས་ཅན། དཔྲལ་བ་ལེགས་པར་འབྱེད་པ་དང་། དེ་དབྱེས་ཆེ་བ་དང་། དབུ་རྒྱས་པ་དང་། དབུ་སྐྲ་བུང་བ་ལྟར་གནག་པ་དང་། དེ་སྟུག་པ་དང་། དེ་འཇམ་པ་དང་། དེ་མ་འཛིངས་པ་དང་། དེ་མི་གཤོར་བ་དང་། དེ་དྲི་ཞིམ་པོས་སྐྱེས་བུ་ཡི་ཡིད་ནི་འཕྲོག་པར་བྱེད་པ་དང་། ཕྱག་ཞབས་ལ་དཔལ་གྱི་བེའུ་དང་བཀྲ་ཤིས་ཀྱི་རི་མོ་ནི་གཡུང་དྲུང་འཁྱིལ་བས་བརྒྱན་པ་དང་བཅུ་ཆོས་ཅན། གསུམ་པ་ནི། ལོངས་སྐུ་ཆོས་ཅན། སེན་མོ་ཟངས་ཀྱི་མདོག་ལྟ་བུ་ཉིད་དང་ལྡན་ཏེ། འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་མཐར་ཕྱིན་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་ཡིན་པའི་ཕྱིར། ཆོས་ཅན་དང་། རྟགས་ཀྱི་ཕྱི་ཟུར་གྱི་ཁྱད་པར་གཉིས་ལྷག་མ་རྣམས་ལའང་ཅི་རིགས་པར་སྦྱར་རོ། །ཆོས་ཅན། སེན་མོའི་མདོག་སྣུམ་པ་ཉིད་དང་ལྡན་ཏེ། སེམས་ཅན་ཐམས་ཅད་ལ་ཕུགས་སུ་ཕན་པའི་ལྷག་པའི་བསམ་པ་ཉིད་ཀྱི་ཕྱིར། ཆོས་ཅན། སེན་མོ་མཐོ་བ་ཉིད་དང་ལྡན་ཏེ། མིའི་རིགས་ཀྱི་མཆོག་ལས་སྐྱེས་པའི་


GLG013_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཆོས་ཅན། སོར་མོ་རྣམས་ཟླུམ་པ་ཉིད་དང་ལྡན་ཏེ། དེ་སྒྲུབ་པའི་སྤྱོད་ཚུལ་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱི་ཕྱིར། ཆོས་ཅན། སོར་མོ་རྣམས་རྒྱས་པ་ཉིད་དང་ལྡན་ཏེ། སྔོན་དགེ་བའི་རྩ་བ་བསགས་པ་ཉིད་ཀྱི་ཕྱིར། ཆོས་ཅན། སོར་མོ་རྣམས་བྱིན་གྱིས་ཕྲ་བ་ཉིད་དང་ལྡན་ཏེ། ཐེག་པ་གསུམ་གྱི་རྟོགས་རིགས་ལ་ཡང་དག་པར་ཏེ་ལེགས་པར་མཐར་གྱིས་ཞུགས་པ་ཉིད་ཀྱི་ཕྱིར། ཆོས་ཅན། ལུས་ཀྱི་རྩ་ཕྱིར་མི་མངོན་པ་ཉིད་དང་ལྡན་ཏེ། སྔོན་ལུས་ལ་སོགས་པའི་ལས་ལམ་མི་དགེ་བ་བཅུ་དང་ལོག་པར་འཚོ་བ་རབ་ཏུ་བསྲུངས་པ་ཉིད་ཀྱི་ཕྱིར། ཆོས་ཅན། རྩ་མདུད་པ་མེད་པ་ཉིད་དང་ལྡན་ཏེ། ཉོན་མོངས་པའི་མདུད་པ་འགྲོལ་ཞིང་གྲོལ་བ་ཉིད་ཀྱི་ཕྱིར། ཆོས་ཅན། ཞབས་ཀྱི་ལོང་བུ་ཆུང་ངུའང་མི་མངོན་པ་ཉིད་དང་ལྡན་ཏེ། གསང་བའི་གནས་ཟབ་མོ་རྟོགས་པའི་སྒོ་ནས་ཤིན་ཏུ་སྦས་པའི་ཆོས་ཀྱི་བློ་གྲོས་ཅན་ཉིད་ཀྱི་ཕྱིར། ཆོས་ཅན། ཞབས་མི་མཉམ་པ་མེད་པ་ཉིད་དང་ལྡན་ཏེ། འཁོར་བ་སོགས་བགྲོད་པར་དཀའ་བའི་གནས་ཐམས་ཅད་ལས་སྐྱེ་བོ་སྒྲོལ་བར་མཛད་པ་ཉིད་ཀྱི་ཕྱིར། ཆོས་ཅན། སེང་གེའི་སྟབས་སུ་གཤེགས་པ་ཉིད་དང་ལྡན་ཏེ་མི་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱི་ཕྱིར། ཆོས་ཅན། གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང་ལྡན་ཏེ། ཀླུ་གདུག་པ་སོགས་ཟིལ་གྱིས་གནོན་པ་ལ་མཁས་པ་ཉིད་ཀྱི་ཕྱིར། ཆོས་ཅན། ངང་པའི་སྟབས་སུ་གཤེགས་པ་ཉིད་དང་ལྡན་ཏེ། བྱ་ལྟར་ནམ་མཁའ་ལ་གཤེགས་པར་མཁས་པ་ཉིད་ཀྱི་ཕྱིར། ཆོས་ཅན། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང་ལྡན་ཏེ། འདོད་པའི་གནས་སུ་སེམས་ཅན་གྱི་སྣ་འདྲེན་པའི་སྐྱེས་བུའི་ཁྱུ་མཆོག་ཏུ་མཁས་པ་ཉིད་ཀྱི་ཕྱིར། ཆོས་


GLG013_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་ཉིད་དང་ལྡན་ཏེ། སྐོར་ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པ་ཉིད་ཀྱི་ཕྱིར། ཆོས་ཅན། མཛེས་པར་གཤེགས་པ་ཉིད་དང་ལྡན་ཏེ། ལྟ་ན་སྡུག་ཅིང་མཛེས་པར་གཤེགས་པ་ལ་མཁས་པ་ཉིད་ཀྱི་ཕྱིར། ཆོས་ཅན། མི་གཡོ་བར་གཤེགས་པ་ཉིད་དང་ལྡན་ཏེ། རྟག་ཏུ་དམན་པའི་ཡིད་བྱེད་ཀྱི་གྱ་གྱུ་མི་མངའ་བ་ཉིད་ཀྱི་ཕྱིར། ཆོས་ཅན། ཤ་རྒྱས་ཤིང་འགྱིང་ལེགས་པའི་སྐུ་འཁྲིལ་བག་ཆགས་པ་ཉིད་དང་ལྡན་ཏེ། གཞན་གྱི་ཡོན་ཏན་ཡང་དག་པར་བརྗོད་པར་མཛད་པ་ཉིད་ཀྱི་ཕྱིར། ཆོས་ཅན། སྐུ་བྱི་དོར་བྱས་མ་ཐག་པ་ལྟ་བུར་དག་ཅིང་གཙང་བ་ཉིད་དང་ལྡན་ཏེ། སྒོ་གསུམ་སྡིག་པའི་ཆོས་དང་མ་སྦགས་པ་ཉིད་ཀྱི་ཕྱིར། ཆོས་ཅན། སྐུ་རིམ་པར་འཚམ་པ་ཉིད་དང་ལྡན་ཏེ། གདུལ་བྱའི་བློ་དང་འཚམ་པར་ཆོས་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར། ཆོས་ཅན། སྐུ་རྣམ་པར་དག་པའི་གཙང་སྦྲ་ཉིད་དང་ལྡན་ཏེ། སྐུ་དང་ལ་སོགས་པ་གསུང་དང་ཐུགས་ཀྱི་ཀུན་དུ་སྤྱོད་པ་གཙང་བའི་ཕྱིར། ཆོས་ཅན། སྐུ་འཇམ་པ་ཉིད་དང་ལྡན་ཏེ། ཐུགས་ཐུགས་རྗེ་ཅན་ཉིད་ཀྱི་ཕྱིར། ཆོས་ཅན། སྐུ་རྣམ་པར་དག་པ་ཉིད་དང་ལྡན་ཏེ། ཐུགས་དྲི་མས་རྣམ་པར་དག་པའི་ཕྱིར། ཆོས་ཅན། མཚན་རྫོགས་པ་ཉིད་དང་ལྡན་ཏེ། སྒྲིབ་གཉིས་འཇོམས་པའི་ཆོས་འདུལ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར། ཆོས་ཅན། སྐུའི་ཁོ་ལག་ཁྱོན་ཡངས་ཤིང་ཁྱད་པར་བཟང་བ་ཉིད་དང་ལྡན་ཏེ། ཡངས་ཤིང་མཛེས་པའི་ཡོན་ཏན་བརྗོད་པའི་ཕྱིར། ཆོས་ཅན། གོམ་པ་ཆེ་ཆུང་མེད་པའི་སྙོམས་པ་ཉིད་དང་ལྡན་ཏེ། སེམས་ཅན་ཐམས་ཅད་ལ་ཐུགས་སྙོམས་པའི་ཕྱིར། ཆོས་ཅན། སྤྱན་གཉིས་རྣམ་པར་དག་པ་དང་ལྡན་ཏེ། ཉེས་པ་ཐམས་ཅད་རྣམ་པར་


GLG013_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བྱེད་པའི་ཆོས་སྟོན་པའི་ཕྱིར། ཆོས་ཅན། སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང་ལྡན་ཏེ། དཔེ་དང་བཅས་ནས་ཆོས་གོ་སླ་བར་སྟོན་པའི་ཕྱིར། ཆོས་ཅན། སྐུ་ཞུམ་པ་མེད་པ་ཉིད་དང་ལྡན་ཏེ། བྱ་དཀའ་བའི་གནས་ལ་ཐུགས་རྟག་ཏུ་མ་ཞུམ་པ་ཉིད་ཀྱི་ཕྱིར། ཆོས་ཅན། སྐུ་ཤ་རྒྱས་པ་ཉིད་དང་ལྡན་ཏེ། དགེ་བའི་རྩ་བ་འཇིག་རྟེན་ཐམས་ཅད་ལས་ཡང་དག་པར་འཕགས་པའི་ཕྱིར། ཆོས་ཅན། ཤ་མི་ལྷོད་པར་སྐུ་ཤིན་ཏུ་གྲིབས་པ་ཉིད་དང་ལྡན་ཏེ། ཡང་སྲིད་པ་ལེན་པའི་ལས་ཟད་པ་ཉིད་ཀྱི་ཕྱིར། ཆོས་ཅན། ཡན་ལག་དང་ཉིང་ལག་རིང་ཐུང་སོགས་ཆ་ཕྱེད་པའི་ཤིན་ཏུ་རྣམ་པར་འབྱེད་པ་ཉིད་དང་ལྡན་ཏེ། གདུལ་བྱ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་འབྱུང་དང་ལུགས་ལྡོག་ཤིན་ཏུ་རྣམ་པར་ཕྱེ་བའི་སྒོ་ནས་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར། ཆོས་ཅན། གཟིགས་པ་གློ་བུར་གྱི་རབ་རིབ་མེད་ཅིང་རྣམ་པར་དག་པ་ཉིད་དང་ལྡན་ཏེ། མངོན་མཐོ་ངེས་ལེགས་ལས་བརྩམས་པའི་ཚིག་དོན་གདུལ་བྱ་ལ་ཤིན་ཏུ་རྣམ་པར་དག་པ་སྟོན་པར་མཛད་པའི་ཕྱིར། ཆོས་ཅན། དཀུ་ཟླུམ་པ་ཉིད་དང་ལྡན་ཏེ། སློབ་མ་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གྱུར་པ་ཉིད་ཀྱི་ཕྱིར། ཆོས་ཅན། སྐེད་སྐབས་འཚམ་པའི་སྐུ་སྐབས་ཕྱིན་པ་ཉིད་དང་ལྡན་ཏེ། འཁོར་བའི་ཉེས་སྐྱོན་གྱིས་ཅུང་ཟད་ཀྱང་མ་སྦགས་པ་ཉིད་ཀྱི་ཕྱིར། ཆོས་ཅན། སྐུ་མ་སྙོམས་པ་ཉིད་དང་ལྡན་ཏེ། ང་རྒྱལ་གྱི་འགྱིང་བག་བཅོམ་པ་ཉིད་ཀྱི་ཕྱིར། ཆོས་ཅན། སྐུའི་ཕྱལ་ཕྱང་ངེ་བ་ཉིད་དང་ལྡན་ཏེ། བཤད་བྱའི་ཆོས་ཟད་པ་རྣམ་པར་བཟློག་ནས་ཟད་མི་ཤེས་པར་སྟོན་པ་ཉིད་ཀྱི་ཕྱིར། ཆོས་ཅན། ལྟེ་བ་ཟབ་པ་ཉིད་དང་ལྡན་ཏེ། ཆོས་ཟབ་མོ་རྟོགས་པ་ཉིད་ཀྱི་ཕྱིར། ཆོས་ཅན། ལྟེ་བའི་རི་མོ་གཡས་ཕྱོགས་སུ་


GLG013_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་པ་ཉིད་དང་ལྡན་ཏེ། སློབ་མ་རང་དང་མཐུན་པར་གདམས་ངག་འཛིན་པར་འགྱུར་བ་ཉིད་ཀྱི་ཕྱིར། ཆོས་ཅན། སྤྱོད་ལམ་ཀུན་ནས་མཛེས་པ་ཉིད་དང་ལྡན་ཏེ། འཁོར་ཐམས་ཅད་སྒོ་གསུམ་གྱི་སྤྱོད་པ་ཀུན་ནས་མཛེས་པར་གྱུར་པ་ཉིད་ཀྱི་ཕྱིར། ཆོས་ཅན། སྒོ་གསུམ་གྱི་ཀུན་ཏུ་སྤྱོད་པ་གཙང་བ་ཉིད་དང་ལྡན་ཏེ། ཐུགས་དྲི་མས་གཙང་བ་ཉིད་ཀྱི་ཕྱིར། ཆོས་ཅན། སྐུ་ལ་སྨེ་བ་དང་ནག་བག་མེད་པ་ཉིད་དང་ལྡན་ཏེ། དུས་མ་ཡིན་པའི་ཆོས་འདུལ་བ་སྟོན་པ་དང་བྲལ་བ་ཉིད་ཀྱི་ཕྱིར། ཆོས་ཅན། ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཉིད་དང་ལྡན་ཏེ། ལུས་ལ་སོགས་པ་གསུམ་ཟོ་མདོག་བདེ་བ་འཐོབ་པའི་རྒྱུར་གྱུར་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར། ཆོས་ཅན། ཕྱག་གི་རི་མོ་མདངས་གསལ་བ་ཡོད་པ་ཉིད་དང་ལྡན་ཏེ། རང་གཞན་གྱི་སྐྱེ་བོ་ལ་སེམས་སྙོམས་པ་མཐར་ཕྱིན་པའི་མདངས་ཡོད་པའི་དགེ་སྦྱོང་ཆེན་པོ་བརྙེས་པ་ཉིད་ཀྱི་ཕྱིར། ཆོས་ཅན། ཕྱག་གི་རི་མོ་རྒྱང་རིང་པོ་ནས་གསལ་བའི་ཟབ་པ་ཉིད་དང་ལྡན་ཏེ། ཆོས་ཟབ་མོ་རྟོགས་པ་མཐར་ཕྱིན་པ་ལ་གནས་པ་ཉིད་ཀྱི་ཕྱིར། ཆོས་ཅན། ཕྱག་གི་རི་མོ་རིང་བ་ཉིད་དང་ལྡན་ཏེ། གདུལ་བྱ་ལ་ཕྱི་རྗེས་སུ་ཡང་དག་པར་ཡོངས་སུ་དག་པའི་ཆོས་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར། ཆོས་ཅན། ཞལ་ཧ་ཅང་མི་རིང་བ་ཉིད་དང་ལྡན་ཏེ། གདུལ་བྱ་རྣམས་དང་ཇི་ལྟར་འཚམ་པའི་བསླབ་པ་རབ་ཏུ་མང་པོ་ཀུན་ཏུ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར། ཆོས་ཅན། མཆུ་བིམ་པ་ལྟར་དམར་བ་ཉིད་དང་ལྡན་ཏེ། སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་གཟུགས་བརྙན་དང་འདྲ་བར་རྟོགས་པ་ཉིད་ཀྱི་ཕྱིར། ཆོས་ཅན། ལྗགས་མཉེན་པ་ཉིད་དང་ལྡན་ཏེ། གདུལ་བྱ་རྣམས་ཚིག་འཇམ་པོས་འདུལ་བ་ཉིད་ཀྱི་ཕྱིར། ཆོས་ཅན། ལྗགས་སྲབ་པ་ཉིད་དང་ལྡན་ཏེ། རིགས་པའི་འཐད་པ་མང་པོས་


GLG013_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར། ཆོས་ཅན། ལྗགས་དམར་བ་ཉིད་དང་ལྡན་ཏེ། ཆོས་འདུལ་བ་བྱིས་པའི་སྐྱེ་བོ་བདག་དང་བདག་གི་བ་ལ་ཆགས་པ་ཅན་གྱིས་གཏིང་དཔག་དཀའ་བ་ཉིད་ཀྱི་ཕྱིར། ཆོས་ཅན། གསུང་འབྲུག་གི་སྒྲ་ལྟ་བུ་དང་ལྡན་པ་ཉིད་ཡིན་ཏེ། ཉེས་པ་བཅབ་པར་དོགས་པ་དང་འཇིགས་པ་བསྙེངས་པ་ཐམས་ཅད་མི་མངའ་བ་ཉིད་ཀྱི་ཕྱིར། ཆོས་ཅན། གསུང་སྙན་ཞིང་མཉེན་ལ་འཇམ་པ་ཉིད་དང་ལྡན་ཏེ། རྣ་བར་འཇེབས་པའི་སྙན་པ་ལ་སོགས་པར་གསུང་བ་ཉིད་ཀྱི་ཕྱིར། ཆོས་ཅན། མཆེ་བ་ཟླུམ་པ་ཉིད་དང་ལྡན་ཏེ། རྗེས་སུ་ཆགས་པ་སོགས་སྲིད་པར་ཀུན་དུ་སྦྱོར་བ་དགུ་ཟད་པར་བསྡམས་པ་ཉིད་ཀྱི་ཕྱིར། ཆོས་ཅན། མཆེ་བ་རྣོ་བ་ཉིད་དང་ལྡན་ཏེ། སྐྱེ་བོ་གདུལ་དཀའ་བའི་ཉོན་མོངས་ཤས་ཆེ་བ་རྣམས་འདུལ་བར་མཛད་པ་ཉིད་ཀྱི་ཕྱིར། ཆོས་ཅན། མཆེ་བ་དཀར་བ་ཉིད་དང་ལྡན་ཏེ། ཆོས་འདུལ་བ་ཤིན་ཏུ་དཀར་བ་ཉིད་ཀྱིས་ཉོན་མོངས་འཇོམས་པའི་ཕྱིར། ཆོས་ཅན། མཆེ་བ་མཉམ་པ་ཉིད་དང་ལྡན་ཏེ། འཁོར་འདས་བདེན་སྟོང་མཉམ་པ་ཉིད་དུ་རྟོགས་པའི་ས་ལ་གནས་པ་ཉིད་ཀྱི་ཕྱིར། ཆོས་ཅན། མཆེ་བ་བྱིན་གྱིས་ཕྲ་བ་ཉིད་དང་ལྡན་ཏེ། མཐར་གྱིས་ཐེག་པ་གསུམ་གྱི་མངོན་པར་རྟོགས་པ་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར། ཆོས་ཅན། ཤངས་གཟེངས་མཐོ་བ་ཉིད་དང་ལྡན་ཏེ། ཐབས་ཤེས་ཡོངས་སུ་རྫོགས་པའི་ཤེས་རབ་མཆོག་ལ་གནས་པ་ཉིད་ཀྱི་ཕྱིར། དེ་ཆོས་ཅན། ཤངས་སྣབས་སོགས་ཀྱིས་གཙང་པ་ཉིད་དང་ལྡན་ཏེ། གདུལ་བྱའི་སྐྱེ་བོ་ཡིད་ཆེས་པའི་གཙང་མ་ཕུན་སུམ་ཚོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར། ཆོས་ཅན། སྤྱན་ཡངས་པ་ཉིད་དང་ལྡན་ཏེ། ཐེག་ཆེན་གྱི་ཆོས་གྲངས་མེད་པ་ཤིན་ཏུ་རྒྱ་ཆེ་བ་སྟོན་པའི་


GLG013_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དེ་ཆོས་ཅན། རྫི་མ་སྟུག་པ་ཉིད་དང་ལྡན་ཏེ། སེམས་ཅན་གྱི་ཚོགས་མཐའ་ལས་འདས་པ་འཁོར་བ་ནས་དྲངས་པ་ཉིད་ཀྱི་ཕྱིར། དེ་ཆོས་ཅན། སྤྱན་དཀར་ནག་མ་འདྲེས་པར་འབྱེས་ཤིང་པད་མའི་འདབ་མ་རངས་པ་ལྟ་བུ་ཉིད་དང་ལྡན་ཏེ། ལྷ་མི་དང་ལྷ་མིན་གྱི་འགྲོ་བ་གཞོན་ནུ་མ་ཐམས་ཅད་མངོན་པར་མགུ་བར་མཛད་པ་ཉིད་ཀྱི་ཕྱིར། ཆོས་ཅན། སྨིན་ཚུགས་རིང་བ་ཉིད་དང་ལྡན་ཏེ། འགྲོ་བ་ལ་རྟག་ཏུ་མ་འོངས་པ་ན་ཅིར་འགྱུར་ཕྱི་རྗེས་སུ་གཟིགས་པ་ཉིད་ཀྱི་ཕྱིར། ཆོས་ཅན། སྨིན་མ་འཇམ་པ་ཉིད་དང་ལྡན་ཏེ། མེ་ལྔ་བསྟེན་པ་སོགས་མིན་པའི་ཆོས་འདུལ་བ་འཇམ་པོས་གདུལ་བྱ་འདུལ་བ་ལ་མཁས་པ་ཉིད་ཀྱི་ཕྱིར། ཆོས་ཅན། སྨིན་མ་སྣུམ་པ་ཉིད་དང་ལྡན་ཏེ། ཐུགས་ཀྱི་རྒྱུད་དགེ་བས་ཡོངས་སུ་བརླན་པ་ཉིད་ཀྱི་ཕྱིར། ཆོས་ཅན། སྨིན་མའི་སྤུ་མཉམ་པ་ཉིད་དང་ལྡན་ཏེ། དུས་ཀུན་ཏུ་ཉོན་མོངས་ཀྱི་སྐྱོན་གཟིགས་པ་ཉིད་ཀྱི་ཕྱིར། ཆོས་ཅན། ཕྱག་རིང་ཞིང་རྒྱས་པ་ཉིད་དང་ལྡན་ཏེ། སེམས་ཅན་གྱི་མཆོག་ཏུ་གནོད་པ་འཁོར་བ་སྤྱི་དང་ངན་འགྲོའི་རྒྱུ་བཟློག་པར་མཛད་པ་ཉིད་ཀྱི་ཕྱིར། ཆོས་ཅན། སྙན་མཉམ་པ་ཉིད་དང་ལྡན་ཏེ། རྒྱལ་བ་དགའ་བའི་འདོད་ཆགས་ལ་སོགས་པའི་གཡུལ་ལས་རྣམ་པར་རྒྱལ་བ་ཉིད་ཀྱི་ཕྱིར། དེ་ཆོས་ཅན། སྙན་གྱི་དབང་པོ་མ་ཉམས་པ་ཉིད་དང་ལྡན་ཏེ། གདུལ་བྱའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་མ་ཉམས་པར་བདེ་བ་ལ་བཀོད་ཅིང་། འགོད་པར་མཛད་པ་ཉིད་ཀྱི་ཕྱིར། ཆོས་ཅན། དཔྲལ་བ་ལེགས་པར་འབྱེས་པ་ཉིད་དང་ལྡན་ཏེ། ལྟ་བ་ངན་པ་དྲུག་ཅུ་རྩ་བཞིར་བྱས་པ་ཐམས་ཅད་ཀྱིས་ཐུགས་གཞན་དུ་མི་འགྱུར་བ་ཉིད་ཀྱི་ཕྱིར། ཆོས་ཅན། དཔྲལ་བ་དབྱེས་ཆེ་བ་ཉིད་དང་ལྡན་ཏེ། ལོག་པར་སྨྲ་བ་ཐམས་ཅད་འཇོམས་པར་མཛད་པ་ཉིད་ཀྱི་ཕྱིར། ཆོས་ཅན། དབུ་གདུགས་


GLG013_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཤིན་ཏུ་རྒྱས་པ་ཉིད་དང་ལྡན་ཏེ། གཞན་དོན་དུ་སངས་རྒྱས་འཐོབ་པར་སྨོན་པའི་སྨོན་ལམ་གྱི་མཆོག་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར། ཆོས་ཅན། དབུ་སྐྲ་བུང་བ་ལྟར་གནག་པ་ཉིད་དང་ལྡན་ཏེ། གཟུགས་སྒྲ་ལ་སོགས་པའི་ཡུལ་གྱི་དགའ་བ་ཉོན་མོངས་ས་བོན་དང་བཅས་པ་ཐམས་ཅད་བཟློག་པར་མཛད་པ་ཉིད་ཀྱི་ཕྱིར། ཆོས་ཅན། དབུ་སྐྲ་བར་མཚམས་མེད་པར་སྟུག་པ་ཉིད་དང་ལྡན་ཏེ། མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་བག་ལ་ཉལ་ཟད་པར་སྤངས་པ་ཉིད་ཀྱི་ཕྱིར། ཆོས་ཅན། དབུ་སྐྲ་འཇམ་པ་ཉིད་དང་ལྡན་ཏེ། མཐར་འཛིན་གྱི་རྩུབ་བག་མེད་པའི་བློ་འཇམ་པོས་བསྟན་པ་ཡོངས་སུ་ཤེས་པ་ཉིད་ཀྱི་ཕྱིར། ཆོས་ཅན། དབུ་སྐྲ་མ་འཛིངས་པ་ཉིད་དང་ལྡན་ཏེ། ཐུགས་འདོད་ཆགས་ལ་སོགས་པས་མ་འཁྲུག་པ་ཉིད་ཀྱི་ཕྱིར། ཆོས་ཅན། དབུ་སྐྲ་མི་རྩུབ་པའི་མི་གཤོར་པ་ཉིད་དང་ལྡན་ཏེ། རྟག་ཏུ་ཚིག་མི་རྩུབ་པར་ཚིག་རྩུབ་སྤངས་པ་ཉིད་ཀྱི་ཕྱིར། ཆོས་ཅན། དབུ་སྐྲ་དྲི་ཞིམ་པ་ཉིད་དང་ལྡན་ཏེ། དཀོན་མཆོག་གི་མདུན་དུ་བྱང་ཆུབ་ཀྱི་རྒྱུར་གྱུར་བའི་ཡན་ལག་གི་མེ་ཏོག་བཀྲམ་པ་ཉིད་ཀྱི་ཕྱིར། ཆོས་ཅན། ཕྱག་དང་ཞབས་ཀྱི་མཐེ་བོང་ལ་དཔལ་གྱི་བེའུ་དང་། མཐིལ་ལ་བཀྲ་ཤིས་དང་། སྲིན་ལག་ལ་སོགས་པའི་ཞབས་ན་གཡུང་དྲུང་འཁྱིལ་བས་བརྒྱན་པའི་སྐུ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་མཛེས་པར་གྱུར་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་ངེས་པ་ལྔ་ལྡན་
གྱི་གཟུགས་སྐུ་མཐར་ཐུག་ཡིན་པའི་ཕྱིར།


previousལོངས་སྐུ་བཤད་པ།next