ཨ་ཙ་ར་དམར་ཆུང་གི་ལུགས་ཀྱི་ཐོག་སེར་སྲུང་ཐབས།
ཨོཾ་སྭསྟི། འདིར་ཨ་ཙ་ར་དམར་ཆུང་གི་ལུགས་ཀྱི་ཐོག་སེར་སྲུང་ཐབས་ནི། རྡོ་ལེབ་གཙང་མ་ལ་འཁོར་ལོ་མུ་ཁྱུད་བཞི་བསྐོར་བའི་ལྟེ་བར་ཆོས་འབྱུང་བཞི་བརྩེགས་བསྣོལ་མའི་རྩེ་མོ་བཅུ་གཉིས་པའི་ལྟེ་བར་ཨཱཿཡིག་དང་རྩེ་མོ་བཅུ་གཉིས་ལ་མགོ་ནས་བརྩམ་སྟེ་ཡིག་མགོ་ཕྱིར་བསྟན་ལ། དྷ་དྷ་སྭཱ་རྟ་ཧ་ཙ་ལ་རྩ་པ་ཧཱ་གྷ་ཅ། ཞེས་པ་རེ་རེ་བཞིན་དུ་བྲི། དེ་ཡི་ཕྱི་རིམ་མུ་ཁྱུད་ལ། ཨེ་ཀ་ཧེ་དུན་མ་མ་སྙིང་ཁྲག་རཾ་ཙ་ཡཾ་ཨེ་མྱོག་ཡབ་ཧུབ་མྲུག་ཤ་དུཾ། ཡུལ་ཕྱོགས་འདི་རྣམས་ལ་སེར་བ་མ་གཏང་ཅིག །ཅེས་དང་། དེའི་ཕྱི་རིམ་ལ། ཨེ་ཀ་ཧེ་དུན་མ་མ་རཀྵ་ཛ་མུན་ཏྲི་དཾ་མ་ཏྲིང་ཤུ་སྙིང་ལ་སརྦ་འདུ་རུ་རཾ་ཐོག་སེར་ཨུར་ནན། སརྦ་ཙིཏྟ་གཟེར་ཐུམ་ཏྲིག་ནན། རྦད་ཆོད་ཕྱུང་བུར་ཡུལ་ཕྱོགས་ལོ་ཏོག་ལ་སྡེ་བརྒྱད་ཀྱི་གནོད་པ་སྲུངས་ཤིག །སེར་བྱེད་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཟློག །ཅེས་དང་། དེའི་ཕྱི་རིམ་ལ་ཨཱ་ལི་ཀཱ་ལི་དང་ཡེ་དྷརྨ་འདོད་གསོལ་དང་བཅས། དེའི་ཕྱི་རིམ་མེ་རི་གཡས་སྐོར་དུ་བྲིས་ཏེ། ལ་ཆས་བྱུག་ལ་མདུན་སེར་བ་འོང་ཕྱོགས་ལ་བསྟན། དེའི་གཡས་སུ་སཱཙྪའི་ནང་དུ། ཨོཾ་བཛྲ་དུན་དུན་རབ་ཏ་མི་ལི་མི་ལི་ཕྱེ་ཤག་ཕྱེ་ཤག་ཕུཿཕཊ་སྭཱ་ཧཱ། ཞེས་བྲིས་ལ་བཅུག །གཡོན་དུ་སྐྱེར་པའི་ཕུར་པ་སོར་བཞི་པ་ལ་སྔགས་འདི་བྲི། ན་མོ་བུདྡྷ་ཡ་ཀི་ལི་མི་ལི་ཙན་དྷ་ནཱ་ག་མི་རི་ལི་ཡེ་སྭཱ་ཧཱ། ཞེས་ཕུར་བུ་དེ་ཉིད་ཁྲོ་བོར་བསྒོམ། རྡོ་འཁོར་དེའི་མདུན་དུ་སཱཙྪ་ཆེ་བ་གཅིག་གི་ནང་དུ་གཞུང་བསྙེན་འདི་
བྲིས་ལ་མཇུག་ནས་ཡར་དྲིལ་ལ་བཅུག །ཨོཾ་ཨེ་ཀ་ཧེ་དུན་ཡ་རཀྵ་ཛཿ མུན་ཏྲི་ཤུ་སྙིང་ལ་སརྦ་དྷུ་རུ་རཾ་ཐོག་སེར་ཨུར་ནན་སརྦ་ཙིཏྟ་གཟེར་ཐུཾ་ཏྲིག་ནན། རྦད་ཆོད་གཏིང་ཕྱུང་རྦུད་ནན་སྡེ་བརྒྱད་ཀྱི་སྲོག་ལ་མྱོག་རྦད་སརྦ་ནཱ་ག་ཙིཏྟ་ཐུཾ་རྦུད་ནན། རླུང་སྐྱིལ་སྙིང་གཟེར་རྦད་ནན། ཞལ་བརླས་ཤག་ཙི་ཏྲ་རྦད། ཁཾ་ཤག་ཙིཏྟ་རྦད། སརྦ་ནཱ་ག་ཙིཏྟ་ཐུཾ་ཙིཏྟ་ནན། ཏྲིག་ནན་རྦད་ཆོད་སྭཱ་ཧཱ། ཞེས་བྲིས་ལ་ཡུངས་དཀར་གྱི་ཐུན་དང་བཅས་ཏེ་ནང་དུ་རྫོངས་ལ་རབ་གནས་བྱ། སེར་བ་འོང་ལམ་བྲག་གི་དཀྱིལ་དུ་ནམ་མཁའ་མཐོང་བར་བྱའོ། །འདི་ལ་བསྙེན་པ་བྱ་མི་དགོས་ཟབ་བོ།། ༈ ཡང་སེར་སྲུང་མུ་སྟེགས་སཱཙྪ་ནག་པོ་ཡོད། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྔོན་ཀླུ་སྒྲུབ་ཀྱིས་མུ་སྟེགས་པའི་གྲོང་ཁྱེར་དུ་སེར་བ་ཕབས་པའི་ཚེ། ཇི་ལྟར་མཛད་ཀྱང་སེར་བ་ཕབ་མ་ཐུབ་པས། གྲོགས་པོ་གནྡྷརྣ་གསང་བྱ་བ་ལ་ཁྱོད་རྫུ་འཕྲུལ་གྱིས་སོངས་ལ་མུ་སྟེགས་པ་རྣམས་ཀྱི་སེར་བ་གང་གི་སྲུང་འདུག་ལྟོས་ཤོག་གསུངས་པ་ལས། དེ་སོང་ཚེ་སློབ་དཔོན་གྱིས་སྤྲིན་གྱི་ཆུ་འདྲིལ་བ་ལྟར་བྱས་ནས་སེར་བ་ཤིང་རྟའི་འཕང་ལོ་ཙམ་ཕབ་ཚེ། མུ་སྟེགས་པ་རྣམས་ཀྱིས་སཱཙྪ་ནག་པོ་ཞིག་གནམ་ལ་བསྟན་ནས་སྔགས་བསྒྲངས་ཏེ་རལ་གྲི་གཡུག་ཅིང་འདུག་གོ །དེ་ནས་གནྡྷརྣ་གསང་གིས་མུ་སྟེགས་པ་ལ་ངན་སྔགས་ཐམས་ཅད་ཞུས་པ་ལས་འདི་ལྟར་སཱཙྪ་ཞིག་པོ་དང་། ལྷ་ཁང་བྱིན་རླབས་ཅན་གྱི་ས་དང་། ཡུལ་གྲུ་སྟོང་པའི་ས་དང་། ཁང་པ་རྙིང་པའི་ས། ལྷའི་བག་རྡུལ་རྩམ་བསྲེས་པས་སཱཙྪ་
ཞིག་བྱས་པའི་ཁོངས་སུ་སྔགས་འདི་བྲི་ལ་བཅུག །ཨེ་གད་ཧ་བིང་། ཨ་ཁད་པ་ཧི་ཐིང་ཚེ་ཐིང་ཐིང་། ཨ་བྷི་གད། ཨ་བྷི་ས། རད་མི་བྷ་ག་ད་སྭཱ་ཧཱ། ཞེས་བྲིས་ལ་རང་སྔགས་ཁྲི་ཕྲག་གཅིག་བཏབ་ལ་མཇུག་ནས་ཡར་དྲིལ་ཏེ་ཚ་ཚའི་ནང་དུ་བཅུག་གོ །ཡུལ་གྲུ་སྲུང་ན་ཚ་ཚ་དགུ་དང་ཡུངས་ཐུན་རྣམས་ཕྱོགས་མཚམས་རྣམས་དང་། སེར་ལམ་དུ་བཞག་ནས་སེར་བ་སེར་བདག་དང་བཅས་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འོག་ཏུ་མནན་པར་བསམ་མོ། ༈ །རྒྱལ་མོ་ཁག་ཆུང་གིས་རྒྱའི་རྒྱལ་པོ་དེ་ཝ་རཱ་ཛ་ལ་གསེར་སྲང་གང་ཕུལ་ནས་ཞུས། རྒྱའི་ཆུ་གཅོད་ནག་པོ་ཞེས་པ་འདི་ལྷ་ས་འཕྲུལ་སྣང་གི་རྡོ་རིང་ལ་བྲིས་པས་ད་ལྟ་ཡང་སེར་བ་འོང་མི་སྲིད་དོ། །དེ་ལ་ཨ་ཙ་ར་རྡོ་རྗེ་དཔལ་རྩེ་ངོ་མཚར་སྐྱེས་ནས། དཔེ་བཤུས་ཏེ་བླ་མ་གཉན་ཆུང་བ་ལ་གནང་བའོ། །དེ་ཡང་ཤུག་པའི་བྱང་བུ་ལ་འདི་བྲི། ཨོཾ་ཨ་ཏྲི་ནི་ས་ལ་ས་ཤུ །ས་རུ་སོ་ཀ་ཤག །སྲ་སུ་ཀྲི་རྣ་ནན་བྷྱོ། བཟློག་ཁྲོཾ་བྷྱོ་བྷྱོ། བཟློག་བཟློག །ཤག་སུ་ཁྲཾ་བྷྱོ་བཟློག །ར་ལི་ཧུར་ཐུཾ་ཛཿབྷྱོ་བཟློག །ར་ཤ་ཧུར་ཐུཾ་བྷྱོ་བཟློག །ཡ་ར་ཤ་ར་ཧུར་ཐུཾ་བྷྱོ་བཟློག །ས་མ་ཡ་ཤི་ཤི་ཧུར་ཐུཾ་བྷྱོ་བཟློག །སརྦ་ཤི་ཧུར་ཐུཾ་བྷྱོ་བཟློག །ས་མ་ཡ་བྷྱོ་བྷྱོ། སརྦ་བཟློག །ཅེས་ནར་མར་བྲིས་ཏེ་སྤྲ་ཚིལ་གྱིས་བྱུགས། ཡུལ་ཁམས་སྲུང་ན་ཕྱོགས་བཞི་ལ་བཙུགས། ཤིན་ཏུ་ཟབ་བོ། །ས་མ་ཡ། མངྒ་ལཾ།། །།