Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས།next

འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས།

༈ རྒྱ་གར་སྐད་དུ། ཨཱརྻ་སརྦ་རོ་ག་པྲ་ཤ་ནི་ནཱ་མ་དྷ་ར་ནི། བོད་སྐད་དུ། འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཆོས་ཀྱི་རྣམ་གྲངས་འདི་ཟུངས་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ཅིག །ཏདྱ་ཐཱ། ཙ་ལེ་མེ། ཙ་ལེ་མེ། པཾ་ན་ཀོ་ཀི་ལི། ཤྲི་མེ་ཏི། ཀུནྜ་ལེ། དུནྡུ་བྷེ། ཨིནྡྲ་ནི། མུ་ཁེ་སྭཱ་ཧཱ། འདི་དག་ནི་ཟས་མ་བཞུ་བ་དང༌། སྦོས་པ་དང༌། ཁྲག་དང༌། མཁྲིས་པ་འདྲིས་པ་དང༌། གཞང་འབྲུམ་གྱིས་བཏབ་པ་དང༌། གཞང་ནད་ཅན་དང༌། ཟ་གུ་དང༌། ལུང་པ་ཅན་དང༌། རིམས་ནད་ཅན་དང༌། ཀླད་པ་ན་བ་དང༌། གཞོགས་ཕྱེད་ན་བ་དང༌། ཡི་དྭགས་ཀྱིས་ཟིན་པའི་གསང་སྔགས་ཀྱི་གཞི་ཡིན་ཏེ། ཀུན་དགའ་བོ་གང་གསང་སྔགས་ཀྱི་གཞི་འདི་དག་ལས་འགལ་བར་བྱེད་པ་དེ་ནི། ངས་ལྷ་དང་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ༌། །ཚེ་ཟད་པ་ནི་མ་གཏོགས་སོ། །གསང་སྔགས་གྱི་གཞི་འདི་དག་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་སྟེ། འདི་ལ་སངས་རྒྱས་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་གོ །འདོད་ཆགས་དང་བྲལ་བ་ནི་ཆོས་ཐམས་ཅད་ཀྱི་མཆོག་གོ །དགེ་འདུན་ནི་ཚོགས་ཐམས་ཅད་ཀྱི་མཆོག་གོ །བདེན་པའི་ཚིག་དང༌། བདེན་པའི་ངག་འདི་བདག་གིས་ཟོས་པ་དང༌། འཐུང་བ་དང༌། འཆོས་པ་དང༌། མྱངས་པ་རྣམས་ལེགས་པར་བདེ་བར་ཞུ་བར་གྱུར་ཅིག་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས་རྫོགས་སོ།། །།


previousའཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས།next