ལེའུ་དང་པོ་བསྟོད་པའི་གླེང་བསླང་བ།
༄། །རྒྱ་གར་སྐད་དུ། མི་ཤྲ་ཀ་སྟོ་ཏྲ་ནཱ་མ། བོད་སྐད་དུ། སྤེལ་མར་བསྟོད་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གཏིང་མཐའ་མེད་པའི་འཁོར་བ་ཡི། །རྒྱ་མཚོའི་ནང་དུ་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་བཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་པས། །དེ་རིང་གང་ལ་སྐྱབས་སུ་མཆི། །ཇི་སྲིད་བདག་ལ་སེམས་ཡོད་ན། །གང་གི་བསྟན་ལ་གནས་པ་དང༌། །གང་བསྟོད་གང་ལ་བསྙེན་བཀུར་བགྱི། །གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང༌། །གང་ལ་འང་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །གཞན་གྱི་གནོད་པ་བསལ་བའི་ཕྱིར། །གང་གི་ཉེས་པ་ཟད་གྱུར་པ། །གཞན་མངོན་མཐོ་དང་ཐར་པའི་ཕྱིར། །ཡོན་ཏན་གོམས་བྱས་བདག་གི་མིན། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང༌། །དེ་བསྟོད་དེ་ནི་བཀུར་བ་དང༌། །དེ་ཡི་བསྟན་ལ་གནས་པའི་རིགས། །གང་ཞིག་ཉེས་དེ་གཞན་ལ་གནོད། །དེ་ནི་ཡོན་ཏན་གང་གཞན་སྤང༌། །ཉེས་པ་རང་གི་ཉེས་བཅོམ་པ། །འཚོ་བ་རང་དོན་ཡོན་ཏན་ནོ། །ཐམས་ཅད་མཁྱེན་ལ་ཡོན་ཏན་ཀུན། །མངའ་ལ་དེ་ཡང་ཉམས་མི་མངའ། །ཉེས་པ་བག་ཆགས་བཅས་དེ་ཡང༌། །སྐྱོབ་པ་གཅིག་པུ་ལ་མི་མངའ། །སྤྱོད་པ་ལ་ནི་མི་སྨོད་ཕྱིར། །ཐུབ་པ་སྐྱོན་ནི་མེད་པར་གྲུབ། །བདེ་བར་གྲགས་པའི་ཆོས་སྤངས་ནས། །སྐྱེ་བོ་དཀར་བ་སྨོད་པ་མེད། །བཅོམ་ལྡན་འདས་ཀྱི་སྐུ་དང་ནི། །གསུང་དང་ཐུགས་ཀྱི་ཕྲིན་ལས་ལ། །ཞེ་འགྲས་གྱུར་པ་གང་གིས་ཀྱང༌། །ཆོས་དང་ལྡན་པར་གླགས་མི་རྙེད། །ཆེ་བའི་ཡོན་
ཏན་ཆ་ཡིས་ཀྱང༌། །ཚིག་རྙེད་ངེས་པར་མ་བླངས་པར། །གལ་ཏེ་སྟོན་བསྟོད་མི་བྱེད་ན། །མི་ཁམ་གནས་བཞིན་བདག་བཅོམ་འགྱུར། །རྒྱ་མཚོར་གཉའ་ཤིང་བུ་ག་རུ། །རུས་སྦལ་མགྲིན་པ་ཆུད་པ་ལྟར། །དམ་ཆོས་དགའ་སྟོན་ཆེར་བཅས་པའི། །མི་ཉིད་བདག་གིས་ཐོབ་ནས་ནི། །མང་དུ་བཅད་པར་གྱུར་པ་སྟེ། །མཐར་ཡང་བསྐལ་པའི་སྐྱོན་གྱིས་གནས། །ལྕེ་ནི་དོན་ཅན་མ་གྱུར་ཏེ། །གཞན་དུ་བདག་ནི་བསླུས་པར་གྱུར། །མི་རྟག་ཉིད་དང་རྗེས་འབྲང་ཞིང༌། །ལས་ཀྱི་གླགས་ལ་དོགས་བཅས་པ། །བདག་གི་ལྕེ་འདི་ཉིད་ཀྱིས་གོ །སྙིང་པོ་ཅི་ཕྱིར་བླང་མི་བྱ། །ཡོན་ཏན་གྱི་མཐའ་ལ་རྟོགས་པས། །གལ་ཏེ་བསྟོད་པ་མི་བྱེད་ན། །ཤཱ་རིའི་བུ་ལ་སོགས་པས་ཀྱང༌། །ངེས་པར་བསྟོད་པར་མི་འགྱུར་རོ། །དེ་ལྟར་ཐུབ་པའི་ཡོན་ཏན་གྱིས། །ཡུལ་ལྟ་གྲངས་མེད་ཤེས་མོད་ཀྱིས། །རང་གི་དོན་ལ་གུས་པ་ཡིས། །དེ་ཡི་ཕྱོགས་གཅིག་བསྒྲིམས་ཏེ་བརྗོད། །གང་ཞིག་གཞན་ལ་སློབ་པ་དང༌། །དམན་ཕྱིར་ལེགས་པར་མ་བསླབས་གང༌། །ཉེས་པ་ཟད་ཀྱང་དེ་སློབ་ཅིང༌། །གང་ཕྱིར་དོན་གྱིས་ཁྱོད་མི་སློབ། །གང་གི་ཡོན་ཏན་གྲངས་དག་དང༌། །མཐུ་ལ་ཐུག་པ་མ་མཆིས་ལ། །རྨད་བྱུང་ཕྲིན་ལས་དཔག་མེད་ཅན། །རང་བྱུང་ཁྱོད་ལ་ཕྱག་འཚལ་ལོ། །ཡོན་ཏན་གྲངས་ཀྱི་མཐུ་ཡིས་ནི། །སློབ་ལ་སྨྲ་བར་ནུས་པ་དང༌། །མཐའ་ཅན་གཞལ་བར་བྱེད་ནུས་ཀྱི། །མི་སློབ་པ་ཡི་མདུན་དུ་མིན། །འདི་སྙེད་བགྱི་བའི་མཐའ་མེད་ན། །འདི་ལྟར་ལགས་ཞེས་ཅི་ཞིག་སྨོས། །ཁྱོད་ཀྱི་ཡོན་ཏན་སླད་དུ་བདག །བསོད་ནམས་སྙམ་ནས་སྤྱི་བརྟོལ་སྐྱེས། །སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་དད་པ་ལས་སྤོབས་པ་སྐྱེས་པ་ཞེས་བྱ་བ་ལས་བསྟོད་པ་གླེང་བསླང་བ་ཞེས་བྱ་བ་སྟེ་ལེའུ་དང་པོའོ།། །།