དུར་ཁྲོད་བསྒོམ་པ།
དེའི་དབུས་སུ་ནམ་མཁའི་དབྱིངས་ཁྱབ་པ་ཅན་གྱི་ཤེས་རབ་ཨེའི་ཡི་གེའི་རྣམ་པ་དཀར་པོ་བསྒོམ་སྟེ་དེའི་སྟེང་དུ་ཞེས་པ་ནི་དེའི་དབུས་སུ་ནམ་མཁའི་སྟེང་དུ་ས་གཞི་ཡིན་ཏེ། ངེས་པར་རིམ་པ་འདིས་རླུང་ལ་
སོགས་པ་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་བསྡུས་པས་གཞལ་ཡས་ཁང་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པར་བསམ་པར་བྱའོ། །དེ་ནས་རྗེས་སུ་རིམ་པ་ཇི་ལྟ་བའི་སྦྱོར་བས་དུར་ཁྲོད་རྣམས་བརྗོད་པར་བྱ་སྟེ། ཤར་དུ་གཏུམ་དྲག་ཅེས་བྱ་བའི་དུར་ཁྲོད་དོ། །ཤི་རི་ཥའི་ཤིང་ལ་གླང་པོ་ཆེའི་གདོང་ཅན་རྫུ་འཕྲུལ་ཆེན་པོ་དཀར་པོ། །ཕྱོགས་ཀྱི་བདག་པོ་དབང་པོ་དཀར་སེར་མིག་སྟོང་པ། །ཨཻ་ར་པ་ཏི་དཀར་པོ་ལ་གནས་པ། །ཀླུའི་རྒྱལ་པོ་ནོར་རྒྱས་སེར་པོ། །སྤྲིན་སྒྲ་སྒྲོགས་ཁ་དོག་སྣ་ཚོགས་པ། ལྷུན་པོའི་རི་རིན་པོ་ཆེ་སྣ་བཞི་ལས་གྱུར་པས། དཀར་པོ་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་དཀར་པོའོ། །ལྷོར་འཇིགས་བྱེད་ཐོད་པ་ཅན་ཞེས་བྱ་བའི་དུར་ཁྲོད་ཆེན་པོ་ཨ་མྲའི་ཤིང་ལ་མ་ཧི་ཪྵའི་གདོང་ཅན་རྫུ་འཕྲུལ་ཆེན་པོ་ནག་པོ། །ཕྱོགས་སྐྱོང་པའི་གཤིན་རྗེ་མ་ཧེ་ལ་ཞོན་པ་ནག་པོ་ཀླུ་པདྨ་དཀར་པོ། །སྤྲིན་ཟློག་བྱེད་ཁ་དོག་སྣ་ཚོགས་པ། མཱ་ལཱ་ཡའི་རི་དཀར་པོ། །ནག་པོ་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །ནུབ་ཏུ་འབར་བ་འཁྲུག་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ། །ཀེ་ཀེ་ལཱའི་ཤིང་ལ་ཆུ་སྲིན་གྱི་གདོང་ཅན་རྫུ་འཕྲུལ་ཆེན་པོ་དཀར་པོ། །ཕྱོགས་ཀྱི་བདག་པོ་ཆུ་ལྷ་དཀར་པོ། ཀླུ་ཀརྐོ་ཊ་དམར་པོ། །སྤྲིན་མི་བཟད་པ་ཁ་དོག་སྣ་ཚོགས་པ། ཏི་སེའི་རི་དཀར་པོ། །དམར་པོ་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །བྱང་དུ་ཚང་ཚིང་འཁྲིགས་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ། །ཨ་ཤྭདྠའི་ཤིང་ལ་མིའི་གདོང་ཅན་རྫུ་འཕྲུལ་ཆེན་པོ་དཀར་པོ། །ཕྱོགས་ཀྱི་བདག་པོ་ལུས་ངན་སེར་པོ་མིའི་བཞོན་པ་ཅན། ཀླུ་འཇོག་པོ་ནག་པོ། །སྤྲིན་འཁོར་བྱེད་ཁ་དོག་སྣ་ཚོགས་པ། མནད་རའི་རི་ལྗང་གུ། །འདུ་བྱེད་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །བྱང་ཤར་དུ་ཕུན་ཚོགས་ནགས་ཚལ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ། ནྱ་གྲོ་དྷའི་ཤིང་ལ་བ་ལང་གི་གདོང་ཅན་རྫུ་འཕྲུལ་ཆེན་པོ་དཀར་པོ། །ཕྱོགས་ཀྱི་བདག་པོ་དབང་ཕྱུག་ཆེན་པོ་དཀར་པོ་གླང་དཀར་པོའི་བཞོན་པ་ཅན། ཀླུ་དུང་སྐྱོང་སེར་པོ་སྤྲིན་གཏུམ་པོ་ཁ་དོག་སྣ་ཚོགས་པ། དབང་ཆེན་གྱི་རིའི་རྒྱལ་པོ་ནག་པོ། །སེམས་ཀྱི་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །མེར་ཧ་ཧར་དགོད་
པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ། །ཀ་རཉྫའི་ཤིང་ལ་རའི་གདོང་ཅན་རྫུ་འཕྲུལ་ཆེན་པོ་དམར་པོ། །ཕྱོགས་སྐྱོང་བ་མེ་ལྷ་དམར་པོ་རའི་གདན་ཅན། ཀླུ་པདྨ་ཆེན་པོ་ལྗང་གུ། །སྤྲིན་སྟུག་པོ་ཁ་དོག་སྣ་ཚོགས་པ། སྤོས་ངད་ལྗང་བའི་རི་སེར་པོ། །སྐུ་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། བདེན་བྲལ་དུ་མུན་པ་མི་བཟད་པ་ཞེས་བྱ་བ་འམ་དུར་ཁྲོད་ཆེན་པོ། །པརྐ་ཊའི་ལྗོན་པའི་ཤིང་ལ་རོའི་གདོང་པ་ཅན། རྫུ་འཕྲུལ་ཆེན་པོ་ནག་པོ། །ཕྱོགས་ཀྱི་བདག་པོ་སྲིན་པོའི་རོའི་གདོང་ཅན་ནག་པོ། །ཀླུ་མཐའ་ཡས་དཀར་པོ། །སྤྲིན་འགེངས་བྱེད་ཁ་དོག་སྣ་ཚོགས་པ། ཁ་བའི་རི་དཀར་པོ། །རིན་ཆེན་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །རླུང་དུ་ཀཱི་ལི་ཀཱི་ལི་སྒྲ་སྒྲོགས་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ། །པ་ཊ་ལིའི་ཤིང་ལ་རི་དགས་ཀྱི་གདོང་བ་ཅན་རྫུ་འཕྲུལ་ཆེ་པོ་ལྗང་གུ། ཕྱོགས་ཀྱི་བདག་པོ་རླུང་ལྷ་རི་དགས་ལ་ཞོན་པ། ཀླུ་རིགས་ལྡན་ཁྲོ་བོ། །སྤྲིན་ཆར་འབེབས་ཁ་དོག་སྣ་ཚོགས་པ། །དཔལ་གྱི་རི་སྔོན་པོ། །ཆོས་ཀྱི་རྡོ་རྗེ་ཞེས་བྱ་བའི་མཆོད་རྟེན་ནོ། །དེའི་ནང་དུ་རྫུ་འཕྲུལ་ཆེན་པོ་རྣམས་ཀྱང་གཡོན་ན་མིའི་ཐོད་པ་ཁྲག་གིས་ཡོངས་སུ་གང་བའི་ལག་པ་ཅན། གཡས་ན་རོ་སྣ་ཚོགས་མངོན་པར་འདྲེན་པའི་ལག་པ་པདྨ་དང་ལྡན་པ་རྣམས་བསམ་པར་བྱའོ། །དེའི་རྗེས་ལ་རྩ་ལྗང་སེར་གྱི་མྱུ་གུ་འབུས་པའི་འདབ་མས་སྤྲས་པའི་སྣ་ཚོགས་པའི་མེ་ཏོག་གི་ཤིང་རྣམས་ཀྱིས་སྟུག་ཅིང༌། ཁྭ་དང༌། ཁུ་བྱུག་དང༌། འུག་པ་དང༌། ནེ་ཙོ་དང༌། རི་སྐེགས་དང༌། ཐི་བ་དང༌། ཐི་བ་མོ་དང༌། བྱ་རྒོད་ལ་སོགས་པ་སྣ་ཚོགས་པའི་བྱ་རྣམས་ཀྱིས་ཉེ་བར་བརྒྱན་པ། །སེང་གེ་དང༌། སྤྱང་ཀི་དང༌། སྟག་དང༌། དོམ་དང༌། ཕག་ལ་སོགས་པ་སྣ་ཚོགས་པའི་རི་དགས་རྣམས་ཀྱིས་ཡུངས་སུ་གང་བ། སྣ་ཚོགས་པའི་དྲི་བཟང་པོ་ཅན་མི་ཏོག་ཡོངས་སུ་དྲི་ལྡང་བ་རྣམས་ཀྱིས་འཁྲུགས་པར་བྱས་པ། སྣ་ཚོགས་པའི་སྦྲུལ་གྱི་ཚོགས་ཀྱིས་གང་བ། རུས་མགོ་དང༌། ཀེང་རུས་དང༌། ཐོད་པ་དང༌། རོ་ལ་སོགས་པ་རྣམས་ཀྱིས་སྣ་ཚོགས་པའི་གནས་དང་ཕྱོགས་བརྒྱན་པ། གཞན་ཡང་སྣ་ཚོགས་པའི་ཕྱོགས་རྣམས་སུ་གནས་གཞི་དང༌། གཙུག་ལག་ཁང་དང༌། བསམ་གཏན་གྱི་ཁང་པ་དང༌། རྫིང་བུ་དང༌། རྣལ་འབྱོར་བ་དང༌། རྣལ་འབྱོར་མ་དང༌། ཀུན་
སྤངས་དང༌། ཀུན་སྤངས་མ་དང༌། བསམ་གཏན་པ་དང༌། བསམ་གཏན་མ་དང༌། གནོད་སྦྱིན་དང༌། གནོད་སྦྱིན་མོ་དང༌། ཡི་དགས་དང༌། ཡི་དགས་མོ་དང༌། སྲིན་པོ་དང་སྲིན་མོ་དང༌། གྲུལ་བུམ་དང༌། གྲུལ་བུམ་མོ་དང༌། འབྱུང་པོ་དང༌། འབྱུང་མོ་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་དང༌། དཔའ་བོ་དང༌། དཔའ་མོའི་ཚོགས་རྣམས་ཀྱིས་ཡོངས་སུ་སྤྲས་ཤིང༌། དམ་ཚིག་གི་བརྡ་ལ་ཆགས་པའི་སེམས་དང་ལྡན་པ། རྒོད་པ་དང༌། སྒེག་པ་དང༌། འཁྱུད་པ་དང༌། འོ་བྱེད་པ་རྣམ་པ་སྣ་ཚོགས་ལ་སོགས་པ་ཐོབ་པའི་མཁའ་འགྲོ་དང༌། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་ཡོངས་སུ་གང་བ་རྣམས་སོ། །དེའི་རྗེས་ལ་དགའ་བའི་སེམས་ཀྱིས་ལ་ལ་རྡོ་རྗེ་གོམ་པ་རྣམས་ཀྱིས་གར་བྱེད། ལ་ལ་རྡོ་རྗེ་གླུ་རྣམས་ཀྱིས་གླུ་ལེན། །ལ་ལ་སྣ་ཚོགས་པའི་དམ་ཚིག་གི་སྤྱོད་པ་རྣམས་ཀྱིས་སྤྱོད། །ལ་ལ་བདུད་རྩི་ལྔ་དང་སྒྲོན་མ་ལྔ་ཟ་བར་བྱེད། །ལ་ལ་སྣ་ཚོགས་པའི་དངོས་པོ་ཉེ་བར་སྟོབས་པར་བྱེད། ལ་ལ་སྣ་ཚོགས་པའི་སེམས་ཅན་རྣམས་ཡང་དག་པར་ཚིམ་པར་བྱེད། ལ་ལ་ཆང་རྣམས་འཐུང་བར་བལྟ་བར་བྱའོ། །གཞན་རྣམས་ཀྱིས་ཀྱང་ཁར་རྔ་དང༌། ཌ་མ་རུ་དང༌། རྔ་དང༌། རྔ་པ་ཊ་ཧ་དང༌། ཀྲྀ་བི་ཌ་དང༌། རྔ་ཁ་གཅིག་པ་དང༌། པི་ཝང་དང༌། གླིང་བུ་དང༌། ཕེག་རྡོབ་པ་ལ་སོགས་པ་སྣ་ཚོགས་པའི་རོལ་མོ་རྣམས་ཀྱིས་དཀྲོལ་བར་བྱེད། །གཞན་ཡང་གྲུབ་པ་དུ་མ་དང༌། རིག་པ་འཛིན་པ་དང༌། རིག་པ་འཛིན་མ་དང༌། ལྟོ་འཕྱེ་ཆེན་པོ་དང༌། ལྟོ་འཕྱེ་ཆེན་མོ་དང༌། མིའམ་ཅི་དང༌། མིའམ་ཅི་མོ་དང༌། དྲི་ཟ་དང༌། དྲི་ཟ་མོ་ཞེས་པ་ལ་སོགས་པ་རྣམས་དང༌། ལྷ་དང་ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་གི་ཚོགས་ཀྱིས་ཡོངས་སུ་གང་བ་རྣམས་ཀཱི་ལི་ཀཱི་ལའི་སྒྲ་སྒྲོགས་ཤིང་མི་བཟད་པ་ཚང་ཚིང་འཁྲིགས་ཤིང་འཇིགས་སུ་རུང་བ་རྣམས་ནི་གར་གྱི་རོ་དགུས་ཤིན་ཏུ་ཡིད་ཚིམ་པར་བྱེད་པ་རོ་ལངས་དང་འབྱུང་པོའི་ཚོགས་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་གནས་པའི་དུར་ཁྲོད་བརྒྱད་རྣམས་བསམ་པར་བྱའོ། །དུར་ཁྲོད་བརྒྱད་ནི་རྣམ་པར་ཤེས་པ་བརྒྱད་རྣམ་པར་དག་པའོ། །རྣམ་པར་ཤེས་པ་བརྒྱད་ཅེས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་དང༌། ཀུན་གཞིའི་རྣམ་པར་ཤེས་པ་དང༌།
ཡིད་ཀྱི་རྣམ་པར་ཤེས་པ་དང༌། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་པ་སྟེ། མེ་ལོང་དང༌། རྨི་ལམ་དང༌། སྒྱུ་མ་དང༌། སྨིག་རྒྱུ་དང༌། དྲི་ཟའི་གྲོང་ཁྱེར་དང༌། སྒྲ་བརྙན་དང༌། ཆུ་ཟླ་དང༌། ནམ་མཁའ་ཞེས་པའི་དཔེ་བརྒྱད་རྣམ་པར་དག་པ་དུར་ཁྲོད་བརྒྱད་དུ་ཤེས་པར་བྱའོ། །དེ་ནས་དུར་ཁྲོད་བརྒྱད་ནི་ཆོས་ཐམས་ཅད་ཡོངས་སུ་ཤེས་པས་གཟུང་བྱ་དང༌། འཛིན་པ་ལ་སོགས་པ་སྤངས་པའི་ཕྱིར་རྣམ་པར་ཤེས་པ་བརྒྱད་ཀྱི་དཔེས་དུར་ཁྲོད་བརྒྱད་རྣམས་ཤེས་པའོ། །