Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
  collapse section
   
  collapse section
   
   
   
   
   
མཆོག་གི་སྤྲུལ་སྐུ་བཤད་པ།
   
   


 
previousམཆོག་གི་སྤྲུལ་སྐུ་བཤད་པ།next

མཆོག་གི་སྤྲུལ་སྐུ་བཤད་པ།


GLG013_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་སྤྲུལ་སྐུ་བཤད་པ། བཞི་པ་མཆོག་གི་སྤྲུལ་སྐུ་བཤད་པ་ལ་གསུམ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། །དང་པོ་ནི། དེ་ལྟར་སྐུ་གསུམ་བསྟན་ནས་བཞི་པ་སྤྲུལ་པའི་སྐུ་བྱིས་པའི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་བ་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། ངེས་པ་ལྔ་དང་མི་ལྡན་པའི་གཟུགས་སྐུ་མཐར་ཐུག་བསྟན་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། སྟོན་པ་ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་ཀྱི་སྐུ་གང་གིས་འཕྲིན་ལས་རྒྱུན་མི་ཆད་པར་མཛད་པའི་ངེས་པ་ལྔ་མིན་གྱི་སྐུ་དེ་ནི་ཆོས་ཅན། སྤྲུལ་སྐུ་ཡིན་ཏེ། ཁྱོད་དུས་སྲིད་པ་ཇི་སྲིད་པར་དག་མ་དག་གི་འགྲོ་བ་ལ་དངོས་སུ་སྣང་ནས་མངོན་མཐོ་ངེས་ལེགས་ཀྱི་ཕན་པ་སྣ་ཚོགས་པ་དག་དུས་མཉམ་དུ་མཛད་པའི་སྐུ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །དུད་འགྲོའི་ལུས་རྟེན་ཅན་གྱི་སྤྲུལ་པའི་སྐུ་ཡོད་ཟེར་ན། སངས་རྒྱས་འཕགས་པ་རི་བོང་དུ་སྤྲུལ་བའི་རི་བོང་དེ་དུད་འགྲོའི་རྟེན་ཅན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ལུས་དེ་དུད་འགྲོའི་ལུས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་རི་བོང་དེ་དུད་འགྲོ་ཡིན་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །ལྷའི་བུ་དམ་པ་ཏོག་དཀར་པོ་སྟོན་པ་ཤཱཀྱ་ཐུབ་པ་ཡིན་ཟེར་ན། དེ་ཆོས་ཅན། དགེ་སློང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ལྷ་ཡིན་པའི་ཕྱིར། གཉིས་པ་རང་ལུགས་ནི། ལོངས་སྤྲུལ་གང་རུང་གང་ཞིག །ངེས་པ་ལྔ་དང་མི་ལྡན་པའི་གཟུགས་སྐུ་སྤྲུལ་སྐུའི་མཚན་ཉིད། དེ་ལ་དབྱེ་ན། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། མཆོག་གི་སྤྲུལ་སྐུ་གསུམ་ལས། བདག་ཅག་གི་སྟོན་པས་བཟོ་བོ་བི་ཤྭ་ཀརྨའི་རྣམ་པར་བསྟན་པ་ལྟ་བུ་དང་པོ་དང་། དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བའི་ཕྱིར་དྲི་ཟའི་རྣམ་པར་བསྟན་པ་ལྟ་བུ་གཉིས་པ། སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུ་གསུམ་པའི་མཚན་གཞི། གསུམ་པ་ནི། སྟོན་པ་ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་ཀྱི་སྐུ་གང་གིས་དངོས་སུ་སྣང་ནས་དག་མ་དག་གི་སེམས་ཅན་རྣམས་ཀྱི་འདོད་པའི་དོན་མཉམ་པ་ཉིད་དུ་མཛད་པའི་སྐུ་དེ་ནི་ཆོས་


GLG013_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་ཡིན་ཏེ། གདུལ་བྱ་སོ་སྐྱེ་ལའང་དངོས་སུ་སྣང་བའི་ངེས་པ་ལྔ་མིན་གྱི་གཟུགས་སྐུ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་རྒྱུན་མི་ཆད་པར་འཕྲིན་ལས་མཛད་པ་ཡིན་ཏེ། ཁྱོད་དུས་འཁོར་བ་ཇི་སྲིད་བར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཕྲིན་ལས་རྒྱུན་ཆགས་པ་ཉིད་ཀྱིས་དེ་ལྟར་མཛད་པའི་ཕྱིར། གཉིས་པ་མཛད་པ་འཕྲིན་ལས་ཀྱི་རྣམ་གཞག་བཤད་པ་ལ། དངོས་ཀྱི་དོན་དང་། ཚིག་དོན་གཞན་གྱི་གོ་རིམ་ཡང་དོན་བདུན་ཅུའི་དང་པོ་དང་ཐ་མ་ལ་བརྟེན་ནས་རིག་པར་བྱ་བ་གཉིས། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ། དང་པོ་ལ། སྐུ་གསུམ་བཤད་ཟིན་པར་བསྟན་པ། འཕྲིན་ལས་འཆད་པར་བསྟན་པ་གཉིས་ལས། དང་པོ་ནི། དེ་ལྟར་གྱི་སྐུ་ལྷག་མ་གསུམ་པོ་ཆོས་ཅན། ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་ཡིན་ཏེ། དེ་ཁྱོད་ཀྱི་གནས་ལུགས་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། ཚོགས་གཉིས་བསྒོམས་པའི་སྟོབས་ལས་བྱུང་བའི་ཕྱིར། ཤེས་བྱ་ཆོས་ཅན། ཡང་དག་ཀུན་རྫོབ་རྒྱུ་མེད་ལས་བྱུང་བ་མ་ཡིན་ཏེ། སངས་རྒྱས་ཁོ་ནའི་སྤྱོད་ཡུལ་གྱི་ཆོས་སྐུ་དེ་ཡེ་ཤེས་ཀྱི་ཚོགས་ལས་བྱུང་བ་དང་། ལ་སོགས་པ་བྱང་འཕགས་ཡན་གྱི་སྤྱོད་ཡུལ་ཉིད་ཀྱི་ལོངས་སྐུ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ལ་ལྟོས་ཤིང་། མཆོག་གི་སྤྲུལ་སྐུ་ནི་གཉིས་ཀ་ལས་བྱུང་པའི་ཕྱིར། གཉིས་པ་ནི། ཆོས་སྐུ་དེའི་བདག་པོ་ལས་བྱུང་བའི་གདུལ་བྱའི་སྐྱེ་བོའི་སྣང་བ་ལ་བསྟན་པའི་འཕྲིན་ལས་ཡེ་ཤེས་ཆོས་སྐུ་དེའི་བདག་པོ་ལ་བརྟེན་ནས་བྱུང་བ་རྣམས་ནི་ཆོས་ཅན། ཆོས་སྐུའི་འཕྲིན་ལས་ཡིན་ཏེ། ཀུན་རྫོབ་ཏུ་ཡེ་ཤེས་ཆོས་ཀྱི་སྐུ་ཁོ་ནས་


GLG013_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུ་དང་སྤྲུལ་སྐུ་ལ་སོགས་པར་སྣང་བ་བསྐྱེད་པའི་སྒོ་ནས། ཁྱོད་ལ་སོགས་པ་དོན་གྱི་བྱ་བ་མཛད་པའི་ཕྱིར། གཉིས་པ་ལ། དུས་ཀྱི་སྒོ་ནས་མདོར་བསྟན་པ། དབྱེ་བའི་སྒོ་ནས་རྒྱས་པར་བཤད་པ། གྲངས་ཀྱི་སྒོ་ནས་དོན་བསྡུ་བ་གསུམ། དང་པོ་ལ་ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ཡེ་ཤེས་ཆོས་སྐུ་རྒྱུན་མི་ཆད་པ་དེ་བཞིན་དུ་འཁོར་བ་ཇི་སྲིད་པར་ཡེ་ཤེས་ཆོས་སྐུ་འདིའི་འཕྲིན་ལས་ནི་རྒྱུན་མི་ཆད་པར་འདོད་དེ། དེ་རྒྱུ་ཚོགས་མཐར་ཕྱིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །སངས་རྒྱས་ཀྱི་འཕྲིན་ལས་ཡིན་ན་ལམ་ཞུགས་ཁོ་ན་ལ་ཡོད་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། ལམ་མ་ཞུགས་ན་སངས་རྒྱས་ཀྱི་འཕྲིན་ལས་ཡོད་པའི་ཕྱིར། དེར་ཐལ། མཆོག་གི་སྤྲུལ་སྐུ་དེ་ལས་དག་གི་སོ་སྐྱེ་ལམ་དུ་ཞུགས་པ་དང་མ་ཞུགས་པ་ཐམས་ཅད་ལ་དངོས་སུ་སྣང་བའི་ཁྱིར། ཁ་ཅིག །ཡེ་ཤེས་ཆོས་སྐུའི་འབྲས་བུར་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་ཡེ་ཤེས་ཆོས་སྐུའི་འཕྲིན་ལས་ཀྱི་མཚན་ཉིད་ཟེར་ན། དེ་དང་དུས་མཉམ་དུ་གྲུབ་པའི་དེའི་འཕྲིན་ལས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། གཉིས་པ་རང་ལུགས་ནི། རང་རྒྱུ་ཡེ་ཤེས་ཆོས་སྐུ་ལས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་ཡེ་ཤེས་ཆོས་སྐུའི་འཕྲིན་ལས་ཀྱི་མཚན་ཉིད། སྨྲས་པ། བརྩེ་ལྡན་རླུང་གི་ཤུགས་ལས་འགྲོ་བའི་མཁར། །འཕྲིན་ལས་བསིལ་སྦྱིན་མཁན་པོའི་བགྲོད་པ་ཡིས། །པཀྵུའི་ཀླུང་འདི་རྒྱུན་ཆད་མེད་བབས་ཀྱང་། །ཤུལ་རྗེས་མ་བསྙེགས་སྒྱེད་པ་སྐྱུར་རམ་སྙམ། །གཞན་ཕན་ཁོ་ནའི་འོད་ཟེར་སྟོང་སྤྲོས་པས། །སྡུག་བསྔལ་མཚན་མོ་མཐར་བྱེད་འཕྲིན་ལས་འདིས། །རང་དོན་གྲགས་རྙེད་སྒྲུབ་ལ་ལུས་ཅན་གྱི། །འདྲེན་པར་རློམ་པའི་རྫུན་ཕུགས་ཕལ་


GLG013_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་རྡིབ། །ལན་དང་རྣམ་སྨིན་མཛའ་བཤེས་ཉེ་དུའི་ཆེད། །ཅུང་ཟད་ཕན་པ་བགྱིས་ན་ཡུས་ཀྱིས་མནར། །དམ་པར་ཁས་འཆེ་ཕལ་བའི་སྤྱོད་པ་ཅན། །མཐོང་ཚེ་མ་འདྲིས་གཉེན་གྱུར་འདི་རྨད་བྱུང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ལ། ལམ་ལ་འགོད་པ་དང་། ལམ་གྱི་འབྲས་བུ་ལ་འགོད་པ་གཉིས་ལས། དང་པོ་ལ་ཉེར་དྲུག་ཡོད་དེ། ཚོགས་ལམ་ལ་འགོད་པའི་འཕྲིན་ལས་གསུམ། སྦྱོར་ལམ་ལ་འགོད་པའི་འཕྲིན་ལས་བཞི། གཉིས་སྣང་གི་སྤྲོས་པ་ཟད་པའི་མཐོང་ལམ་ལ་འགོད་པའི་འཕྲིན་ལས་གཅིག་དང་། སྒོམ་ལམ་ལ་འགོད་པའི་འཕྲིན་ལས་བཅོ་བརྒྱད་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། གདུལ་བྱའི་འགྲོ་བ་རྣམས་དོན་གཉེར་ཞི་བ་ཐར་པ་དོན་དུ་གཉེར་བའི་ཚོགས་ལམ་ལ་འགོད་པའི་འཕྲིན་ལས་དང་ནི་གཞན་རྒྱུད་སྨིན་བྱེད་བསྡུ་བ་རྣམ་པ་བཞི་ལ་སྦྱོར་བའི་ཚོགས་ལམ་ལ་འགོད་པའི་འཕྲིན་ལས་དང་། ཀུན་ནས་ཉོན་མོངས་རྒྱུ་འབྲས་སྡུག་ཀུན་དང་བཅས་པ་དོར་བྱའི་ཆོས་དང་རྣམ་པར་བྱང་བའི་རྒྱུ་འབྲས་བླང་བྱར་རྟོགས་པའི་ཚོགས་ལམ་ལ་འགོད་པའི་འཕྲིན་ལས་དང་གསུམ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། སེམས་ཅན་རྣམས་རང་གིས་རྟོགས་པའི་གནས་ལུགས་ཀྱི་དོན་ཇི་བཞིན་གྱི་དོན་རྟོགས་པའི་སྦྱོར་ལམ་ལ་འགོད་པའི་འཕྲིན་ལས་དང་། རང་རྒྱུད་སྨིན་བྱེད་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་བྱེད་ཀྱི་སྦྱོར་ལམ་ལ་འགོད་པ་དང་། སངས་རྒྱས་སུ་འགྲོད་པའི་ལམ་དགེ་བ་བཅུའི་བདག་ཉིད་ཀྱི་སྦྱོར་ལམ་ལ་དང་། དོན་དམ་པར་རང་བཞིན་གྱིས་སྟོང་པ་ཉིད་སྒོམ་བྱུང་གིས་རྟོགས་པའི་སྦྱོར་ལམ་ལ་དང་བཞི་ཡོད་པའི་ཕྱིར། གསུམ་པ་ཡོད་དེ། གཉིས་སྣང་གི་སྤྲོས་པ་ཟད་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་ལ་འགོད་པའི་


GLG013_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་གཅིག་ཡོད་པའི་ཕྱིར། བཞི་པ་གྲུབ་སྟེ། ཆོས་ཐམས་ཅད་བརྡ་ཙམ་བཏགས་པ་ཙམ་དུ་རྟོགས་པའི་ས་གཉིས་པའི་ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་ཉམས་ལེན་ལ་འགོད་པ་དང་། དེ་རྟོགས་པའི་ས་གསུམ་པའི་བཟོད་པའི་ཕར་ཕྱིན་གྱི་ཉམས་ལེན་ལ་འགོད་པའི་འཕྲིན་ལས་གཅིག་དང་། ཆོས་ཐམས་ཅད་དོན་དམ་པར་དམིགས་པ་མེད་པར་རྟོགས་པའི་ས་བཞི་པའི་བྱང་ཆུབ་ཕྱོགས་མཐུན་ཤེས་པའི་ཤེས་རབ་ལ་དང་། དེ་རྟོགས་པའི་ས་ལྔ་པའི་བདེན་བཞི་ཤེས་པའི་ཤེས་རབ་ལ་དང་། དེ་རྟོགས་པའི་ས་དྲུག་པའི་རྟེན་འབྲེལ་ཤེས་པའི་ཤེས་རབ་ལ་འགོད་པའི་འཕྲིན་ལས་གཅིག་དང་། ཐབས་མཁས་ཀྱི་ཕར་ཕྱིན་གྱི་སྒོ་ནས་ལུས་ཅན་རྣམས་ནི་ཡོངས་སུ་སྨིན་པར་མཛད་པའི་ས་བདུན་པ་ལ་འགོད་པའི་འཕྲིན་ལས་དང་། ས་བརྒྱད་པ་ལ་འགོད་པའི་འཕྲིན་ལས་བཞི་དང་། ས་དགུ་པ་ལ་འགོད་པའི་འཕྲིན་ལས་གཉིས་དང་། ས་བཅུ་པ་ལ་འགོད་པའི་འཕྲིན་ལས་དགུ་ཡོད་པའི་ཕྱིར་། ས་བརྒྱད་པའི་བཞི་ཡོད་དེ། བྱང་ཆུབ་སེམས་པའི་ལམ་དང་ཉན་རང་གི་ལམ་ཤེས་པའི་ལམ་ཤེས་ལ་འགོད་པའི་འཕྲིན་ལས་དང་ནི་བདེན་པར་མངོན་པར་ཞེན་པ་མངོན་གྱུར་བཟློག་པའི་ས་བརྒྱད་པ་ལ་དང་། སངས་རྒྱས་དཀོན་མཆོག་བཏགས་པ་བའི་བྱང་ཆུབ་ཐོབ་པའི་ས་བརྒྱད་པ་ལ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་སྦྱོར་བྱེད་ས་བརྒྱད་པ་ལ་འགོད་པའི་འཕྲིན་ལས་དང་བཞི་ཡོད་པའི་ཕྱིར། ལྔ་པ་གྲུབ་སྟེ། ཐེག་པ་གཞན་དུ་མི་ལྟུང་བར་འཚང་རྒྱ་བར་ངེས་པའི་ས་དགུ་པ་ལ་དང་། སེམས་ཅན་གྱི་དོན་ནི་ཚད་མེད་པ་བསྒྲུབ་པའི་ས་དགུ་པ་ལ་འགོད་པའི་འཕྲིན་ལས་དང་གཉིས་ཡོད་པའི་ཕྱིར། དྲུག་པ་གྲུབ་སྟེ། དགེ་བའི་བཤེས་གཉེན་སངས་རྒྱས་བསྟེན་པ་དང་། དམ་ཆོས་ཉན་པ་དང་མཆོད་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི་ས་བཅུ་


GLG013_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དང་། བྱང་ཆུབ་ཀྱི་ཡན་ལག་ཐོབ་པའི་ས་བཅུ་པ་ལ་དང་། ལས་རྣམས་ནི་ཕྲ་རགས་གང་ཡིན་ཡང་ཆུད་མི་ཟ་བར་མངོན་སུམ་དུ་རྟོགས་པའི་ས་བཅུ་པ་ལ་དང་། བདེན་བཞི་རྫོགས་པར་མངོན་སུམ་དུ་མཐོང་བའི་ས་བཅུ་པ་ལ་དང་། ཕུང་པོ་གཙང་བདེ་རྟག་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་བཞི་ནི་སྤངས་པའི་དང་། ཕྱིན་ཅི་ལོག་བཞི་པོ་དེ་སྐྱེད་པའི་གཞི་བདེན་འཛིན་མེད་པའི་ཚུལ་གྱི་ས་བཅུ་པ་ལ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་རྣམ་པར་བྱང་བ་རྫོགས་པའི་ས་བཅུ་པ་ལ་དང་། བྱང་ཆུབ་ཀྱི་རྒྱུ་ཚོགས་གཉིས་རྫོགས་པའི་ས་བཅུ་པ་ལ་དང་ནི། འདུས་བྱས་འཁོར་བ་དང་འདུས་མ་བྱས་མྱ་ངན་ལས་འདས་པ་ལ་དོན་དམ་པར་ཐ་དད་དུ་ཡོངས་སུ་མི་ཤེས་པར་མངོན་སུམ་དུ་རྟོགས་པའི་ས་བཅུ་པ་ལ་འགོད་པའི་འཕྲིན་ལས་དང་དགུ་ཡོད་པའི་ཕྱིར། གཉིས་པ་ལམ་གྱི་འབྲས་བུ་ལ་འགོད་ཚུལ་ནི། མཆོག་གི་སྤྲུལ་སྐུ་ཆོས་ཅན། ཁྱོད་ཀྱིས་གདུལ་བྱ་ལམ་གྱི་འབྲས་བུ་ལ་འགོད་པའི་འཕྲིན་ལས་མཛད་དེ། མྱ་ངན་ལས་འདས་པ་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར། གསུམ་པ་གྲངས་ཀྱི་སྒོ་ནས་དོན་བསྡུ་བ་ནི། ཡེ་ཤེས་ཆོས་སྐུའི་འཕྲིན་ལས་ནི་ཆོས་ཅན། རྣམ་པ་ཉི་ཤུ་རྩ་བདུན་དུ་ཡོད་དེ། སྔར་བཤད་པ་དེ་ལྟར་ཡིན་པའི་ཕྱིར། གསུམ་པ་ལ་གཉིས། སོ་སོར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་གཉིས། ལམ་ལ་འགོད་པ་དང་། ལམ་གྱི་འབྲས་བུ་ལ་འགོད་པའོ། །དང་པོ་ལ་བཞི་ཚོགས་ལམ་ལ་དང་། སྦྱོར་ལམ་ལ་དང་། མཐོང་ལམ་ལ་དང་། སྒོམ་ལམ་ལ་འགོད་པའོ། །དང་པོ་ནི། དེ་བཞིན་གཤེགས་པ་ཆོས་ཅན། གདུལ་བྱ་རྣམས་ལམ་སྒྲུབ་པའི་རྟེན་ཁྱད་པར་ཅན་ལ་འགོད་པར་མཛད་དེ། དེ་རྣམས་རྣམ་མཁྱེན་སྒྲུབ་པའི་རྟེན་ཁྱད་པར་ཅན་རྣམ་སྨིན་གྱི་ཡོན་


GLG013_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་བརྒྱད་དང་ལྡན་པའི་དལ་འབྱོར་གྱི་རྟེན་ལ་འགོད་པའི་ཕྱིར། འདི་ནི་དོན་གྱིས་ཐོབ་པའི་ཤུགས་བསྟན་ཡིན་གྱི་ཚིག་ཟིན་ཉེར་བདུན་གྱི་གྲངས་ལ་ཟུར་དུ་མི་འདྲེན་ནོ། །དེ་ནས་ཆོས་ཅན། གདུལ་བྱ་དང་པོར་སྐྱེས་བུ་འབྲིང་དང་ཐུན་མོང་པའི་བསམ་པ་ལ་འགོད་དེ། འགྲོ་བ་བཟང་པོ་མངོན་མཐོ་དང་བཟང་པོ་མ་ཡིན་པ་ངན་འགྲོ་ལ་མངོན་པར་ཞེན་པ་མེད་པའི་མཚན་ཉིད་ཀྱིས་འགྲོ་བ་ལྔ་པོ་ཙམ་ལ་སྲེད་པ་རབ་ཏུ་ཞི་བའི་སྒོ་ནས་ཐར་པ་དོན་གཉེར་ལ་འགོད་པའི་འཕྲིན་ལས་མཛད་པའི་ཕྱིར། དེ་ནས་ཆོས་ཅན། གཞན་རྒྱུད་སྨིན་བྱེད་ལ་འགོད་པར་མཛད་དེ། སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་བཞི་ལ་བཀོད་དེ་འཕྲིན་ལས་མཛད་པའི་ཕྱིར། ཆོས་ཅན། བདེན་བཞི་རྟོགས་པའི་ལྟ་བ་ལ་འགོད་དེ། ཐོས་པ་ལ་སོགས་པ་གསུམ་ལས་བྱུང་བའི་ཤེས་པས་མི་མཐུན་པའི་ཕྱོགས་སྡུག་ཀུན་དོར་བར་བྱ་བ་དང་གཉེན་པོ་འགོག་ལམ་བླང་བར་བྱ་བའི་སྒོ་ནས་རྟོགས་པར་འགྱུར་བའི་འཕྲིན་ལས་མཛད་པའི་ཕྱིར། སྙིང་པོའི་རྒྱན་དུ་རྩ་བ་འཆད་པའི་སྐབས་སུ་དེ་གསུམ་ཁོ་ན་ཚོགས་ལམ་དང་སྦྱར་བ་ནི་ལོ་ཆེན་གྱི་བཞེད་པ་སྟེ། སྔར་ཡང་དེ་ལྟར་བཀོད་དོ། །གཉིས་པ་ནི། དེ་ནས་ཆོས་ཅན། གཞན་དོན་གྱི་བསམ་པ་ཕུན་ཚོགས་ལ་འགོད་དེ། སྒྱུ་མ་བཞིན་དུ་སེམས་ཅན་ལ་རྗེས་སུ་ཆགས་པ་ལ་སོགས་པས་རྣམ་པར་དབེན་པ་ཉིད་ཀྱིས་སེམས་ཅན་གྱི་དོན་ཏེ་གཞན་གྱི་དོན་བྱམས་པ་ལ་སོགས་པ་ཚད་མེད་བཞིའི་མཚན་ཉིད་ཇི་ལྟ་བའི་བདག་ཉིད་ལ་བཀོད་དེ་འཕྲིན་ལས་མཛད་པའི་ཕྱིར། ཆོས་ཅན། བསམ་པ་ཕུན་ཚོགས་ལ་བཀོད་པ་དེའི་རྗེས་ལ་རང་རྒྱུད་སྨིན་བྱེད་སྦྱོར་བ་ཕུན་ཚོགས་ལ་འགོད་དེ། རང་གི་དོན་འཁོར་གསུམ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕ་རོལ་རུ་ཕྱིན་པ་དྲུག་ལ་གོམས་པ་ལ་འགོད་པའི་ཕྱིར། ཆོས་ཅན། དེའི་འོག་ཏུ་གཉིས་


GLG013_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་སྤྱོད་པ་ཕུན་ཚོགས་ལ་འགོད་དེ། རང་དང་གཞན་གྱི་དོན་གྱི་མཚན་ཉིད་གང་སྒྲུབ་ཀྱང་ངེས་པར་དགོས་པའི་སངས་རྒྱས་ཉིད་ཀྱི་ལམ་སྟེ་དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པའི་ཕྱིར། དེ་ནས་ཆོས་ཅན། སྦྱོར་ལམ་ལ་འགོད་པའི་འཕྲིན་ལས་མཛད་དེ། ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པ་ཉིད་འཇིག་རྟེན་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་གོམས་བཞིན་པ་ལ་འགོད་པའི་ཕྱིར། གསུམ་པ་ནི། ཆོས་ཅན། དེའི་རྗེས་ལ་ས་དང་པོ་ལ་འགོད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་ཆོས་ཀྱི་དབྱིངས་ཆོས་ཅན་ཐམས་ཅད་ལ་ཀུན་ཏུ་འགྲོ་བ་གསར་དུ་རྟོགས་པའི་མཚན་ཉིད་ཅན་གྱི་གཟུང་འཛིན་གཉིས་སུ་མེད་པའི་ཆོས་རྟོགས་པའི་ས་དང་པོ་ལ་འགོད་པའི་ཕྱིར། བཞི་པ་ནི། དེ་ནས་ཆོས་ཅན། ས་གཉིས་པ་ལ་སོགས་པ་ས་བཞི་ལ་འགོད་དེ། ཚོགས་གཉིས་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པས་ཁྱད་པར་དུ་བྱས་པའི་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཞི་རྫོགས་པའི་སྒོ་ནས་ཆོས་ཐམས་ཅད་བརྡར་བཏགས་པ་ཙམ་གྱི་ཆོས་སུ་རྟོགས་པའི་ས་གཉིས་པ་ནས་ལྔ་པའི་བར་ལ་འགོད་པའི་ཕྱིར། ཆོས་ཅན། དེ་བཞིན་དུ་རིམ་གྱིས་ས་དྲུག་པ་ལ་འགོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་ལ་བརྟེན་ནས་ཤེས་པ་དང་ཤེས་བྱའི་དངོས་པོར་བདེན་པར་མངོན་པར་མ་ཞེན་པའི་མཚན་ཉིད་ཅན་གྱི་ཆོས་ཐམས་ཅད་དོན་དམ་པར་དམིགས་སུ་མེད་པའི་དོན་དམ་སེམས་བསྐྱེད་དྲུག་པ་ལ་འགོད་པའི་ཕྱིར། ཆོས་ཅན། དེའི་འོག་ཏུ་ས་བདུན་པ་ལ་འགོད་དེ། ཐབས་མཁས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ས་བདུན་པ་ལ་འགོད་པའི་ཕྱིར། དེ་ནས་ཆོས་ཅན། ས་བརྒྱད་པ་ལ་འགོད་དེ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་གྱི་སྟོབས་ཀྱིས་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་བྱང་ཆུབ་སེམས་དཔའི་ལམ་ཕྱིན་དྲུག་ལ་འགོད་པའི་ཕྱིར། དེ་ནས་ཆོས་ཅན། ས་


GLG013_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་དེ་ཉིད་ཀྱི་ཁྱད་པར་ལ་འགོད་དེ། ཆོས་ཐམས་ཅད་ལ་བདེན་པར་མངོན་པར་ཞེན་པ་མངོན་གྱུར་ཟད་པར་སྤངས་པའི་དོན་དམ་སེམས་བསྐྱེད་བརྒྱད་པ་ལ་འགོད་པའི་ཕྱིར། ཆོས་ཅན། དེའི་རྗེས་ལ་ས་དགུ་པ་ལ་འགོད་དེ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་གྱི་མཐུས་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བའི་བླ་མེད་བྱང་ཆུབ་འཐོབ་པའི་ལག་རྗེས་འཇོག་པའི་ས་དགུ་པ་ལ་འགོད་པའི་ཕྱིར། ཆོས་ཅན། དེའི་འོག་ཏུ་ས་བཅུ་པ་ཐོབ་མ་ཐག་པ་ལ་འགོད་དེ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་གྱི་སྟོབས་ཀྱིས་སངས་རྒྱས་ཀྱི་སྣོད་བཅུད་ཀྱི་ཞིང་སྣ་ཚོགས་རྣམ་པར་དག་པ་ལ་སྦྱོར་བའི་ཞིང་སྣ་ཚོགས་རྣམ་པར་དག་པ་ས་བཅུ་པ་ལ་འགོད་པའི་ཕྱིར། དེ་ནས་ཆོས་ཅན། ཡང་ས་བཅུ་པ་དེ་ཉིད་ཀྱི་ཁྱད་པར་ལ་འགོད་དེ། སྐྱེ་བ་གཅིག་གིས་ཐོགས་པའི་རང་གི་ངོ་བོ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སོ་སོར་ངེས་པ་ལ་འགོད་པའི་ཕྱིར། ཆོས་ཅན། གཞན་དོན་ལྷུན་གྱིས་གྲུབ་པའི་ས་བཅུ་པ་ལ་འགོད་དེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་དོན་སངས་རྒྱས་དང་མཉམ་པ་ལ་འགོད་པར་མཛད་པའི་ཕྱིར། ཆོས་ཅན། སངས་རྒྱས་ཀྱི་ཆོས་རྣམས་རྫོགས་བྱེད་ཀྱི་ས་བཅུ་པ་ལ་འགོད་དེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང་། ལ་སོགས་པས་སེམས་ཅན་སྨིན་པ་དང་། མངོན་ཤེས་རྫོགས་པའི་ཡོན་ཏན་ཅན་གྱི་ས་ལ་བཀོད་པའི་ཕྱིར། དེ་ནས་ཆོས་ཅན། དེ་ལྟ་བུའི་རིམ་པས་ས་བཅུ་པ་དེ་ཉིད་ཀྱི་ཁྱད་པར་ལ་འགོད་


GLG013_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ས་བཅུ་པའི་ཁྱད་པར་གྱི་ལམ་གྱི་རང་གི་ངོ་བོ་བླ་ན་མེད་པའི་བྱང་ཆུབ་ཀྱི་ཡོན་ཏན་མཐའ་དག་སྐྱེ་བ་དེ་ཉིད་ལ་འདྲེན་པར་བྱེད་པའི་ཆོས་ཀྱི་མཚན་ཉིད་བྱང་ཆུབ་ཀྱི་ཡན་ལག་རྫོགས་པ་ལ་འགོད་པའི་ཕྱིར། ཆོས་ཅན། ཆོས་འདྲ། མངོན་མཐོ་ངེས་ལེགས་ཀྱི་ལས་དང་འབྲས་བུ་འབྲེལ་བ་ཆུད་མི་ཟ་བར་མངོན་སུམ་དུ་རྟོགས་པའི་ས་བཅུ་པ་ལ་འགོད་པའི་ཕྱིར། ཆོས་ཅན། ཆོས་འདྲ། བདེན་བཞིའི་དངོས་པོ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་རྟོགས་པ་ལ་འགོད་པའི་ཕྱིར། ཆོས་ཅན། ཆོས་འདྲ། ཕྱིན་ཅི་ལོག་བཞི་པོ་ཐམས་ཅད་ཟད་པར་སྤངས་པ་ལ་འགོད་པའི་ཕྱིར། ཆོས་ཅན། ཆོས་འདྲ། ཕྱིན་ཅི་ལོག་སྟེ་གཞི་བདེན་འཛིན་མེད་པ་སྟེ་སྤངས་པའི་དོན་དམ་སེམས་བསྐྱེད་བཅུ་པའི་ཡེ་ཤེས་ལ་འགོད་པའི་ཕྱིར། ཆོས་ཅན། ཆོས་འདྲ། རང་བཞིན་གྱིས་ཡོངས་སུ་དག་པའི་མཚན་ཉིད་ཅན་གྱི་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་རྣམ་པར་བྱང་བའི་རྒྱུ་ཚོགས་ལ་འགོད་པའི་ཕྱིར། ཆོས་ཅན། ཆོས་འདྲ། གློ་བུར་གྱི་དྲི་མ་ཐམས་ཅད་དང་བྲལ་བ་རྣམ་པར་བྱང་པའི་རྒྱུའི་ཚོགས་ལ་འགོད་པའི་ཕྱིར། ཆོས་ཅན། ཆོས་འདྲ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་འདུས་བྱས་འཁོར་བ་དང་འདུས་མ་བྱས་མྱ་ངན་ལས་འདས་པ་དོན་དམ་པར་ཐ་མི་དད་པར་མངོན་སུམ་དུ་ཡོངས་སུ་ཤེས་པའི་དོན་དམ་སེམས་བསྐྱེད་བཅུ་པ་ལ་འགོད་པའི་ཕྱིར། གཉིས་པ་ནི། ཆོས་ཅན། གདུལ་བྱ་རྣམས་དེ་བཞིན་གཤེགས་པའི་ས་ལ་འགོད་དེ། མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པར་མཛད་པའི་ཕྱིར། གཉིས་པ་དོན་བསྡུ་བ་ནི། དེ་ལྟར་ན་ཡེ་ཤེས་ཆོས་སྐུ་རྒྱུན་མི་ཆད་པ་བཞིན་དུ་འདིའི་འཕྲིན་ལས་རྣམ་པ་ཉི་ཤུ་རྩ་བདུན་ཡང་ཆོས་ཅན། རྒྱུན་མི་ཆད་པ་ཡིན་ཏེ། འཁོར་བ་ཇི་སྲིད་པར་ཇི་ལྟར་བཞེད་པ་ཙམ་གྱིས་མཛད་པའི་


GLG013_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲིན་ལས་ཡིན་པའི་ཕྱིར། གཉིས་པ་ནི། འོ་ན་སེམས་བསྐྱེད་དང་འཕྲིན་ལས་ཀྱི་དབྱེ་བ་སྟོན་པའི་སྐབས་སུ་ཐོག་མཐའ་གཉིས་པོ་སོ་སོའི་ས་མཚམས་དངོས་སུ་བཤད་ནས་བར་གྱི་ཚིག་དོན་དྲུག་ཅུ་རྩ་བརྒྱད་འཆད་པའི་སྐབས་སུ་རང་རང་གི་ས་མཚམས་དངོས་སུ་མི་འཆད་པ་ཇི་ལྟར་ཡིན་ཞེ་ན། དེ་ལྟར་མི་འཆད་པའི་རྒྱུ་མཚན་ཡོད་དེ། དང་པོ་དང་ཐ་མ་གཉིས་ལ་སོགས་པའི་སྐབས་འགའ་ཞིག་ཏུ་ས་མཚམས་གསལ་བར་བསྟན་ཅིང་བསྟན་པ་ལ་བརྟེན་ནས་དོན་ལྷག་མ་རྣམས་ཀྱི་ས་མཚམས་ཀྱང་རྟོགས་ནུས་པ་ལ་ཕལ་ཆེར་ལམ་སྤྱིའི་ཁྱད་ཆོས་སྟོན་པ་སྐབས་སུ་བབ་པས་ཡིན་པའི་ཕྱིར། འབྲེེལ་བ་འདིར་ལྷག་མ་བར་གྱི་ཚིག་གི་དོན་དྲུག་ཅུ་རྩ་བརྒྱད་པོ་རྣམས་ཀྱི་ས་མཚམས་དངོས་སུ་མ་བསྟན་ཀྱང་དེའི་ས་མཚམས་འགྲེལ་པ་འདི་ལ་བརྟེན་ནས་མི་རྟོགས་པའི་སྐྱོན་མེད་དེ། རྒྱན་གྱི་དོན་བདུན་ཅུའི་དང་པོ་སེམས་བསྐྱེད་པ་དང་ཐ་མའི་འཕྲིན་ལས་བསྟན་པའི་གོ་རིམ་སྟེ་ས་མཚམས་བསྟན་པའི་རིམ་པ་ལ་བསྟེན་ནས་ཁོང་དུ་ཆུད་པར་བྱ་ནུས་པའི་ཕྱིར། རྩ་བར་དངོས་སུ་མ་བསྟན་ཀྱང་འགྲེལ་པས་ངེས་པར་བཤད་དགོས་སོ་ཞེ་ན། འགྲེལ་པར་སེང་གེ་བཟང་པོ་བདག་གིས་ནི་ལྷག་མ་རྣམས་ཀྱི་ས་མཚམས་མ་བྲིས་པ་ཆོས་ཅན། རྒྱུ་མཚན་ཡོད་དེ། ཚིག་ཧ་ཅང་མངས་སུ་དོགས་པ་དེས་ནའི་ཕྱིར་རོ། །གསུམ་པ་སྐབས་བསྡུ་བ་ནི། ཤེས་བྱ་ཆོས་ཅན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྐབས་བརྒྱད་པའི་འགྲེལ་པའོ་སྟེ་བརྒྱད་པའི་ཚིག་དོན་གཉིས་གཏན་ལ་ཕབ་པ་ཡིན་ཏེ། ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞིའི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར། སྨྲས་པ། ཁུངས་ལྡན་ལུང་གི་འཛམ་བུ་ཆུ་བོའི་གསེར། །རིགས་པས་བཅད་བརྡར་བགྱིས་པའི་ཞུན་མའི་ཏོག །མཁས་མང་ལེགས་བཤད་


GLG013_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཕྲ་བཀོད་པའི། །རྒྱན་འདི་སྐལ་བཟང་འགྲམ་པར་འཆང་བའི་འོས། །ཡོངས་འཛིན་བསྟེན་དང་རྣམ་འབྱེད་ཤེས་རབ་མཐུ། །ཆེས་དམན་ཚོད་ཀྱིས་འཇལ་བའི་བཤེས་གཉེན་དག །དད་པའི་རྗེས་སུ་འབྲང་བའི་ཁྱུ་རྡལ་ཞིག །ལོག་པའི་གཡང་ས་ཆེ་ལ་ཁྲིད་ཀྱིས་དོགས། །བློ་དང་བརྩོན་འགྲུས་མཆོག་ཏུ་གྱུར་མིན་ཞིང་། །ཡུན་རིང་སྦྱངས་པའི་སྙེམས་པ་མི་ལྡན་ཡང་། །འཇམ་དབྱངས་བླ་མའི་དྲིན་ལས་ཚུལ་འདི་རྣམས། །སྨྲ་ཚེ་མཁས་མང་དབུས་སུ་མནོང་མ་དགོས། །བློ་དམན་ཡོངས་ཀྱིས་མི་རྟོགས་ཤིང་། །བློ་ཆེན་རྣམས་ཀྱང་ཁྱོགས་འཆད་འདི། །བློ་བཟང་གྲགས་པའི་ལེགས་བཤད་ལས། །བློ་ལྡན་ཁོ་བོས་རྣམ་པར་ཕྱེ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་གསལ་བར་བྱེད་པ་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ཞེས་བྱ་བ་ལས། སྐབས་བརྒྱད་པའི་ཚིག་དོན་མཐའ་དཔྱོད་ཇི་སྙེད་པ་བཤད་ཟིན་ཏོ།། །།གསུམ་པ་བསྡུས་དོན་གཞན་བསྟན་པ་ལ། དོན་དྲུག་ཏུ་བསྡུ་བ་དང་། དོན་གསུམ་དུ་བསྡུ་བ་གཉིས། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དེ་ལྟར་རྒྱས་པ་ལ་དགའ་བའི་དོན་དུ་དོན་བརྒྱད་ཀྱི་སྒོ་ནས་རྣམ་པར་བཤད་ནས། ཡང་། མཚན་ཉིད་དེ་ཡི་སྦྱོར་བ་དང་། །ཞེས་སོགས་ཀྱིས་གཞན་དྲུག་ཏུ་རྣམ་པར་བཤད་པ་ཡིན་ཏེ། འབྲིང་དུ་དད་པའི་སེམས་ཅན་ལ་ཕན་གདགས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། རྒྱན་གྱི་དོན་བསྡུས་བརྒྱད་ལས་གཞན་ཏེ་རྣམ་པ་དྲུག་ཏུ་ཤེས་པར་བྱ་སྟེ། མཁྱེན་གསུམ་གྱི་ངོ་བོར་གྱུར་པའི་མཚན་ཉིད་དང་། དེའི་


GLG013_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཉམས་ལེན་གྱི་རྣམ་རྫོགས་སྦྱོར་བ་དང་། དེ་རབ་ཏུ་གྱུར་པའི་རྩེ་མོ་དང་། དེའི་རྣམ་པ་ཉམས་ལེན་གྱི་གོ་རིམ་མཐར་གྱིས་པ་དང་། དེའི་སྦྱོར་བ་མཐར་ཐུག་པ་སྐད་ཅིག་མ་དང་། དེའི་རྣམ་སྨིན་གྱི་འབྲས་བུ་མཐར་ཐུག་ཆོས་སྐུ་ནི་དྲུག་ཏུ་ཤེས་པར་བྱ་བའི་ཕྱིར། གསུམ་པ་ལ། སོ་སོར་བཤད་པ་དང་། དོན་བསྡུས་ནས་ཚིག་དོན་རྒྱས་པ་སྔ་མ་ལ་ཁ་འཕངས་པ་གཉིས། དང་པོ་ནི། དང་པོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་ཆོས་ཅན། སྦྱོར་བའི་བསྒོམ་བྱའི་ཡུལ་མཚོན་པར་བྱ་བའི་མཚན་ཉིད་ཡིན་ཏེ། མཁྱེན་གསུམ་གྱི་རྣམ་པའི་སྒོ་ནས་མངོན་པར་མཚོན་པའི་གནས་ཡིན་པའི་ཕྱིར། དེ་ནས་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ནི་ཆོས་ཅན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་ཉམས་སུ་ལེན་པའི་སྦྱོར་བ་ཡིན་ཏེ། མཁྱེན་གསུམ་གྱི་རྣམ་པ་དབང་དུ་བྱ་བའི་ཕྱིར་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་སྒོམ་པ་ལ་སྦྱོར་བ་ཡིན་པའི་ཕྱིར། དགོས་པ་ཡོད་དེ། དེའི་རྣམ་པ་ལ་དབང་དུ་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ནས་རྩེ་མོའི་མངོན་པར་རྟོགས་པ་ནི་ཆོས་ཅན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་སྒོམ་པ་རབ་ཀྱི་གནས་སྐབས་ཡིན་ཏེ། རྣམ་རྫོགས་སྦྱོར་བ་ཤིན་ཏུ་གོམས་པས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཕུལ་དུ་བྱུང་བར་འགྲོ་ཞིང་སོང་བའི་སྦྱོར་བ་ཡིན་པའི་ཕྱིར། དེ་ནས་མཐར་གྱིས་པའི་མངོན་པར་རྟོགས་པ་ནི་ཆོས་ཅན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་གོ་རིམ་ངེས་པ་ཅན་དུ་སྒོམ་པའི་གོ་རིམ་གྱི་གནས་སྐབས་ཡིན་ཏེ། སྐབས་དང་པོ་གསུམ་གྱི་སོ་སོ་བ་དང་མཐའ་དག་ཏུ་རྣམ་པར་བསྒོམ་པའི་དོན་དཀྱུས་ཐོག་གཅིག་ལ་གཞུང་སྲོང་བར་བྱེད་བའི་སྒོ་ནས་སྒོམ་པའི་སྦྱོར་བ་ཡིན་པའི་


GLG013_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། ཤེས་བྱ་ཆོས་ཅན། དེ་ལ་དགོས་པ་ཡོད་དེ། རྟོགས་པའི་དངོས་པོ་ངེས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ནས་ཡང་དག་པར་སྐད་ཅིག་མ་གཅིག་པའི་མངོན་པར་བྱང་ཆུབ་པའི་སྦྱོར་བ་ནི་ཆོས་ཅན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་མཐར་ཐུག་པའི་གནས་སྐབས་ཡིན་ཏེ། སློབ་ལམ་གྱི་རྟོགས་པ་ཁྱོད་ལས་ཁྱད་པར་དུ་འགྲོ་བར་བྱར་མེད་པས་སྦྱོར་བ་མཐར་ཐུག་ཡིན་པའི་ཕྱིར། དེ་ནས་ཆོས་ཀྱི་སྐུ་མཛད་པ་དང་བཅས་པ་ནི་ཆོས་ཅན། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྟོགས་པ་རྣམ་པར་སྨིན་པའི་གནས་སྐབས་ཡིན་ཏེ། སྦྱོར་བ་དེའི་འབྲས་བུ་མཐར་ཐུག་ཡིན་པའི་ཕྱིར། གཉིས་པ་ནི། དེ་ལྟར་ན་ཡུམ་གསུམ་པོ་ཐམས་ཅད་ཀྱི་དོན་བསྡུས་པ་བརྒྱད་ལས་རྣམ་པ་དྲུག་གི་ཚིག་དོན་ཡང་ཆོས་ཅན། ཤེས་པར་བྱ་སྟེ། སྔ་མ་བརྒྱད་ཀྱི་སྐབས་ཁོ་ན་བཞིན་དུ་བཤད་པ་ལ་བརྟེན་ནས་ཤེས་པར་བྱ་བའི་ཕྱིར། གཉིས་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་བ་གསུམ་ལས། དང་པོ་ནི། དེ་ལྟར་དོན་གྱི་སྤྲོས་པ་བར་མ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པར་བྱ་བའི་ཕྱིར་དུ། དོན་བསྡུས་པ་དྲུག་གི་སྒོ་ནས་རྣམ་པར་བཤད་ནའང་། དྲུག་ལས་གཞན་གསུམ་དུ་བསྡུས་ནས་རྣམ་པར་བཤད་པ་ཆོས་ཅན། དགོས་པ་ཡོད་དེ། མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་ལ་ཕན་གདགས་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། མཁྱེན་པ་རྣམ་པ་གསུམ་པོའི་རྣམ་པ་ཆོས་ཅན། སྦྱོར་བའི་བསྒོམ་བྱའི་ཡུལ་ཡིན་ཏེ། དེའི་བླང་བྱ་ཡིན་པའི་ཕྱིར། སྦྱོར་བ་བཞིའི་བདག་ཉིད་ཆོས་ཅན། མཁྱེན་གསུམ་མཐར་ཐུག་དེའི་རྒྱུ་ཡིན་ཏེ། དེ་ཐོབ་བྱེད་ཡིན་པའི་ཕྱིར། ཆོས་སྐུ་འཕྲིན་ལས་ནི་ཆོས་ཅན། མཁྱེན་གསུམ་སྦྱོར་བའི་འབྲས་བུ་ཡིན་ཏེ། དེའི་སྟོབས་ཀྱིས་ཐོབ་པའི་ཕྱིར། ཡུམ་གསུམ་གྱི་
དོན་བསྡུས་པ་གཞན་ཡང་འཆད་དེ། ཡུལ་རྒྱུ་འབྲས་རྣམ་པ་གསུམ་དུ་འཆད་པའི་ཕྱིར། གསུམ་པ་ནི། དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ངོ་བོ་ཉིད་ནི་ཆོས་ཅན། སྦྱོར་བ་སྒོམ་པ་ལ་འཇུག་པའི་ཡུལ་གྱི་རྒྱུ་ཡིན་ཏེ། ཁྱོད་སྦྱོར་བའི་ཤེས་བྱ་དང་བསྒོམ་བྱ་དང་ཐོབ་བྱར་བྱས་ནས་སྦྱོར་བ་སྒོམ་པ་ལ་འཇུག་པའི་ཕྱིར། དེ་ཇི་ལྟར་བསྒོམ་ཞིང་རབ་ཏུ་སྦྱོར་ཞེ་ན། དེའི་འོག་ཏུ་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པའི་རྣམ་པ་བཞི་ནི་ཆོས་ཅན། མཁྱེན་གསུམ་གྱི་རྣམ་པ་སྒོམ་པའི་སྦྱོར་བ་ཡིན་ཏེ། དེ་འདྲའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་ཡིན་པའི་ཕྱིར། མཁྱེན་གསུམ་གྱི་སྦྱོར་བ་དེ་ལྟ་བུ་དང་ལྡན་པའི་རྒྱུ་སྦྱོར་བ་དེའི་འབྲས་བུ་ཅི་ཞིག་ཡིན་ཞེ་ན། དེའི་འོག་ཏུ་ཆོས་ཀྱི་སྐུ་འཕྲིན་ལས་དང་བཅས་པ་མཐར་ཐུག་པ་ནི་ཆོས་ཅན། མཁྱེན་གསུམ་སྦྱོར་བའི་འབྲས་བུ་ཡིན་ཏེ། དེའི་ཐོབ་བྱ་མཐར་ཐུག་ཡིན་པའི་ཕྱིར། དོན་བསྡུ་བ་ནི། ཤེས་བྱ་ཆོས་ཅན། རྒྱལ་བའི་ཡུམ་རྣམ་པ་གསུམ་གྱི་དོན་བསྡུས་པ་སྔ་མ་གཉིས་ལས་གཞན་རྣམ་པ་གསུམ་དུ་ཤེས་པར་བྱའོ་ཞེས་བཤད་པ་ཡིན་ཏེ། གསུམ་དུ་བསྡུས་པ་དེའི་ཚིག་དོན་ཡང་བརྒྱད་དུ་བཤད་པ་དེ་ཁོ་ན་བཞིན་དུ་བཤད་པར་བྱ་བ་ཡིན་པའི་ཕྱིར།


previousམཆོག་གི་སྤྲུལ་སྐུ་བཤད་པ།next