Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
སྙོམས་འཇུག་ཡོན་ཏན་གཏན་ལ་དབབ་པ།
   
   
   
   
   


 
previousསྙོམས་འཇུག་ཡོན་ཏན་གཏན་ལ་དབབ་པ།next

སྙོམས་འཇུག་ཡོན་ཏན་གཏན་ལ་དབབ་པ།


GLG014_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སྙོམས་འཇུག་གི་ཡོན་ཏན་གཏན་ལ་དབབ་པ་ལ། སྙོམས་འཇུག་གི་རང་བཞིན་གཏན་ལ་དབབ། དེའི་ཁྱད་པར་གྱི་ཆོས། ཏིང་ངེ་འཛིན་གསུམ་གྱི་དབྱེ་བ། དེ་ལ་བརྟེན་པའི་ཡོན་ཏན་བཤད་པ་དང་བཞི། དང་པོ་ལ། སྙོམས་འཇུག་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། བསམ་གཏན་དེ་དག་ནི་ཆོས་ཅན། རྣམ་པ་གཉིས་ཡོད་དེ། རྒྱུ་སྙོམས་འཇུག་གི་བསམ་གཏན་དང་། འབྲས་བུ་སྐྱེ་བའི་བསམ་གཏན་གཉིས་ཡོད་པའི་ཕྱིར། དེ་རེ་རེ་ལ་བཞི་བཞི་ཡོད་དེ། དང་པོ་ནས་བཞི་པའི་བར་ཡོད་པའི་ཕྱིར། དེར་སྐྱེ་བ་འབྲས་བུ་སྐྱེས་ཐོབ་ཀྱི་བསམ་གཏན་ནི་འདིར་རྒྱས་པར་མི་འཆད་དེ། གོང་མའི་གནས་དང་བཅུ་བདུན་ནི། །ཞེས་སོགས་ཀྱི་སྐབས་སུ་རབ་ཏུ་བཤད་ཟིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །བསམ་གཏན་དང་པོ་ན་ཚོར་བ་བདེ་བ་ཡིད་བདེ་བཏང་སྙོམས་གསུམ་ག་ཡོད་ཅིང་། གཉིས་པ་མན་ཆད་ལ་མེད་པའི་ཁྱད་པར་འཐད་ཟེར་ན། བསམ་གཏན་གཉིས་པ་ན། མིག་རྣ་བ་ལུས་ཀྱི་རྣམ་ཤེས་གསུམ་དང་། ལུས་ངག་གི་ལས་ཀུན་ནས་སློང་བར་བྱེད་པའི་རྟོག་དཔྱོད་གཉིས་མེད་པར་ཐལ། འདོད་པའི་


GLG014_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། འདོད་ན། བསམ་གཏན་གཉིས་པ་བའི་རྒྱུད་ལ་དེ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །སྲིད་རྩེའི་སྙོམས་འཇུག་ཁྱད་པར་ཆ་མཐུན་དང་། ངེས་འབྱེད་ཆ་མཐུན་གཉིས་མེད་ཟེར་ན། མི་འཐད་པར་ཐལ། སྲིད་རྩེའི་སྙོམས་འཇུག་དེ་ལ་ངེས་འབྱེད་ཆ་མཐུན་ཡོད་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། སྲིད་པའི་རྩེ་མོ་རྣམ་པ་གསུམ་སྟེ། ཁྱད་པར་གྱི་ཆ་དང་མཐུན་པ་ནི་མ་གཏོགས་སོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །སྐབས་འདིར་སྟོང་ཉིད་ཀྱི་རྣམ་གཞག་ཁས་མི་ལེན་ཟེར་ན། མི་འཐད་པར་ཐལ། སྐབས་འདིར་རྣམ་ཐར་སྒོ་གསུམ་གྱི་སྟོང་ཉིད་ཀྱི་རྣམ་གཞག་ཁས་ལེན་པའི་ཕྱིར། དེར་ཐལ། དེའི་ཏིང་ངེ་འཛིན་ཁས་ལེན་པའི་ཕྱིར། གཉིས་པ་ནི། བསམ་གཏན་གྱི་དངོས་གཞིའི་སྙོམས་འཇུག་ཆོས་ཅན། ངོ་བོ་ཡོད་དེ། ཡན་ལག་གི་སྒོ་ནས་འོག་ས་ལས་འདོད་ཆགས་དང་བྲལ་བའི་དགེ་བའི་སེམས་རྩེ་གཅིག་པ་ཡིན་པའི་ཕྱིར། ཕུང་པོ་དུ་མ་ཡོད་དེ། རྗེས་འབྲང་དང་བཅས་པར་ཕུང་པོ་ལྔ་ག་ཡོད་པའི་ཕྱིར། དང་པོའི་ངོ་བོ་ཡོད་དེ། རྟོག་དཔྱོད་དང་། དགའ་བ་དང་། བདེ་བ་དང་མཚུངས་པར་ལྡན་པའི་ཕྱིར། གཉིས་པ་ནས་བཞི་པའི་བར་གྱི་ངོ་བོ་ཡོད་དེ། བསམ་གཏན་ལྷག་མ་གསུམ་ནི་ཡན་ལག་སྔ་མ་སྔ་མ་སྤངས་པ་ཡི། དགེ་བ་རྩེ་གཅིག་པ་ཞེས་བཤད་པའི་ཕྱིར། གཞན་ཡང་ཡོད་དེ། སྤྱོད་པ་སོགས་སྤངས་ནས་དགའ་བ་སོགས་གཉེན་པོའི་ཡན་ལག་དང་ལྡན་པའི་ཕྱིར། གཉིས་པ་ལ། དབྱེ་བ། འཐོབ་ཚུལ། དམིགས་པའི་ཁྱད་པར། སོ་སོའི་ངོ་བོ་དང་བཞི་ལས། དང་པོ་ནི། གཟུགས་མེད་ཆོས་ཅན། གཉིས་ཡོད་དེ། བསམ་གཏན་དེ་བཞིན་དུ་རྒྱུ་སྙོམས་འཇུག་གི་གཟུགས་མེད་དང་འབྲས་བུ་སྐྱེ་བའི་གཟུགས་མེད་དག་ཡོད་པའི་ཕྱིར། རྗེས་འབྲང་དང་བཅས་པར་ཕུང་པོ་བཞི་ཡོད་དེ། དེ་དང་བརྒྱ་བར་གཟུགས་ཕུང་མ་གཏོགས་པའི་ཕུང་པོ་རྣམས་ཡོད་པའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། འཐོབ་ཚུལ་ཡོད་དེ། འོག་མའི་ས་ལས་དབེན་པ་སྟེ་ཆགས་བྲལ་གྱི་ཚུལ་གྱིས་


GLG014_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བའི་ཕྱིར། གསུམ་པ་ནི། གཟུགས་མེད་ཀྱི་ཉེར་བསྡོགས་ཕྱི་མ་གསུམ་དངོས་གཞི་དང་བཅས་པ་ཆོས་ཅན། གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་ཅེས་བྱ་སྟེ། དེ་དང་བྲལ་བ་ཡིན་པའི་ཕྱིར། གཟུགས་མེད་ཁམས་ན་གཟུགས་མེད་དེ། དེ་ནི་མིང་གཞིའི་ཕུང་པོ་ཙམ་གྱིས་ཕྱེ་བ་ཡིན་པའི་ཕྱིར། དེ་ནས་འདོད་ཁམས་སུ་སྐྱེ་བའི་གཟུགས་ནི་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། གཟུགས་ཀྱི་བག་ཆགས་ཡོངས་སུ་གོམས་པའི་སེམས་ཀྱི་འཇུག་པ་ལས་སྐྱེ་བར་འགྱུར་བའི་ཕྱིར། །བཞི་པ་ནི། རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད་ཆོས་ཅན། ངོ་བོ་ཡོད་དེ། སྦྱོར་བའི་དུས་སུ་རྣམ་ཤེས་མཐའ་ཡས་སོ་སྙམ་དུ་སྒོམ་ཞིང་། དངོས་གཞིའི་དུས་སུ་དེ་མངོན་འགྱུར་བའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཡིན་པའི་ཕྱིར། ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ཆོས་ཅན། ངོ་བོ་ཡོད་དེ། ནམ་མཁའ་མ་གཏོགས་སྔ་མ་དང་འདྲ། ཅི་ཡང་མེད་པའི་སྐྱེ་མཆེད་ཆོས་ཅན། ཡོད་དེ། ཅི་ཡང་མེད་ཅེས་ཁ་སྤོ། འདུ་ཤེས་མེད་པའི་སྐྱེ་མཆེད་ཆོས་ཅན། ཡོད་དེ། འདུ་ཤེས་དམན་པའི་ཕྱིར་འདུ་ཤེས་མེད་པ་དང་། འདུ་ཤེས་གཏན་མེད་པའང་མེད་པ་ནི་ཞི་བའོ། སྙམ་དུ་སྒོམ་ཞིང་ལྷག་མ་སྔར་དང་འདྲ། །གཉིས་པ་ཐུན་མོང་དུ་བཤད་པ་ནི། སྙོམས་འཇུག་དངོས་གཞིའི་རྫས་ཆོས་ཅན། རྣམ་པ་བརྒྱད་ཡོད་དེ། བསམ་གཏན་བཞིའི་སྙོམས་འཇུག །གཟུགས་མེད་བཞིའི་སྙོམས་འཇུག་རྣམས་སུ་ཡོད་པའི་ཕྱིར། སྲིད་རྩེ་མ་གཏོགས་པའི་སྙོམས་འཇུག་བདུན་ཆོས་ཅན། རྣམ་པ་གསུམ་ཡོད་དེ། རོ་མྱང་དང་མཚུངས་ལྡན་དང་། དག་པ་བ་དང་། ཟག་མེད་སྙོམས་འཇུག་རྣམས་ཡོད་པའི་ཕྱིར། བརྒྱད་པ་སྲིད་རྩེའི་སྙོམས་འཇུག་ཆོས་ཅན། རྣམ་པ་གཉིས་ཡོད་དེ། རོ་མྱང་དང་མཚུངས་ལྡན་དང་། དག་པ་གཉིས་ཡོད་པའི་ཕྱིར། དག་པ་ཆོས་ཅན། ངོ་བོ་ཡོད་དེ། འཇིག་རྟེན་པའི་དགེ་བས་བསྡུས་པའི་སྙོམས་འཇུག་དེ་ཡིན་པའི་ཕྱིར། དག་པ་དེ་དག་ནི་ཆོས་ཅན། རོ་མྱང་དང་མཚུངས་ལྡན་ཡིན་ཏེ། སྙོམས་
འཇུག་གི་རྫས་ལ་བརྟེན་ནས་མྱང་བྱ་ཡིན་པའི་ཕྱིར། ཟག་མེད་ཀྱི་སྙོམས་འཇུག་ཆོས་ཅན། ངོ་བོ་ཡོད་དེ། འཇིག་རྟེན་ལས་འདས་པས་བསྡུས་པའི་སྙོམས་འཇུག་དེ་ཡིན་པའི་ཕྱིར། །


previousསྙོམས་འཇུག་ཡོན་ཏན་གཏན་ལ་དབབ་པ།next