Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
   
  expand section
  expand section
  expand section
  expand section
  collapse section
   
   
   
   
   
   
མཇུག་གི་དོན་བཤད་པ།
   


 
previousམཇུག་གི་དོན་བཤད་པ།next

མཇུག་གི་དོན་བཤད་པ།


GLG013_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་གི་དོན་བཤད་པ། གསུམ་པ་བཤད་པ་མཐར་ཕྱིན་པ་ལ། བཤད་བྱ་འཆད་བྱེད་ཀྱི་ཁྱད་པར། བརྩམས་པའི་དགེ་བ་བསྔོ་བ། ཁེངས་སྐྱུང་ཞིང་འགྲེལ་པ་རྩོམ་པར་སྤྲོ་བའི་རྒྱུ་མཚན་གསུམ། དང་པོ་ལ། བཤད་བྱའི་ཁྱད་པར་དང་། གང་ལ་བརྟེན་ནས་ཚུལ་ཇི་ལྟར་བཤད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། མཁས་པ་རྣམས་ཀྱི་ཡུམ་གསུམ་ཀུན་ལའང་བརྗོད་བྱའི་


GLG013_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བསྡུས་བརྒྱད་དང་། དྲུག་དང་། གསུམ་པོ་དེ་ཙམ་ཤེས་པར་བྱ་སྟེ། ལ་ལ་བརྒྱད་སྟོང་པ་ལས་དངོས་ཤུགས་ཀྱི་དོན་ཚང་བ་དང་། གཞན་བར་མ་ལས་དངོས་བསྟན་གྱི་ཚིག་ཚང་བ་དང་། གཞན་རྒྱས་པ་ལ་དོན་རེ་ལའང་རྣམ་གྲངས་མང་པོའི་མིང་གི་དེ་མང་དུ་གསུངས་པའི་ཕྱིར། ཤེས་བྱ་ཆོས་ཅན། གསུམ་གའི་བརྗོད་དོན་གྱི་རིམ་པ་མཚུངས་པར་བསྟན་བཅོས་འདིས་ལེགས་པར་བསྡུས་པ་མ་ཡིན་པར་ཐལ། དེ་གསུམ་མཚུངས་པ་དེ་ལྟར་མ་ཡིན་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། ཟློས་སྐྱོན་མེད་དེ། དེ་ལ་ཚིག་བསྡུས་པ་དང་འབྲིང་རྒྱས་སོགས་རབ་ཏུ་དབྱེ་བས་ཁྱད་པར་ཡོད་པ་ཁོ་ནར་ཟད་པའི་ཕྱིར། གཉིས་པ་ནི། མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་དོན་གསལ་འདི་ནི་ཆོས་ཅན། ཁྱོད་རྩོམ་པ་པོ་ཡོད་དེ། སེང་གེ་བཟང་པོས་བྱས་པའི་ཕྱིར། ཤེས་བྱ་ཆོས་ཅན། སེང་བཟང་གི་འགྲེལ་པ་འདི་སློབ་དཔོན་སྔ་མའི་མན་ངག་ལ་བརྟེན་པ་ཡིན་ཏེ། འཕགས་པ་རྣམ་པར་གྲོལ་བའི་སྡེའི་འགྲེལ་པའི་མཐུ་ཡིས་དོན་མཐོང་བའི་སྒོ་ནས་བྱས་པའི་ཕྱིར། བླ་མ་བཟང་པོ་མཁན་པོ་ཡང་དག་རྣམ་སྣང་མཛད་ལ་ཕྱག་འཚལ་བ་སྟེ། གནང་བ་ཞུས་པའི་སྒོ་ནས་འདི་བརྩམས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། རང་ཉིད་དེའི་མན་ངག་དང་ལྡན་བཞིན་དུ་བྱུང་རྒྱལ་དུ་བྱས་པ་མ་ཡིན་པར་རྟོགས་པའི་ཆེད་ཡིན་པའི་ཕྱིར། མདོའི་ཚིག་དང་ནི་བསྟན་བཅོས་ཀྱི་ངག་སོགས་སྦྱོར་བ་དངོས་སུ་མ་བྱས་པ་ལ་ཆོས་ཅན། རྒྱུ་མཚན་ཡོད་དེ། དོན་ཙམ་གསལ་བར་བཤད་པས་དོན་གོ་བར་སླ་བའི་ཕྱིར་དུ་ཡིན་པའི་ཕྱིར། དོན་བསྡུ་བའི་རྒྱུ་མཚན་ཡོད་དེ། བློ་དམན་རྣམས་ཀྱིས་གོ་སླ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སེང་བཟང་གིས་དེ་བསྡེབས་པ་ལས་བྱུང་བའི་དགེ་བ་ཆོས་ཅན། ཁྱོད་བསྔོས་ཚུལ་


GLG013_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། བདག་གིས་དགེ་བ་གང་ཐོབ་པ་དེ་ཡིས་སྐྱེ་བོ་ཐམས་ཅད་བདེ་གཤེགས་ཤེས་རབ་སངས་རྒྱས་ཐོབ་པར་ཤོག་ཅེས་བསྔོས་པའི་ཕྱིར། གསུམ་པ་ལ་ཁེངས་སྐྱུང་བ། ནོངས་པ་ལ་བཟོད་པར་གསོལ་བ། འགྲེལ་པ་རྩོམ་པར་སྤྲོ་བའི་རྒྱུ་མཚན་གསུམ། དང་པོ་ལ། དངོས་དང་། གཞུང་དོན་རྟོགས་དཀའ་ཚུལ་གཉིས་ལས། དང་པོ་ནི། སེང་བཟང་ཆོས་ཅན། བསྟན་བཅོས་ཀྱི་དོན་ཀུན་བདག་གི་མངོན་སུམ་གྱི་སྤྱོད་ཡུལ་ག་ལ་ཞིག་སྟེ་དེ་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ཏེ། ཤེས་རབ་མི་གསལ་བ་སྟེ་མཐུ་དམན་པའི་ཕྱིར། གཉིས་པ་ནི། དེ་ཆོས་ཅན། དོན་ནི་བདག་གི་དངོས་ཡུལ་ག་ན་ཡིན་ཏེ་མ་ཡིན་པར་ཐལ། བདག་ཉིད་ཆེན་པོ་འཕགས་པའི་བློའི་དངོས་ཀྱི་སྤྱོད་ཡུལ་དུ་གྱུར་དགོས་པས་རྟོགས་དཀའ་བའི་ཕྱིར། གཉིས་པ་ནི། དེའི་དོན་འོན་ཀྱང་བདག་གི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པ་ལ་འབད་ནས་བགྱིས་པའི་ནོངས་པ་རྣམས་ཆོས་ཅན། བཟོད་པར་མཛོད་ཅིག་སྟེ་བཟོད་པར་བྱ་རིགས་ཏེ། སྐྱེ་བོ་མཁས་པ་རྣམས་ལ་གསོལ་བའི་ཕྱིར། རང་གི་དངོས་ཡུལ་མ་ཡིན་བཞིན་དུ་འབད་པ་ལ་ཆོས་ཅན། དགོས་པ་ཡོད་དེ། རང་དང་གཞན་གྱི་དོན་གྱི་ངོར་ཡིན་པའི་ཕྱིར། གསུམ་པ་ནི། ཀྱེ་མ་གཞུང་ལུགས་སྣ་ཚོགས་བལྟས་པ་ཉིད་ཀྱིས་ངལ་ཞིང་དུབ་པའི་སེང་བཟང་ཆོས་ཅན། འདི་རྩོམ་པ་ལ་སྤྲོ་བ་ཡིན་ཏེ། བདག་ཡིད་ངལ་བསོའི་གནས་སུ་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུགས་འདི་བླ་མ་དང་དཀའ་སྤྱད་ཀྱི་མཐུས་དུས་རིང་མོ་ཞིག་ན་མཐོང་བའི་ཕྱིར། གསུམ་པ་མཇུག་གི་དོན་ལ། བསྟན་བཅོས་མཛད་པ་པོ་དང་། ལོ་པཎ་གང་གིས་བསྒྱུར་ཚུལ་གཉིས། དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་


GLG013_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

འདི་མཛད་པ་པོ་ཡོད་དེ། བྱམས་པ་ནས་གདམས་པ་བར་མ་ཆད་པ་མངའ་བའི་སློབ་དཔོན་སེང་གེ་བཟང་པོས་མཛད་པའི་དོན་གསལ་རྫོགས་པར་གྲུབ་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། བསྟན་བཅོས་འདི་ལོ་པཎ་གང་གིས་བསྒྱུར་བ་ཡོད་དེ། རྒྱ་གར་གྱི་མཁན་པོ་བིདྱཱ་ཀཱ་ར་པྲ་བྷ་བོད་སྐད་དུ་རིགས་པའི་འབྱུང་གནས་འོད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་སྟེ་མཆོད་འོས་དཔལ་བརྩེགས་གཉིས་ཀྱིས་བསྒྱུར་ཅིང་ཞུས་ཏེ་ཚིག་དོན་འཁྲུལ་མེད་དུ་གཏན་ལ་ཕབ་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་ཙམ་དུ་མ་ཟད་གཞན་ཡང་ཡོད་དེ། བསྟན་པ་ཕྱི་དར་ལ་སླད་ཀྱི་རྒྱ་གར་བ་ཤྲཱི་གོ་མྱ་མྲཻ་ཏ་ཞེས་དཔལ་བཙུན་པ་འཆི་མེད་དང་། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་། རྒྱན་སྣང་གི་ཐོག་མར་སུ་བྷཱུ་ཏི་ཤྲཱི་སྟེ་རབ་འབྱོར་དཔལ་དང་། སྐད་གཉིས་པའི་དབང་པོ་རིན་ཆེན་བཟང་པོས་བསྒྱུར་བ་དང་། པཎ་ཆེན་དཱི་པཾ་ཀ་ར་ཤྲཱིཛྙཱ་ན་སྟེ་མར་མེ་མཛད་དཔལ་ཡེ་ཤེས་དང་། ལོ་ཆུང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་གཉིས་ཀྱིས་བསྒྱུར་བའི་ཕྱིར། གཞན་ཡང་སྔར་གྱི་སྟེང་དུ་ཇོ་ནང་ལོ་ཙཱ་བ་མ་ཏི་སོགས་འགྱུར་གསར་མཐའ་ཡས་པ་རྣམས་ལ་རྒྱལ་ཚབ་ཐམས་ཅད་མཁྱེན་པས་གཟིགས་ནས་དཔྱད་པ་ལ་ཆོས་ཅན། རྒྱུ་མཚན་ཡོད་དེ། ཕྱོགས་འདི་ལ་ཚུལ་མིན་དྲི་མ་ཀུན་དྲུངས་ནས་ཕྱུང་བའི་རྣམ་བཤད་སྙིང་པོ་རྒྱན་ཞེས་པས་བློ་བཟང་རྒྱལ་བའི་དགོངས་པ་གསལ་བར་མཛད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་གྱི་ཚིག་དོན་མཐའ་དཔྱོད་ཇི་སྙེད་པ་གསལ་བར་བྱེད་པ་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ཞེས་བྱ་བ་རྣམ་བཤད་སྙིང་པོ་རྒྱན་གྱི་དགོངས་དོན་ལྟར་བཤད་ཟིན་ཏོ།། །།


previousམཇུག་གི་དོན་བཤད་པ།next