Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
བསམ་གཏན་གྱི་ཡན་ལག་བྱེ་བྲག་ཏུ་བཤད་པ།
   
   
   
   


 
previousབསམ་གཏན་གྱི་ཡན་ལག་བྱེ་བྲག་ཏུ་བཤད་པ།next

བསམ་གཏན་གྱི་ཡན་ལག་བྱེ་བྲག་ཏུ་བཤད་པ།


GLG014_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་བསམ་གཏན་གྱི་ཡན་ལག་བྱེ་བྲག་ཏུ་བཤད་པ་ལ། དབྱེ་བ། བསྡུ་བ། ཉོན་མོངས་ཅན་ཡན་ལག་ལྡན་ཚུལ། ཞར་བྱུང་དང་བཞི་ལས། དང་པོ་ནི། བསམ་གཏན་དང་པོ་ལ་ཡན་ལག་ལྔ་ཡོད་དེ། རྟོག་དཔྱོད་གཉེན་པོའི་ཡན་ལག་དང་། དགའ་བ་དང་བདེ་བ་ཕན་ཡོན་གྱི་ཡན་ལག་དང་། ཏིང་ངེ་འཛིན་གནས་ཀྱི་ཡན་ལག་རྣམས་ཡོད་པའི་ཕྱིར། བསམ་གཏན་གཉིས་པ་ལ་ནི་ཡན་ལག་བཞི་ཡོད་དེ། ནང་རབ་ཏུ་དང་བ་གཉེན་པོའི་ཡན་ལག་དང་། དགའ་བ་དང་ལ་སོགས་པ་བདེ་བ་ཕན་ཡོན་གྱི་ཡན་ལག །སེམས་རྩེ་གཅིག་པ་གནས་ཀྱི་ཡན་ལག་རྣམས་ཡོད་པའི་ཕྱིར། བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་ཡོད་དེ། དྲན་པ་ཤེས་བཞིན་གཉེན་པོའི་ཡན་ལག །བཏང་སྙོམས་དང་བདེ་བ་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་གནས་ཀྱི་ཡན་ལག་རྣམས་ཡོད་པའི་ཕྱིར། བསམ་གཏན་གྱི་མཐའ་ན་སྟེ། བཞི་པ་ལ་ཡན་ལག་བཞི་ཡོད་དེ། དྲན་པ་དང་བཏང་སྙོམས་གཉེན་པོའི་ཡན་ལག །བདེ་བའང་མིན་སྡུག་བསྔལ་ཡང་མིན་པའི་བཏང་སྙོམས་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་གནས་ཀྱི་ཡན་ལག་རྣམས་ཡོད་པའི་ཕྱིར། །གཉིས་པ་ནི། བསམ་གཏན་གྱི་ཡན་ལག་དེ་དག་རྫས་སུ་བཅུ་གཅིག་ཏུ་འདུ་སྟེ། བསམ་གཏན་དང་པོའི་ཡན་ལག་ལྔ། གཉིས་པའི་ནང་རབ་ཏུ་དང་བ། གསུམ་པའི་བཏང་སྙོམས། དྲན་པ་ཤེས་བཞིན། བདེ་བ། བཞི་པའི་བཏང་སྙོམས་རྣམས་སུ་འདུ་བའི་ཕྱིར། དེ་ལྟར་ངེས་ཏེ། བསམ་གཏན་དང་པོ་གཉིས་ན་ཤིན་ཏུ་སྦྱངས་པ་ལ་བདེ་བ་ཡིན་ཞེས་བཤད་པའི་ཕྱིར། གཉིས་པའི་ནང་རབ་ཏུ་དང་བ་ནི་གསུམ་པའི་དྲན་ཤེས་བཞིན་བཏང་སྙོམས་གསུམ་དུ་འདུས་པ་མ་ཡིན་ཏེ། དེ་ནི་བསམ་གཏན་ལས་ངེས་པར་བྱུང་བའི་ཡིད་ཆེས་ཀྱིས་དད་པ་ཡིན་པའི་ཕྱིར། གསུམ་པའི་བདེ་བ་དེ་ནི་ཆོས་ཅན། ཡིད་བདེ་མ་ཡིན་ཏེ།


GLG014_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མ་ཡིན་པར་རྣམ་སྦྱར་གྱི་མདོའི་ལུང་ཚན་རྣམ་པ་གཉིས་ཀྱིས་གྲུབ་པའི་ཕྱིར། གསུམ་པ་ནི། བསམ་གཏན་དང་པོ་གསུམ་ཉོན་མོངས་ཅན་ལ་རིམ་པ་བཞིན་དགའ་བ་དང་བདེ་བ་དང་རབ་ཏུ་དང་བ་དང་ཤེས་བཞིན་དང་དྲན་པ་མེད་དོ། །ཉོན་མོངས་པ་དང་བཅས་པའི་ཕྱིར། བཞི་པ་ཉོན་མོངས་ཅན་ལ་བཏང་སྙོམས་དང་དྲན་པ་ཡང་དག་མེད་དེ། ཉོན་མོངས་དྲི་བཅས་ཡིན་པའི་ཕྱིར། ཁ་ཅིག །དང་པོ་གཉིས་ན་ཤིན་ཏུ་སྦྱངས་པ་མེད་ལ། ཕྱི་མ་གཉིས་ན་བཏང་སྙོམས་ཡོངས་སུ་དག་པ་མེད་དེ། དེ་དགེ་བའི་ས་པ་ཡིན་པའི་ཕྱིར། བཞི་པ་ཞར་བྱུང་ལ། བསམ་གཏན་བཞི་པ་མི་གཡོ་བ་ཡིན་པའི་རྒྱུ་མཚན། འབྲས་བུ་སྐྱེ་བས་ཐོབ་པའི་བསམ་གཏན་ལ་ཚོར་བའི་ལྡན་ཚུལ། བསམ་གཏན་གཉིས་པར་འོག་མའི་སེམས་མངོན་དུ་བྱེད་ཚུལ་དང་གསུམ། དང་པོ་ནི། བསམ་གཏན་བཞི་པ་ཆོས་ཅན། གཡོ་བ་མེད་པ་ཞེས་བྱ་སྟེ། སྐྱོན་བརྒྱད་ལས་གྲོལ་བའི་ཕྱིར། བརྒྱད་པོ་ཡོད་དེ། རྟོག་པ་དང་། དཔྱོད་པ་དང་། དབུགས་འབྱུང་བ་དང་། རྔུབ་པ་དང་། བདེ་བ་དང་ལ་སོགས་པས་སྡུག་བསྔལ་དང་། ཡིད་བདེ་དང་། ཡིད་མི་བདེ་དང་བཞི་པོ་རྣམས་ཡིན་པའི་ཕྱིར། གཉིས་པ་ནི། སྙོམས་འཇུག་གི་རྟེན་ལ་ཡོད་པའི་ཚོར་བ་བདེ་བ་སྐྱེད་པའི་བསམ་གཏན་ཡོད་དེ། སྐྱེ་བའི་བསམ་གཏན་དང་པོ་དག་ན་ཚོར་བ་གསུམ་ཡོད་པའི་ཕྱིར། དེར་ཐལ། ཡིད་བདེ་དང་། ཚོར་བདེ་དང་། བཏང་སྙོམས་རྣམས་ཡོད་པའི་ཕྱིར། སྐྱེ་བའི་བསམ་གཏན་གཉིས་པ་ན་གཉིས་ཡོད་དེ། ཡིད་བདེ་དང་བཏང་སྙོམས་གཉིས་ཡོད་པའི་ཕྱིར། གསུམ་པ་ན་གཉིས་ཡོད་དེ། སེམས་ཚོར་བདེ་བ་དང་བཏང་སྙོམས་གཉིས་ཡོད་པའི་ཕྱིར། བཞི་པ་ན་ཚོར་བ་གཅིག་ཡོད་དེ། བཏང་སྙོམས་ཀྱི་ཚོར་བ་ཁོ་ན་ཡོད་པའི་ཕྱིར། གསུམ་པ་ནི། གཉིས་པ་སོགས་གོང་མ་ན། ལུས། མིག །རྣ་བའི་རྣམ་པར་ཤེས་པ་དང་། རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་པ་ཡོད་དེ། དེ་སྤྱིར་ཡོད་ཅིང་རང་སས་བསྡུས་པ་
མེད་པའི་ཁྱད་པར་འཐད་པའི་ཕྱིར། དེར་ཐལ། དེ་འདྲའི་ཀུན་སློང་གང་ཡིན་པ་དེ་དང་པོར་གཏོགས་པའི་ཕྱིར། དེ་རྣམས་ནི་མ་བསྒྲིབས་ལུང་མ་བསྟན་ཡིན་གྱི་ཉོན་མོངས་ཅན་དང་དགེ་བ་མིན་ཏེ། འདོད་ཆགས་བྲལ་བའི་ཕྱིར་དང་དམན་པའི་ཕྱིར།


previousབསམ་གཏན་གྱི་ཡན་ལག་བྱེ་བྲག་ཏུ་བཤད་པ།next