འདིར་རྒྱ་དཀར་ནག་བོད་གཞུང་རྣམ་དག་བླ་མ་དགོངས་འདུས། གཏེར་ཁ་སོགས་ལས་གསས་མཁར་གཞི་བརྩེགས་ཁ་བསྟོད་མཐའ་ཡས་འབྱུང་བ་ལས་འདོན་ཆ་ཉུང་ངུར་བསྡུས་ཏེ་ཕྱག་ལེན་གྱིས་བརྒྱན་པ་གསལ་བར་བཀོད་པ།
འདིར་རྒྱ་དཀར་ནག་བོད་གཞུང་རྣམ་དག་བླ་མ་དགོངས་འདུས། གཏེར་ཁ་སོགས་ལས་གསས་མཁར་གཞི་བརྩེགས་ཁ་བསྟོད་མཐའ་ཡས་འབྱུང་བ་ལས་འདོན་ཆ་ཉུང་ངུར་བསྡུས་ཏེ་ཕྱག་ལེན་གྱིས་བརྒྱན་པ་གསལ་བར་བཀོད་པ་ཡོད་དོ།།
ན་མོ་ཨཱརྱ་མཉྫ་ཤི་ཡེ། འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །རྒྱ་ནག་ཡུལ་དུ་འཕགས་པ་འཇམ་དཔལ་གྱིས་མཛད་པའི་རྩིས་གཞུང་འགྱུར་དག་པ་རྣམས་སུ། གསས་མཁར་བསྟོད་པ་གསུངས་པས། འཕྲུལ་གྱི་མི་བཞིས་ཕྱག་ལེན་འདོན་ཆོག་གཏན་ལ་ཕབ་པ་དང་། རྒྱ་གར་ཡུལ་དུ་གསས་མཁར་བསྟོད་པ་འདི་དར་བས།སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་འདོན་ཆོག་དང་། བོད་དུ་ཡང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་བཞེངས་དུས། སློབ་དཔོན་ཆེན་པོ་པདྨས་གསས་མཁར་བཅུ་གསུམ་ཁ་བསྟོད་མཛད་པས། བོད་ཀྱི་ཡུལ་ཕྱོགས་ཀུན་ཏུ་དར་སྲོལ་ཆེ་ཞིང་ཕྱག་བཞེས་རྣམ་དག་མང་བ་ཡིན་པས། དེ་རྣམས་ནི་ས་བདག་ཀླུ་གཉན་དབང་ཆེ་བ་རྣམས་མཉེས་པས། ཡུལ་
དེར་མི་ནོར་ལོངས་སྤྱོད་འཕེལ་ཞིང་བཀྲ་ཤིས་དར་རྒྱས་ཆེ་བ་དང་། ཡུལ་ལྷ་གཞི་བདག་མཉེས་པས། ཆར་ཆུ་དུས་སུ་འབབ་ཞིང་ལོ་འབྲས་ལེགས་ལ། མི་ནད་ཕྱུགས་ནད་རྒྱུན་ཆད་ལ་ཡུལ་ཕྱོགས་བདེ་ལ་ལོངས་སྤྱོད་འཕེལ་བ་དང་། ལྷ་དང་སྲུང་མ་དགྲ་བླ་ཝེར་མ་ཕ་མཚུན་རྣམས་ཀྱི་ངོ་སོ་བསྟོད་པས། དེ་རྣམས་དར་རྒྱས་ཆེ་བས་ཡུལ་མི་ཁས་གྲགས་དཔའ་རྩལ་ཆེ་བ་དང་། དགྲ་གྱོད་མདུན་ངོ་ཐམས་ཅད་བཟློག་ཅིང་ཡུལ་དེར་བཀྲ་ཤིས་དར་རྒྱས་ཆེ་ལ། བསམ་པའི་དོན་ཐམས་ཅད་འགྲུབ་ཅིང་བདེ་ལེགས་ཐམས་ཅད་འབྱུང་བར་གསུངས་པས། དེ་ཕྱིར་ཡུལ་སྡེ་ཀུན་ལ་གསས་མཁར་བསྟོད་པ་འདི་གྲགས་ཆེ་བའོ། །དེ་ལ་གསས་མཁར་ས་དཔྱད་དེ། ས་སློང་དང་ས་འབེབས་བྱ་བ། གཞི་བརྩེགས་ལ་སོགས་གཞན་དུ་གསལ་བས། འདིར་
གསས་མཁར་གཞི་བརྩེགས་སམ། ཁ་བསྟོད་གང་བྱེད་འདོན་ཆ་འདྲ་སྟེ། འདོན་ཆོག་ཉུང་བསྡུས་རྒྱ་གར་རྒྱ་ནག་རྣམས་ཀྱི་ཕྱག་བཞེས་ལྟར། །ཚིགས་བཅད་དུ་བསྡེབས་ནས་བཀོད་པ་ནི། དེ་ལ་སྤྱི་དོན་རྣམ་པ་བཅུ་གསུམ་གྱིས་བསྟན་ཏེ། དང་པོ་དུག་ཕྱུང་བ། གཉིས་པ་ཁྲུས་གསོལ་བ། གསུམ་པ་བགེགས་བསྐྲད་པ། བཞི་པ་མདུན་བསྐྱེད་ཆོ་ག་བྱ་བ། ལྔ་པ་སྤྱན་འདྲེན་པ། དྲུག་པ་གདན་འབུལ་བ། བདུན་པ་མཆོད་པ་འབུལ་བ། བརྒྱད་པ་ཕྱོགས་བཞིའི་རྗེཁ་བསྟོད། དགུ་པ་གཏེར་བུམ་འབུལ་བ། བཅུ་པ་བཀྲ་ཤིས་ཚེ་རིང་གཏོར་སྐུ་ཤིང་རྩི་དར་ཟབ་འབུལ་བ། བཅུ་གཅིག་མི་འགྱུར་མཆོག་དབང་བསྐུར་བ། བཅུ་གཉིས་ཕྱོགས་བཞིའི་སྲུང་བཞི་བཀོད་པ་དང་ཚེ་ཡི་དམུ་ཐག་འཕེན་པ། །བཅུ་གསུམ་རབ་གནས་མེ་ཏོག་འཐོར་བ་སྟེ་བཅུ་གསུམ་ལས། དེ་ལ་དང་པོ་ཞི་བརྔན་བསང་གསུམ་རྒྱས་པར་བཏང་ལ། ཆུ་གཏོར་བསྔོ། ཆ་གསུམ་བཏང་། སྣང་བརྒྱད་ཅི་མང་འདོན། གསས་མཁར་ལ་རྡོ་གསར་པ་བླང་ལ་ཁ་བསྟོད་ལེགས་པར་བརྩེགས། གཏེར་བུམ་ནང་རྟེན་རྣམས་གཞུག །ཁ་བརྒྱན་ཤིང་རྩི་གཏོར་སྐུ་རྣམས་བཙུགས་ལ། དེ་རྣམས་ཐམས་ཅད་ལེགས་པར་གྲུབ་ནས། མཆོད་པ་ཐམས་ཅད་ཁ་གསོས་ལ། བྱིན་རླབས་སྤྱི་ལྟར་བྱ། དེ་ལ་དང་པོ་དུག་ཕྱུང་བྱ་བ་ནི། མཆོད་གཡོག་པས་དུག་ཡས་རྣམས་སྡེར་རམ་ཐེབ་ཙེའི་སྟེང་དུ་བཞག་ནས་བཟུང་བཅོལ་ལ། རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ།། ཀྱཻ། དང་པོ་དུག་བྱུང་གང་ནས་བྱུང་། །དང་པོ་
དུག་བྱུང་དགུང་ནས་བྱུང་། །ཕ་གནམ་ཀ་འོད་ཀྱི་ཐབས་ཀྱི་དུག །གནམ་གྱི་དུག་ནི་གང་སྔོན་དང་། །སྤྲིན་དུག་དེ་ནི་ལྷོག་ལྷོག་བྱུང་། །དེ་ནས་དུག་བྱུང་གང་ནས་བྱུང་། །མ་ས་གཞི་རླངས་པ་ཤེས་རབ་དུག །དེ་གཉིས་ཐབས་ཤེས་བསྡེབས་པ་ལས། །ས་རླངས་ནག་པོའི་མཆིས་པ་དང་། །ས་དུག་དེ་ནི་བོང་བ་དང་། །རྡོ་དུག་དེ་ནི་མཁར་སྒོང་དང་། །ཤིང་དུག་དེ་ནི་གླང་མ་དང་། །སྡུམ་དུག་དེ་ནི་ཐང་ཕྲོམ་དང་། །རྩི་དུག་དེ་ནི་རེ་ལྕག་དང་། །རྩྭ་དུག་དེ་ནི་འཇག་མ་དང་། །གསེར་དུག་དེ་ནི་ར་གན་དང་། །དངུལ་དུག་དེ་ནི་ཞྭ་ནེ་དང་། །དུང་དུག་དེ་ནི་མགྲོན་བུ་དང་། །ལྕགས་དུག་དེ་ནི་སེལ་དོག་དང་། །དུག་ནི་ཕ་དགུ་ཕ་རུ་བསྡུས། །དུག་ནི་མ་དགུ་མ་རུ་འདུས། །དུག་ཡས་སྣ་ཚོགས་འདི་རྣམས་ཀྱིས། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་མགུལ་ནས་དུག་མར་ཕྱུངས། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཉན་རང་མགུལ་ནས་དུག་མར་ཕྱུངས། །ས་སྙིང་ས་བདག་རྒྱལ་བློན་དང་། །དཔལ་མགོན་མགུལ་ནས་དུག་མར་ཕྱུངས། །སྟོང་གསུམ་ཡུལ་ལྷ་གཞི་བདག་དང་། །ཟོ་དོར་མགུལ་
ནས་དུག་མར་ཕྱུངས། །བཀའ་སྲུང་དམ་ཅན་རྒྱ་མཚོ་དང་། །གཏེར་སྲུང་མགུལ་ནས་དུག་མར་ཕྱུངས། །འགོ་ལྷ་སྐྱོབ་ལྷ་དགྲ་ལྷ་དང་། །ཝེར་མའི་མགུལ་ནས་དུག་མར་ལྟཕྱུངས། །དུག་ཡས་མགྲོན་འདྲེ་ངན་པ་ཐམས་ཅད་དགྲ་འདྲེའི་སྟེང་དུ་ཕྱིར་བསྒྱུར་རོ། །དུག་པྲ་མ་ཎ་ཡེ་སརྦ་དུཏྟཾ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དུག་ཡས་ཕྱིར་དོར་རོ། །དེ་ནས་བགེགས་བསྐྲད་པ་ནི། བགེགས་གཏོར་བྲན་ལ། རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ།། ཧཱུྃ། ང་ནི་ཁྲོ་རྒྱལ་གཤིན་རྗེའི་གཤེད། །ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན། །དཔལ་གྱི་དུར་ཁྲོད་ཆས་ཀྱིས་བརྒྱན། །རོ་ལངས་མ་འཁྲིལ་མ་ཧེ་ཆིབས། །ཡེ་ཤེས་མེ་ཡི་ཀློང་དུ་རྔམ། །སྐུ་ལས་ཁྲོ་ཚོགས་སེར་ལྟར་འཕྲོས། །དགེ་ལེགས་བསྒྲུབ་ལ་གནོད་བྱེད་པའི། །སྲིད་པའི་འདྲེ་དགུ་སྒབ་འདྲེའི་རིགས། །བི་ན་ཡ་ཀ་བགེགས་སྟོང་ཕྲག །མཆོད་སྦྱིན་གླུད་གཏོར་འདི་ལོངས་ལ། །གསས་མཁར་བསྟོད་ལ་བར་མ་གཅོད། །རང་རང་གནས་སུ་ཕྱིར་དེངས་ཤིག །ཨོཾ་ཧྲཱིཿཏྟི་ཝི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ་སརྦ་བིགྷ་ནཱན་ཨུ་ཙ་ཏ་ཡ་ཕཊ༔ ཅེས་བགེགས་གཏོར་ཕྱིར་དོར། དེ་ནས་གསས་མཁར་ལ་ནས་ལྕགས་བྲབ། རོལ་མོ་དྲག་ཏུ་ལྡིར། དེ་ནས་ཁྲུས་གསོལ་བ་ནི། །
ཐོག་མར་བུམ་པ་ཁ་བརྒྱན་མགུལ་ཆིངས་མཚན་ཉིད་དང་ལྡན་པའི་ནང་དུ་ཆུ་དཀར་དང་བུམ་རྫས་བཏབ་པ་བཤམས་ལ་བསྒྲུབ་པ་ནི། ཧཱུྃ་ལས་རིན་ཆེན་ལས་གྲུབ་བུམ་པ་ནི། །ཞབས་ཞུམ་ལྟོ་འདིར་མཆུ་འཕྱང་མགྲིན་པ་རིང་། །ཁ་ཡངས་ཆུ་དང་བཅུད་ཀྱིས་གཏམ་པའི་ནང་། །པད་ཟླ་ལྔ་ཚོམ་དབུས་དང་དེ་ཡི་སྟེང་། །ཀུན་བཟང་མཱ་ཀི་སྤྱན་མ་ན་བཟའ་དཀར། །སྒྲོལ་མ་ལྷ་མོ་རིགས་ལྔ་གསལ་བ་ལས༔ སྤྱི་བོར་ཁྲུས་ལྷ་རྣམ་འཇོམས་ལྷ་ལྔ་གསལ༔ མཐིང་དཀར་སེར་དམར་ལྗང་གུ་ཞི་འཛུམ་ཉམས༔ སྣ་ཚོགས་རྡོ་རྗེ་དྲིལ་བུ་མདའ་དར་དང་༔ མེ་ལོང་བསྣམས་པ་སྣང་སྟོང་འཇའ་ལྟར་བསྐྱེད༔ སྤྱན་དྲངས་བསྐྱེད་བསྟིམ་མཆོད་འབུལ་ཕྱག་འཚལ་བསྟོད༔ ཡེ་ཤེས་བདུད་རྩིས་བུམ་པ་གང་བར་གྱུར༔ ཨོཾ་ཨཱབཛྲ་བི་དྷ་ར་ཎ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ ཨེ་ཁཾ་ལཾ་རཾ་ཡཾ་ཤུདྡྷེ་ཤུདྡྷེ་སརྦ་པ་པཱ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བསྙེན་པ་གཉིས་ལ་བརྒྱ་སྟོང་སྐབས་དང་བསྟུན་ནས་བཟླ། ལྷ་མོ་ལྔའི་དབུ་སྟེང་དུ་རྣམ་འཇོམས་བསྐྱེད། གསལ་སྟོང་མ་ཡེངས་ངང་དུ་བུམ་སྒྲུབ་བྱའོ། །ས་མ་ཡ༔ རྒྱ་རྒྱ་རྒྱ༔ བུམ་ལྷ་འོད་དུ་ཞུ་བ་ལས༔ བདུད་རྩིས་བུམ་པ་གང་བར་གྱུར༔ དེ་མི་དམིགས་པའི་ངང་ལ་ཡུད་ཙམ་བཞག །རྡོ་རྗེ་སློབ་དཔོན་གྱིས་ཤཱཀྱ་ཐུབ་པའམ། པད་འབྱུང་
སྐུ་འདྲ་ལ་མེ་ལོང་བསྟན་ལ། བུམ་པ་ཐོགས་ནས་དྲིལ་བུ་བསིལ་ཞིང་འདི་སྐད་དོ།། ཧཱུྃ༔ སྔོན་ཚེ་ཤཱཀ་ཐུབ་པདྨ་འབྱུང་༔ འགྲོ་བ་འདྲེན་ཕྱིར་སྐུ་འཁྲུངས་དུས༔ ཀླུ་ཆེན་བརྒྱད་ཀྱིས་ཁྲུས་གསོལ་ལྟར༔ དེ་རིང་བདག་གིས་སྐུ་ཁྲུས་གསོལ༔ ཉོན་མོངས་དྲི་མ་མི་མངའ་ཡང་༔ མཁའ་མཉམ་བདེ་ལ་བཀོད་པ་དང་༔ གཙང་རིས་ཉམས་གྲིབ་སེལ་བའི་ཕྱིར༔ དེ་བཞིན་བདག་གིས་ཁྲུས་གསོལ་ལོ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཡེ་ཧཱུྃ༔ ཞེས་སྐུ་ཁྲུས་གསོལ་མེ་ལོང་ཐོགས་ལ། ཧཱུྃ༔ ལྷ་དབང་བརྒྱ་བྱིན་ཀ་ཤའི་རས་ཕྱིས་ལྟར༔ ལྔ་ལྡན་དར་གྱིས་སྐུ་ཕྱི་ན་བཟའ་གསོལ༔ ཉམས་གྲིབ་དྲི་མས་བསིལ་བ་མི་མངའ་ཡང་༔་ཡུལ་ལྷ་གཞི་བདག་ལྷ་ཀླུ་སྡེ་བརྒྱད་ལ༔ ཕོག་ཐུག་འགྲས་འགྲམ་ན་འཆི་གསོ་སློང་ཕྱིར༔ བཟོད་པ་དམ་པ་གོས་ཀྱིས་རྒྱན་པར་བགྱི༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་ཝས་ཨཱཿཧཱུྃ༔ མེ་ལོང་ངོས་ནས་སྐུ་ཕྱི་ཚུལ་བྱ་ཞིང་ན་བཟའ་སྐུ་ལ་གསོལ༔ ཁྲུས་ཆུ་བུམ་པར་བླུགས་བུམ་པ་མེད་ན་གཏོར་འགུའི་ཆོག༔ དེ་ནས་མེ་ལོང་གསས་མཁར་དང་ཡུལ་རིས་རྣམས་ལ་བསྟན་ཞིང་རི་ཁྲུས་བྱ་བ་ནི༔ ཧཱུྃ༔ དེ་རིང་བཟང་གསུམ་ཉི་མ་ལ༔ སྟོང་གསུམ་ལྷ་ཀླུ་གཉན་རྣམས་ལ༔ ས་བདག་ཡུལ་རིས་སྲུང་མ་ལ༔ ནམ་
མཁའི་ལྷ་མོས་ཁྲུས་གསོལ་བས༔ གཏི་མུག་ཉམས་གྲིབ་ཕོག་པ་ཡི༔ སྨྱོ་འབོག་བརྒྱལ་འཐིབ་འདར་ཤིང་གཡེངས༔ དེ་རྐྱེན་རིམས་བྱུང་དག་གྱུར་ཅིག༔ ཨོཾ་ཨེ་དེ་ཝི་སརྦ་པཱ་པཾ་ཤནི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་མེ་ལོང་ལ་ཁྲུས་བྱའོ། །དེ་ལྟར་རིམ་བཞིན་ཁྲུས་གསོལ་བྱ་བ་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སངས་རྒྱས་ཆོས་དང་འཕགས་པའི་མཁའ་འགྲོ་ཆོས་སྐྱོང་ནོར་གྱི་ལྷ༔ གཏེར་སྲུང་ཡུལ་ལྷ་གཞི་བདག་ལ༔ ཆུ་ཡི་ལྷ་མོས་ཁྲུས་གསོལ་བས༔ ཞེ་སྡང་ཉམས་གྲིབ་ཕོག་པ་ཡི༔ འཐབ་རྩོད་ཁེངས་ལོག་ན་འཆི་བསྐྱེད༔ མཚོན་གྱི་བསྐལ་དར་དག་གྱུར་ཅིག༔ ཨོཾ་ཁཾ་དེ་ཝི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ས་སྙིང་ས་ཡི་ལྷ་མོ་ལ༔ ལོ་ཟླ་སྤར་སྨེ་རྗེ་བློན་དང་༔ སྣང་སྲིད་ས་བདག་ཀླུ་གཉན་བཙན༔ ཡུལ་རིས་གཞི་བདག་ཐམས་ཅད་ལ༔ ས་ཡི་ལྷ་མོས་ཁྲུས་གསོལ་བས༔ ང་རྒྱལ་ཉམས་གྲིབ་ཕོག་པ་ཡི༔ ཆར་མེད་ཐན་པ་བཙའ་སད་སེར༔ མུ་གེའི་བསྐལ་དར་དག་གྱུར་ཅིག༔ ཨོཾ་ལི་དེ་ཝི་སརྦ་པཱ་པཾ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ སྲིད་པ་ཆགས་པའི་ལྷ་དགུ་དང་༔ བོད་ཀྱི་མགུལ་ལྷ་བཅུ་གསུམ་རྗེ༔ བརྟན་མ་བཅུ་
གཉིས་དགེ་བསྙེན་དང་སྡེ་དཔོན་སུམ་བརྒྱ་དྲུག་ཅུ་དང་༔ ལྷ་སྲིན་སྡེ་བརྒྱད་ཡུལ་ལྷ་ལ༔ མེ་ཡི་ལྷ་མོས་ཁྲུས་གསོལ་བས༔ འདོད་ཆགས་ཉམས་གྲིབ་ཕོག་པ་ཡི༔ དམར་བཤལ་མགོ་གཟེར་ཞྭ་གས་དང་༔ ཁོང་ལྷོག་རིམས་ནད་བེ་གེ་འབུམ༔ ནད་ཀྱི་བསྐལ་དར་དག་གྱུར་ཅིག༔ ཨོཾ་རི་དེ་ཝི་སརྦ་པཱ་པཾ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཕྱོགས་བཅུ་སྟོང་གི་གཞི་བདག་དང་༔ སྲིད་པ་སྟོང་གི་གཞི་བདག་དང་༔ ཡུལ་རིས་སྟོང་གི་གཞི་བདག་ལ༔ རླུང་གི་ལྷ་མོས་ཁྲུས་གསོལ་བས༔ ཕྲག་དོག་ཉམས་གྲིབ་ཕོག་པ་ཡི༔ ས་ལོག་རི་ཉིལ་མཁར་ཁང་བསྡིབས༔ རི་རྡོ་ཐང་འདྲིལ་རི་བོང་དང་༔ ཕྱི་སྦལ་འབུ་སྲིན་ཞིང་ལ་འཚེ༔ བྱི་བས་བཀག་ཅིང་གཡང་སྒྲོ་ཕུག༔ མི་མཐུན་འགལ་རྐྱེན་དག་གྱུར་ཅིག༔ ཨོཾ་ཡེ་དེ་ཝི་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཕ་ལྷ་མ་ལྷ་ཞང་ལྷ་དང་༔ སྲོག་ལྷ་ལུས་ལྷ་བརྟན་པའི་ལྷ་དགྲ་ལྷ་ལམ་ལྷ་མགོན་སྐྱབས་ལྷ༔ སྐྱེས་ལྷ་ཡུལ་ལྷ་གཉེན་པོ་ལ༔ རྣམ་པར་འཇོམས་པས་ཁྲུས་གསོལ་བས༔ བསང་མཆོད་ཞེན་དང་གཏེར་མ་སྦས༔ དུར་བཏབ་བྲག་བཤིག་ཤིང་གཉན་བཅད༔ རི་དྭགས་བཤོར་དང་རི་མེ་
བཀྱེས༔ རྨེ་རྨུགས་བཙོག་དང་ནལ་གྲིབ་ཕོག༔ མི་ལ་ནད་མང་ནོར་གོད་ཆེ༔ ཞིང་ལ་བཙའ་སད་སེར་ཐན་འབར༔ བཀྲ་མི་ཤིས་པའི་ལྟས་དགུ་འབྱུང་༔ ཐམས་ཅད་མ་ལུས་བྱང་གྱུར་ཅིག༔ ཡེ་ཤེས་ཁྲུས་མཆོག་འདི་གསོལ་བས༔ ལྷ་ངོ་དགུང་བས་མཐོ་བར་ཤོག༔ སྲིད་གསུམ་ཤེལ་བས་གསལ་བར་ཤོག༔ ཡུལ་ལྷ་བཀྲག་མདངས་རྒྱས་པར་ཤོག༔ འདོད་དགུ་དཔལ་འབྱོར་རྒྱས་པར་ཤོག༔ ཆར་ཆུ་དུས་འབབ་ལོ་འབྲས་ལེགས༔ བཀྲ་ཤིས་བསྟན་པ་མཐའ་རྒྱས་ཤོག་ཨོཾ་ཨ་བཛྲ་བི་དཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ སརྦ་པཱ་པཾ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་རི་ཁྲུས་འདི་བྱས་པས་ཡུལ་ལྷ་གཞི་བདག་ཕོག་ཐུག་ཉམས་ཆག་སོང་བ་བྱང་བར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨོཾ༔ དེ་ནས་གསས་མཁར་ཆུ་གཙང་གིས་བྲན་ལ༔ བསྐྱེད་ཆོག་ནི། ཨོཾ་སྭ་བྷ་ཝས་བསང་སྦྱངས་ལ། གསས་མཁར་མི་དམིགས་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་གསས་མཁར་ནི༔ རིན་ཆེན་ལས་གྲུབ་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་རྟ་བབས་ལྡན༔ ཤེལ་དང་བཻ་ཌཱུར་པདྨ་རག༔ ཨིནྡྲ་ནཱི་ལ་ལས་གྲུབ་པའི༔ དབུས་སུ་པད་ཟླའི་གདན་སྟེང་དུ༔ དྷིཡིག་སེར་པོར་འོད་འཕྲོས་པས༔
དོན་གཉིས་བྱས་འདུས་ཡོངས་གྱུར་ལས༔ འཇམ་དཔལ་དམར་སེར་ཞལ་གཅིག་འཛུམ༔ རལ་གྲི་པད་འཛིན་ལོངས་སྤྱོད་རྫོགས༔ གཉིས་བསྡུས་ཆོས་གཟིགས་ཟིལ་གྱིས་གནོན༔ གཡས་སུ་སྤྱན་གཟིགས་གཡོན་ཕྱག་རྡོར༔ དེ་གསུམ་གཡས་སུ་ཤཱཀྱ་ཐུབ་རྒྱབ་ཏུ་ཡུམ་ཆེན་གཡོན་བྱམས་པ༔ དཀོན་མཆོག་སྲིད་ཞུའི་མགྲོན་གྱིས་བསྐོར༔ སྟེང་དུ་ཀུན་བཟང་རྡོར་འཆང་ལ༔ གསར་རྙིང་བཀའ་བརྒྱུད་བླ་མས་བསྐོར༔ མདུན་དུ་ཨོ་རྒྱན་པདྨ་ལ༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་བསྐོར༔ འོག་ཏུ་ས་བདག་བརྟན་མ་ལ༔ ལོ་འཁོར་ཟླ་འཁོར་སྤར་སྨེ་དང་༔ ཁམས་ལྔའི་རྒྱལ་པོ་ཕྱོགས་སྐྱོང་བཅུ་རྒྱལ་ཆེན་སྡེ་བཞི་སྲུང་བཞིས་བསྐོར༔ སྟོང་གསུམ་ལྷ་ཀླུ་གཞི་བདག་ལ༔ ཡུལ་ལྷ་ཟོ་དོར་གཉེན་པོས་བསྐོར༔ དགྲ་བླ་ཝེར་མ་མཚུན་གཡང་ལ༔ རྟ་ནོར་ལུག་གི་གཡང་ལྷས་བསྐོར༔ རང་རང་རྒྱན་དང་ཆ་ལུགས་ལྡན༔ ལྷ་ཚོགས་རྣམས་ཀྱི་གནས་གསུམ་གྱི༔ འབྲུ་གསུམ་འོད་ཀྱིས་སྤྱན་དྲངས་བསྟིམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝཱ་ཌཱཀྐི་ནི་ལོ་ཀ་སིདྡྷི་བཛྲ་ས་མ་ཡ་ཛ་ཛཿ དེ་ནས་སྤྱན་འདྲེན་པ་ནི་རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ༔ ཧཱུྃ༔ གནས་
མཆོག་རི་བོ་རྩེ་ལྔ་པོ་ཊ་ལ༔ ལྕང་ལོ་ཅན་དང་རང་བཞིན་གནས་མཆོག་ནས༔ རིགས་གསུམ་མགོན་དང་དཀོན་མཆོག་རྩ་གསུམ་ལྷ༔ དེ་རིང་འགྲོ་དོན་མཛད་ཕྱིར་གཤེགས་སུ་གསོལ༔ ཨོ་རྒྱན་དྷ་ར་དང་ནི་མཚོ་རྒྱལ་མ༔ སྐུ་ལྔ་མཚན་བརྒྱད་ཀུན་བཟང་རྡོ་རྗེ་འཆང་༔ གསར་རྙིང་བཀའ་བརྒྱུད་བླ་མ་ཡི་དམ་ལྷ༔ དེ་རིང་འགྲོ་དོན་མཛད་ཕྱིར་གཤེགས་སུ་གསོལ༔ ས་བདག་རྒྱལ་བློན་བརྟན་མ་ས་འཛིན་དང་༔ ལོ་ཟླ་ཞག་དུས་སྤར་སྨེ་ཁམས་ལྔའི་ལྷ༔ སྟོང་གསུམ་གནས་སྲུང་ཕྱོགས་སྐྱོང་ཡུལ་རིས་ལྷ་དེ་རིང་འགྲོ་དོན་མཛད་ཕྱིར་གཤེགས་སུ་གསོལ༔ ཕོ་ལྷ་དགྲ་ལྷ་ཝེར་མ་ལ་སོགས་དང་༔ མགྲོན་ཡག་དར་མ་རྟ་ནོར་ལུག་གི་ལྷ༔ སྦྲ་ལྷ་ཁང་ལྷ་ཞིང་གི་ལྷ་ཚོགས་རྣམས༔ དེ་ཡར་རིང་འགྲོ་དོན་མཛད་ཕྱིར་གཤེགས་སུ་གསོལ༔ ལྷ་ཀླུ་གནོད་སྦྱིན་གཟའ་དང་རྒྱུ་སྐར་གཉན༔ ཉི་ཟླ་རྒྱལ་ཆེན་སྡེ་བཞི་སྲུང་དང་འཁོར༔ ཁྱད་པར་ཡུལ་འདིའི་གཞི་བདག་ཟོ་དོར་རྣམས༔ དེ་རིང་འགྲོ་དོན་མཛད་ཕྱིར་གཤེགས་སུ་གསོལ༔ ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛ་ཛཿ ཨོཾ་ཀྵི་ཧི་ར་ཙ་པྲི་ཐི་དྷེ་ཝི་བྷུ་མི་པཱ་ཏི་ལོ་ཀ་པ་ལ་ས་པཱ་རི་ཝཱ་ར་ས་
མ་ཡ་ཛ་ཛཿ དེ་ནས་སྤྱན་དྲངས་ལ་གདན་འབུལ་བ་ནི། ཧཱུྃ༔ རིན་ཆེན་གཞལ་ཡས་ཉམས་རེ་དགའ༔ པདྨ་ཉི་ཟླ་བག་རེ་དྲོ༔ ཁྲི་ཆེན་བཀོད་པ་བརྗིད་རེ་ཆེ༔ སོ་སོའི་གདན་ལ་དགྱེས་པར་བཞུགས༔ པདྨ་ཀ་མ་ལཱ་ཡ་སིཾ༔ དེ་ནས་ཕྱག་འཚལ་མཆོད་པ་འབུལ་བ་ནི། དྷཱི༔ མ་བཅོས་སྤྲོས་བྲལ་ལྷུན་གྲུབ་ཀྱི༔ ཀ་དག་རང་གསལ་ཆོས་ཀྱི་སྐུ༔ མི་གཡོ་འགགས་མེད་འཇིག་རྟེན་མགྲོན༔ ཐམས་ཅད་དབྱིངས་གཅིག་གུས་ཕྱག་འཚལ༔ ཧོཿ བདུད་རྩི་སྨན་གཏོར་འདོད་ཡོན་ལྔ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས༔ མར་མེ་དྲི་ཆབ་ཞལ་ཟས་རོལ༔ བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན༔ རྒྱལ་བ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་བཀྲ་ཤིས་བདེ་ལེགས་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨེ་མ་ངོ་མཚར་རྨད་ཀྱི་ཆོས༔ ཀུན་བཟང་ཡབ་ཡུམ་རོལ་པ་ལས༔ ཡོན་ཏན་མཆིས་ལ་བསྟོད་པར་བགྱི༔ དེ་ནས་ཁ་བསྟོད་བྱ་བ་ལ༔ མཆོད་གཡོག་པས་ཕྱོགས་བཞི་ནས་རྡོ་དཀར་སེར་དམར་ལྗང་བྱས་པ་བཞག་ལ་འདི་སྐད་དོ།། ཀྱཻ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གིས༔ ནད་གདོན་བར་ཆད་ཞི་བའི་ཕྱིར༔ ཤར་ཕྱོགས་ཤེལ་གྱི་གསས་མཁར་བརྩེགས༔ ཞི་བའི་
ལས་གྲུབ་འོད་དཀར་འབར༔ དེ་འདྲའི་གསས་མཁར་གཉེན་པོ་འདི༔ ཞི་ལྷ་ཤར་ཕྱོགས་ས་བདག་ཀླུ༔ གཉན་བཙན་ཡུལ་ལྷ་གཞི་ཡི་བདག༔ ཕ་མཚུན་དགྲ་བླ་མཉེས་པའི་ཕྱིར༔ དེ་རིང་གསས་མཁར་ཁ་ཡར་བསྟོད༔ ནད་གདོན་བར་ཆད་ཞི་བ་ཤཱནྟཾ་ཀུ་རུ་སྭཱ་ཧཱ༔ ཀྱཻ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གིས༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྱིར༔ ལྷོ་ཕྱོགས་བེར་གསས་མཁར་བརྩེགས༔ རྒྱས་པའི་ལས་གྲུབ་གཡུ་འོད་འབར༔ དེ་འདྲའི་གསས་མཁར་གཉེན་པོ་འདི༔ རྒྱས་ལྷ་ལྷོ་ཕྱོགས་ས་བདག་ཀླུ༔ གཉན་བཙན་ཡུལ་ལྷ་གཞི་ཡི་བདག༔ ལྷ་བཙུན་དགྲ་བླ་མཉེས་པའི་ཕྱིར༔ དེ་རིང་གསས་མཁར་ཁ་ཡར་བསྟོད༔ ཚེ་བསོད་དཔལ་འབྱོར་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཀྱཻ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གིས༔ ཁམས་གསུམ་དབང་དུ་སྡུད་པའི་ཕྱིར༔ ནུབ་ཕྱོགས་པདྨ་རཱ་གའི་གསས་མཁར་བརྩེགས༔ དབང་གི་ལས་གྲུབ་ཟངས་འོད་འབར༔ དེ་འདྲའི་གསས་མཁར་གཉེན་པོ་འདི༔ དབང་ལྷ་ནུབ་ཕྱོགས་ས་བདག་ཀླུ༔ གཉན་བཙན་ཡུལ་ལྷ་གཞི་ཡི་བདག༔ ལྷ་བཙུན་དགྲ་བླ་མཉེས་པའི་ཕྱིར༔ དེ་རིང་གསས་མཁར་ཁ་
ཡར་བསྟོད༔ ཁམས་གསུམ་སྲིད་གསུམ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཀྱཻ༔ བདག་དང་རྒྱུ་སྦྱོར་ཡོན་བདག་གིས༔ གནོད་བྱེད་དགྲ་བགེགས་བསྒྲལ་བའི་ཕྱིར༔ བྱང་ཕྱོགས་ཨིནྡའི་གསས་མཁར་བརྩེགས༔ དྲག་པོའི་ལས་གྲུབ་ལྕགས་འོད་འབར༔ དེ་འདྲའི་གསས་མཁར་གཉེན་པོ་འདི༔ དྲག་ལྷ་བྱང་ཕྱོགས་ས་བདག་ཀླུ༔ གཉན་བཙན་ཡུལ་ལྷ་གཞི་ཡི་བདག༔ ལྷ་མཚུན་དགྲ་བླ་མཉེས་པའི་ཕྱིར་དེ་རིང་གསས་མཁར་ཁ་ཡར་བསྟོད༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊ༔ གསས་མཁར་བཅུ་གསུམ་ཁ་ཡར་བསྟོད་ཀྱེ༔ གཅིག་པ་གསེར་གྱི་གསས་མཁར་བརྩེགས༔ མི་འཕན་དར་བའི་རྟེན་དུ་བཙུགས༔ གཉིས་པ་དངུལ་གྱི་གསས་མཁར་བརྩེགས༔ རྒྱལ་ཁམས་བདེ་བའི་རྟེན་དུ་བཙུགས༔ གསུམ་པ་མཆོང་གི་གསས་མཁར་བརྩེགས༔ བསྟན་པ་དར་བའི་རྟེན་དུ་བཙུགས༔ བཞི་པ་བཻཌཱུར་གསས་མཁར་བརྩེགས༔ རྟ་ནོར་ཕྱུགས་ལུག་རྟེན་དུ་བཙུགས༔ ལྔ་པ་དུང་གི་གསས་མཁར་བརྩེགས༔ ལོ་ལེགས་འབྲུ་འཕེལ་རྟེན་དུ་བཙུགས༔ དྲུག་པ་གཡུ་ཡི་གསས་མཁར་བརྩེགས༔ ཁྱུང་དཀར་མཛོ་ཡི་རྟེན་དུ་བཙུགས༔
བདུན་པ་བྱི་རུའི་གསས་མཁར་བརྩེགས༔ འདོ་བ་རྟ་ཡི་རྟེན་དུ་བཙུགས༔ བརྒྱད་པ་སྦྱར་ལེན་གསས་མཁར་བརྩེགས༔ ཟལ་དཀར་འབྲི་ཡི་རྟེན་དུ་བཙུགས༔ དགུ་པ་མུ་ཏིག་གསས་མཁར་བརྩེགས༔ གཡང་དཀར་ལུག་གི་རྟེན་དུ་བཙུགས༔ བཅུ་པ་ཟངས་ཀྱི་གསས་མཁར་བརྩེགས༔ ཚེ་ཚེ་ར་ཡི་རྟེན་དུ་བཙུགས༔ བཅ་གཅིག་ཤེལ་གྱི་གསས་མཁར་བརྩེགས༔ སྨུག་ཆུང་དྲེལ་གྱི་རྟེན་དུ་བཙུགས༔ བཅུ་གཉིས་མུ་མན་གསས་མཁར་བརྩེགས༔ ཡུལ་དང་སྦྲ་ཁང་རྟེན་དུ་བཙུགས༔ བཅུ་གསུམ་རྡོ་ཡི་གསས་མཁར་བརྩེགས༔ ལྷ་སྲུང་མགོན་བྱེད་རྟེན་དུ་བཙུགས༔ ས་གཞི་རིན་ཆེན་འབར་བའི་སྟེང་༔ རིན་ཆེན་སྣ་ཚོགས་རྡོ་མཁར་བརྩེགས༔ རྨིང་གཞི་བརྗིད་ཀྱིས་མནན་པ་དེ༔ རྨོངས་འདྲེ་རྨོངས་སྲི་མནན་པའི་དོན༔ ལོགས་བཞིར་སྒོ་བཞི་བཏོད་པ་དེ༔ ལྷ་སྲུང་དགྲ་བླ་འདུ་བའི་དོན༔ རྩེ་མོ་དགུང་ལ་སྙེགས་པ་དེ༔ རྨོངས་ཀྱི་རྩ་མདུད་བཀྲོལ་བའི་དོན༔ དེ་ལྟར་ཡོན་ཏན་རབ་ལྡན་པའི༔ བཀྲ་ཤིས་ལྷ་མཁར་འདི་བརྩེགས་པས༔ མི་འཕེལ་རྟ་ཧྲག་དར་རྒྱས་ཤིང་༔ ནད་མུག་མཚོན་གྱི་བསྐལ་ཞི་ཤོག༔ མི་
ནད་ནོར་གོད་ཞི་བར་ཤོག༔ སྤར་ཁའི་འགྲམ་འཁྲུགས་ཞི་བར་ཤོག༔ ལོ་ནད་བཙའ་སད་སེར་ཞི་ཤོག༔ ལྷ་སྲུང་རྟེན་ལ་འཁོར་བར་ཤོག༔ བཀྲ་ཤིས་བསྟན་པ་མཐའ་རྒྱས་ཤོག༔ དེ་ནས་གཏེར་བུམ་ནི། རབ་གསེར་དངུལ། འབྲིང་རིན་པོ་ཆེའམ་རྫ་བུམ། ཐ་མ་སྨྱུག་ཚིགས་ཀྱི་ནང་དུ་འབྲུ་སྣ་རིན་ཆེན་སྣ་ཚོགས་དར་སྣ་ཀླུ་སྨན་བདུད་རྩི་ཆོས་སྨན་མ་ཎི་རིལ་བུ་ཀླུ་གཟུངས་ནོར་ལྷའི་གཟུངས། བཀྲ་ཤིས་གཟུངས་སྣང་བརྒྱད་གཟུངས་རྣམས་བཅུག་ལ། ཁ་ཆོད་རིགས་ལྔའི་ཕྱག་མཚན་ལྟེ་བར་བཀྲ་ཤིས་རྟགས་བརྒྱད་བྲིས་པ་གསས་མཁར་ནང་བུ་ཚ་མགོ་གཙང་གིས་བཅུག་ལ། ཧཱུྃ༔ འབྱུང་བ་ལྔ་ནི་སངས་རྒྱས་ཞིང་། །ས་ཡི་ལྷ་མོ་མཁའ་ཕྱེས་ཤིག །བརྟན་པ་མི་འགྱུར་བཀྲ་ཤིས་ཕྱིར། །ཧཱུྃ། སྙིང་པོ་ལྔ་དང་འབྲུ་སྣ་རིགས། །སྤོས་དང་སྨན་སྣ་དམ་རྫས་སོགས། །ཡིད་བཞིན་གཏེར་བུམ་འདི་སྦས་པས། །འདིར་འདུས་སྐལ་ལྡན་བདག་ཅག་རྣམས། །བླ་མེད་བྱང་ཆུབ་མ་ཐོབ་བར། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་རྣམས། །ཟབ་གཏེར་འདི་སྦས་བྱིན་བརླབས་ཀྱིས། དེ་རྣམས་མ་ལུས་བྱང་གྱུར་ཅིག །ནད་དང་མུ་གེའི་མཚོན་ལ་སོགས། །འཇིགས་པ་བརྒྱད་ལས་ཐར་གྱུར་ཅིག །ཚེ་དང་བསོད་ནམས་འཕེལ་གྱུར་ཅིག །དུག་ལྔ་གནས་སུ་རྣམ་
དག་ནས། །སྐུ་གསུམ་སྐུ་ལྔ་ལྷུན་གྲུབ་ཅིང་། །ཡེ་ཤེས་ལྔ་དང་ལྡན་པར་ཤོག །ལྷ་མཁར་རིན་ཆེན་གཞལ་ཡས་ནང་། །རིན་ཆེན་སྣ་ཚོགས་གཏེར་སྦས་པས། །བོད་དུ་སངས་རྒྱས་བསྟན་པ་དར། །ཆོས་དང་ལོངས་སྤྱོད་ཕུན་སུམ་ཚོགས། །དེང་འདིར་བདག་དང་ཡོན་བདག་གི །ལོ་ཀག་ཟླ་ཀག་ཟློག་པ་དང་། །མོ་ངན་ལྟས་ངན་བསྒྱུར་བ་དང་། །ས་བདག་ཚོགས་རྣམས་མཆོད་པ་དང་། །ཀླུ་རྣམས་གནས་སུ་བཅོལ་བ་དང་། །གཞི་བདག་རྟེན་ལ་བསྐོས་པ་དང་། །ཆར་ཆུ་དུས་སུ་འབེབས་པ་དང་། །སད་སེར་བཙའ་འབུ་ཞི་བ་དང་། །རྟག་ཏུ་ལོ་ལེགས་རྩྭ་འཕེལ་ཕྱིར། །ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །བང་མཛོད་འབྲུ་ཡི་གཏེར་སྦས་ལ། །མི་རྟག་སྐྱེ་འཆི་འབྱུང་བའི་་ཚེ། །རིན་ཆེན་གཏེར་གྱིས་མདུན་བསུས་ཤིང་། །འདོད་ཡོན་ལོངས་སྤྱོད་འཕྲད་པར་ཤོག །དེ་ནས་སྲོག་ཤིང་ཤུག་གུ་རྩེ་རྒྱལ་ལ་ཚེ་གཟུངས་བྲིས་པ་བཙུགས་ལ། ཧྲཱིཿ ཚེ་དཔག་མེད་པའི་བྱིན་བརླབས་ཀྱིས། །ལྷ་ཤུག་རྩེ་རྒྱལ་ཚེ་གཟུངས་ཅན། །གསས་མཁར་འདི་ཡི་སྲོག་ཤིང་འཛུགས། །ཡོན་བདག་ཚེ་སྲོག་བརྟན་པར་ཤོག །ཡལ་ག་ལོ་འདབ་ཕྱོགས་བཅུར་
རྒྱས། །དཔལ་འབྱོར་ཕུན་སུམ་ཚོགས་པར་ཤོག །འབྲས་བུ་རིན་ཆེན་ཚད་དུ་སྨིན། །སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག །ཅེས་ཚེ་གཟུངས་འདོན་ཞིང་རྟིང་པ་གཏེར་བུམ་ཁར་བཙུགས། ཁ་ཤིང་ལ་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། གཡག་ལུག་ར་གསུམ། ཤ་གནའ་དགོ་གསུམ། སྟག་གཟིག་དོམ་གསུམ། ཁྱུང་འབྲུག་སེང་གསུམ། ཉི་ཟླ་ནོར་བུ་གསུམ་བྲིས་པ་དང་། བཟང་ཤིང་སྣ་ཚོགས་བལ་ཚོན་བརྒྱན། སྨྱུག་རྒོད་ཚིགས་གསུམ་དར་ཚོན་བརྒྱན། ཁྲབ་བྱང་བཏགས་པ་རྣམས་བཅུག་ལ༔ ཀྱེེ༔ དུས་བཟང་ལྷ་ཡི་ཉི་མ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཞབས་ཀྱིས་བཅགས་པའི་ས་བཟང་འདི༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ལོ་ཟླ་ཞག་དུས་སྤར་སྨེའི་སྐག༔ ན་འཆི་དུར་ཞུགས་རླུང་རྟ་རྒུད༔ མི་ནོར་ལོ་ནད་ཐན་པ་བཙའམི་ནོར་ལོ་ནད་ཐན་པ་སད་སེར་མཚོན་མུག་བསལ་བའི་ཕྱིར༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་ནོར་ལྷ་གཏེར་གྱི་བདག་ཕོ་ལྷ་དགྲ་ལྷ་ཝེར་མའི་ཚོགས༔ ལྷ་ཀླུ་གཞི་བདག་མཉེས་པའི་ཕྱིར༔ གསས་མཁར་རྩེ་ལ་རྒྱན་གཅིག་བཀོད༔ ཉི་ཟླ་ནོར་བུ་འབར་བ་དང་༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ རྩ་གསུམ་དཀོན་མཆོག་ཡེ་ཤེས་ལྷ༔ འཇིག་རྟེན་ལྷ་ཀླུ་གཞི་བདག་
ལ༔ བཀྲ་ཤིས་ཚེ་རིང་གཏོར་སྐུ་བཙུགས༔ ལྷ་སྲུང་རྟེན་ལ་འཁོར་གྱུར་ཅིག༔ ཁྱུང་འབྲུག་སེང་གེ་དཀར་མོ་དང་༔ སྟག་གཟིག་དོམ་གྱི་གཟུགས་བརྙན་འདི༔ ཕོ་ལྷ་དགྲ་བླ་ཝེར་མ་དང་༔ མཚུན་ལྷ་གཡང་གི་ལྷ་རྣམས་ལ༔ བཀྲ་ཤིས་ཚེ་རིང་གཏོར་སྐུ་བཙུགས༔ ཤ་གནའ་དགོ་བ་གཡག་ལུག་རཿ༔ གཟུགས་འགྲོས་རྣམ་པ་སྣ་ཚོགས་ཀྱིས༔ ལྷ་ཀླུ་གཞི་བདག་སྡེ་བརྒྱད་དང་༔ བརྟན་མ་མགུལ་ལྷ་དགེ་བསྙེན་དང་༔ ཁྱད་པར་ཡུལ་འདིའི་གཞི་བདག་ལ༔ བཀྲ་ཤིས་ཚེ་རིང་གཏོར་སྐུ་བཙུགས༔ རྟེན་བཙུགས་རྟེན་ལ་འཁོར་གྱུར་ཅིག༔ དཔལ་གྱི་མདའ་བཀྲ་འཕང་བཀྲ་དང་༔ ཁང་བུ་རྒྱང་བུ་བཟང་ཤིང་རིས་སྙུག་རྒོད་དར་སྣ་ཁྲབ་བྱང་བརྒྱན༔ བལ་ཚོན་དཀར་དམར་ནག་སྔོན་བརྒྱན༔ མདའ་དར་དཀར་དམར་རུ་མཚོན་བརྒྱན༔ གསས་མཁར་གཉེན་པོའི་ཁ་བརྒྱན་བསྟོད༔ འདབ་ཆགས་སྡེར་ཆགས་རི་དྭགས་རིགས༔ གཡུང་དྭགས་སྣ་ཚོགས་ལྟོ་འཕྱེའི་རིགས༔ གསས་མཁར་གཉེན་པོའི་ཁ་བརྒྱན་བསྟོད༔ ཕྱི་ནི་རིན་ཆེན་གཞལ་ཡས་ཁང་༔ ནང་བཅུད་རིན་ཆེན་གཏེར་དང་ལྡན༔ ཉེར་སྤྱོད་འདོད་ཡོན་སྤྲིན་ལྟར་
གཏིབས༔ སྲོག་ཤིང་དཔག་བསམ་ཚེ་ཡི་གཟུངས༔ རྩེ་ལ་ནམ་མཁའ་ཤིང་རིས་བཀྲ༔ རྒྱང་བུ་ཤིང་རིས་འདོད་དགུའི་གཏེར༔ སྨུག་རྒོད་དར་ཁྲབ་རྒྱན་མདུང་དར༔ རྨིང་ན་སྒབ་འདྲེའི་དགྲ་བགེགས་མནན༔ སྒོ་བཞིར་རྒྱལ་ཆེན་སྲུང་བཞིས་སྲུངས༔ ཡིད་བཞིན་འདོད་དགུའི་ཆར་དུ་འབེབས༔ ཡིད་བཞིན་ནོར་བུ་སྤྲིན་ཕུང་གཏིབས༔ གསས་མཁར་གཉེན་པོའི་ཁ་བརྒྱན་བསྟོད༔ དེ་འདྲའི་ལྷ་མཆོག་རྒྱན་ལྡན་འདིས༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ རིགས་གསུམ་མགོན་དང་དཀོན་མཆོག་གསུམ༔ ཆོས་སྐྱོང་ནོར་ལྷ་གཏེར་གྱི་བདག༔ ས་བདག་ཀླུ་གཉན་ལོ་ཟླའི་བདག༔ སྤར་སྨེ་ཉི་ཟླ་གཟའ་སྐར་རྒྱུ༔ སྡེ་བརྒྱད་དཔལ་མགོན་བདུན་ཅུ་གཉིས༔ རྨ་རྒྱལ་སྐུ་རྒྱལ་གཙོར་བྱས་པའི༔ མདོ་ཁམས་ལྷ་ཀླུ་གཞི་བདག་གཉན༔ ཁྱད་པར་ཡུལ་འདིའི་གཞི་ཡི་བདག༔ སྣང་སྲིད་ལྷ་འདྲེའི་ཚོགས་ལ་འབུལ༔ ཁྱོད་ལ་འབུལ་བའི་དོན་ཆེན་ནི༔ བདག་ཅག་དཔོན་སློབ་འཁོར་བཅས་དང་༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ ལི་ལ་བུག་དང་སྟོང་པ་ཡིས༔ མདུན་གོད་རྟ་གོད་ཞི་བར་ཤོག༔ གནམ་ས་གཞུང་རལ་གནམ་སའི་སྒོ༔ བསྒྱུར་བའི་
སྐག་རྣམས་ཞི་བར་ཤོག༔ ཕྱོགས་བཞི་སྒོ་བཞི་བྱེ་བ་ཡིས༔ དགྲ་སྒོ་སྡུག་བྱེད་ཞི་བར་ཤོག༔ མཚམས་བཞི་བུག་གམ་སྤུངས་པ་ཡིས༔ རྩ་བཞི་འཁུམ་སྐག་ཞི་བར་ཤོག༔ སྟོད་གསུམ་སྟོང་ལ་རྩེ་བསྙིལ་སྐག༔ སྨད་གསུམ་སྟོང་ན་མཚོ་སྐེམ་སྐག༔ དྭ་ཟིན་སྟོང་ན་སྐྱིད་སྐད་ཆད༔ བསྒྱུར་དཀའི་རྐྱེན་སྐག་མ་ལུས་པ༔ ལྷ་མཁར་གཏོར་སྐུས་སེལ་བར་ཤོག༔ ནད་སྲི་འཆི་སྲི་རྒན་གཞོན་སྲི༔ ཆུང་སྲི་ལོ་སྲི་དགྲ་གོད་སྲི༔ ལྷ་མཁར་གཏོར་སྐུས་སེལ་བར་ཤོག༔ གསས་མཁར་གཏོར་སྐུའི་ཡོན་ཏན་གྱིས༔ སངས་རྒྱས་བསྟན་པ་དར་བ་དང་༔ དགེ་འདུན་དབུ་འཕང་མཐོ་བ་དང་༔ ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག༔ རྣལ་འབྱོར་སྐུ་ཚེ་རིང་བ་དང་༔ བཤད་སྒྲུབ་བསྟན་པ་རྒྱས་པར་ཤོག༔ ཡོན་བདག་བདེ་སྐྱིད་འཛོམ་པར་ཤོག༔ ཆར་ཆུ་དུས་སུ་འབབ་པར་ཤོག༔ ལོ་འབྲས་རྟག་ཏུ་ལེགས་པར་ཤོག༔ རྟ་ནོར་ཕྱུགས་ལུག་འཕེལ་བར་ཤོག༔ དགོན་གནས་ཡུལ་གྲོང་བརྟན་པ་དང་༔ སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག༔ མི་འཕེལ་ནས་བས་འཕེལ་བར་ཤོག༔ མི་སྲོག་བྲག་ལས་སྲ་བར་ཤོག༔ མི་མགོ་དགུང་བས་མཐོ་བར་
ཤོག༔ མི་མཐའ་ཆུ་བས་རིང་བར་ཤོག༔ རྟ་ནོར་ལུག་གསུམ་འཕེལ་བར་ཤོག༔ གཡང་གི་མཚོ་མོ་འཁྱིལ་བར་ཤོག༔ དེ་ནས་སྲུང་བཞི་བཀོད་པ་ནི༔ དཀར་གཏོར་རེ་དང་གཟུགས་བརྙན་སྟག་སོགས་བཀོད༔ འབྲུ་སྣ་བཏབ་ཅིང་གསེར་སྐྱེམས་མཆོད་ལ་འདི་སྐད་དོ༔ ཀྱཻ༔ གསས་མཁར་གཉེན་པོའི་ཤར་སྒོ་ནས༔ དྲི་ཟའི་མངའ་བདག་ཡུལ་འཁོར་སྲུང་༔ འཁོར་ནི་དྲི་ཟ་འབུམ་གྱིས་བསྐོར༔ ཕོ་ཉ་སྟག་སྐྱ་ངང་རིས་ཅན༔ བར་ཆད་ཞི་བའི་སྲུང་དུ་བསྐོས༔ གསེར་སྐྱེམས་མཆོད་བཞེས་ཤར་སྒོ་སྲུང་༔ ཀྱཻ༔ གསས་མཁར་གཉེན་པོའི་ལྷོ་སྒོ་ནས་གྲུལ་བུམ་མངའ་བདག་འཕགས་སྐྱེས་པོ༔ འཁོར་ནི་གྲུལ་བུམ་འབུམ་གྱིས་བསྐོར༔ ཕོ་ཉ་གཡུ་འབྲུག་ཟངས་ཟེ་ཅན༔ དཔལ་འབྱོར་རྒྱས་པའི་སྲུང་དུ་བསྐོས༔ གསེར་སྐྱེམས་མཆོད་བཞེས་ལྷོ་སྒོ་སྲུང་༔ ཀྱཻ༔ གསས་མཁར་གཉེན་པོའི་ནུབ་སྒོ་ནས༔ ཀླུ་ཡི་མངའ་བདག་སྤྱན་མི་བཟང་༔ འཁོར་ནི་ཀླུ་དབང་འབུམ་གྱིས་བསྐོར༔ ཕོ་ཉ་བྱ་དམར་གཡུ་ཟེ་ཅན༔ ཚེ་དབང་བརྟན་པའི་སྲུང་དུ་བསྐོས༔ གསེར་སྐྱེམས་མཆོད་བཞེས་ནུབ་སྒོ་སྲུང་༔ ཀྱཻ༔ གསས་མཁར་གཉེན་པོའི་བྱང་སྒོ་ནས༔ གནོད་སྦྱིན་མངའ་བདག་
རྣམ་ཐོས་སྲས༔ འཁོར་ནི་གནོད་སྦྱིན་འབུམ་གྱིས་བསྐོར༔ ཕོ་ཉ་རུ་སྤྲུལ་གསེར་འབྲུམ་ཅན༔ དགྲ་བགེགས་བསྒྲལ་བའི་སྲུང་དུ་བསྐོས༔ གསེར་སྐྱེམས་མཆོད་བཞེས་བྱང་སྒོ་སྲུང་༔ ལྷ་མི་མི་འབྲལ་གཡང་རྟེན་ཕྱིར༔ ཇི་སྲིད་བར་དུ་ཐུབ་པར་སྲུངས༔ དེ་ནས་ཚེ་ཐག་འཐེན་པ་ནི། ཧོཿ དེ་རིང་དམུ་ཐག་ཤར་དུ་འཐེན༔ ཞི་བྱེད་ལྷ་མོ་རྡོ་རྗེ་དཀར༔ མདའ་དར་འཛིན་ཅིང་དམུ་ཐག་འཐེན༔ མི་འཕེལ་ས་ཡི་རྟེན་ཕུར་བཙུགས༔ ཧོཿ དེ་རིང་དམུ་ཐག་ལྷོ་རུ་འཐེན༔ རྒྱས་བྱེད་རིན་ཆེན་ལྷ་མོ་སེར། བུམ་པ་འཛིན་ཅིང་དམུ་ཐག་འཐེན༔ ཕྱུགས་འཕེལ་གཡང་གི་རྟེན་ཕུར་བཙུགས༔ ཧོཿ དེ་རིང་དམུ་ཐག་ནུབ་ཏུ་འཐེན༔ དབང་སྡུད་པདྨའི་ལྷ་མོ་དམར༔ ལྕགས་ཀྱུ་འཛིན་ཅིང་དམུ་ཐག་འཐེན༔ ཚེ་འགུགས་ཚེ་གཡང་རྟེན་ཕུར་བཙུགས༔ ཧོ་དེ་རིང་དམུ་ཐག་བྱང་དུ་འཐེན༔ སྒྲོལ་བྱེད་ལས་ཀྱི་ལྷ་མོ་ལྗང་༔ རལ་གྲི་འཛིན་ཅིང་དམུ་ཐག་བཟུང་༔ བར་ཆད་བསྒྲལ་བའི་རྟེན་ཕུར་བཙུགས༔ ཧོཿ དེ་རིང་དམུ་ཐག་གནམ་དུ་འཐེན༔ མི་འགྱུར་ཆོས་དབྱིངས་ལྷ་མོ་མཐིང་༔ དཔལ་བེའུ་འཛིན་ཅིང་དམུ་ཐག་
བཟུང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ གནམ་གྱི་འཇུ་དང་སྲ་བརྟན་ཚུགས༔ ཧོཿ དེ་རིང་རྟེན་ཕུར་ས་ལ་བཙུགས༔ ལྷ་མོ་བརྟན་མ་སྐུ་མདོག་སེར༔ ནོར་བུ་བུམ་འཛིན་རྟེན་ཕུར་བཙུགས༔ ལོ་ལེགས་ཡུལ་མཁར་རྟེན་ཕུར་བཙུགས༔ མི་མགོ་དགུང་བས་མཐོ་བར་ཤོག༔ མི་སྲོག་བྲག་བས་སྲ་བར་ཤོག༔ བདེ་ལེགས་ཕུན་སུམ་ཚོགས་པར་ཤོག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་ཤོག༔ དེ་ནས་ཁྲི་འཕང་བསྟོད་པ་ནི༔ ཀྱཻ༔ དགུང་ལ་ཉི་ཟླ་ཤར་བ་བཞིན༔ བླ་མ་ཡི་དམ་ཁྲི་འཕང་བསྟོད༔ མཁའ་ལ་ལྷོ་སྤྲིན་ཚེའཁྲིགས་པ་བཞིན༔ དཀོན་མཆོག་རིགས་གསུམ་ཁྲི་འཕང་བསྟོད༔ བྲག་ལ་ཐང་དཀར་ལྡིང་བ་བཞིན༔ མཁའ་འགྲོ་ཆོས་སྐྱོང་ཁྲི་འཕང་བསྟོད༔ རྫ་ལ་བྲེ་སེར་འགྱིང་བ་ལྟར༔ ནོར་ལྷ་གཏེར་བདག་ཁྲི་འཕང་བསྟོད༔ སྤང་ལ་ཤ་རྐྱང་འགྲོགས་པ་ལྟར༔ ས་བདག་ཀླུ་གཉན་ཁྲི་འཕང་བསྟོད༔ མཚོ་ལ་ལྟོ་འཕྱེ་འཕྱོ་བ་ལྟར༔ སྟོང་གསུམ་གཞི་བདག་ཁྲི་འཕང་བསྟོད༔ ཁྲབ་རྨོག་དར་སྣས་བརྒྱན་པ་ལྟར༔ ཕོ་ལྷ་དགྲ་བླའི་ཁྲི་འཕང་བསྟོད༔ མདུང་ལ་བ་དན་བཏགས་པ་ལྟར༔ ཡུལ་ལྷ་གཞི་བདག་ཁྲི་འཕང་བསྟོད༔
དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག༔ དམ་ཅན་ཐུགས་དམ་བསྐང་གྱུར་ཅིག༔ རིགས་དྲུག་འདོད་པ་ཚིམ་གྱུར་ཅིག༔ བགེགས་རིགས་ལན་ཆགས་འཁོར་གྱུར་ཅིག༔ སྣང་སྲིད་འཁྲུག་པ་སྡུམ་གྱུར་ཅིག༔ ཚད་མེད་མཆོད་བསྟོད་འདི་བྱས་མཐུས༔ བདག་དང་སེམས་ཅན་ཐམས་ཅད་ཀུན༔ ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ དེ་ནས་དབང་བསྐུར་རྒྱས་གདབ་ནི། རྡོ་རྗེ་ཐོགས་ལ། ཧཱུྃ༔ རྡོ་རྗེ་འབར་བས་དབང་བསྐུར་བས༔ ལྷ་མཁར་ཚེ་རིང་གཏོར་སྐུའི་གཏེར༔ མི་འགྱུར་མི་ཤིགས་རབ་ཏུ་གནས༔ ནོར་བུ་ཐོགས་ལ༔ ཧཱུྃ༔ རིན་ཆེན་འབར་བས་དབང་བསྐུར་བས༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས༔ པདྨ་ཐོགས་ལ༔ ཧཱུྃ༔ པདྨ་འབར་བས་དབང་བསྐུར་བས༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཆགས་མེད་སྐྱོན་བྲལ་ཡོན་ཏན་རྫོགས༔ རལ་གྲི་ཐོགས་ལ༔ ཨཱཿ རལ་གྲི་འབར་བས་དབང་བསྐུར་བས༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ བདུད་བཞིའི་བར་ཆད་རྩད་ནས་གཅོད༔ འཁོར་ལོ་ཐོགས་ལ༔ ཨོཾ༔ འཁོར་ལོ་འབར་བས་
དབང་བསྐུར་བས༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཉོན་མོངས་འཁོར་བའི་སྡུག་བསྔལ་ཞི༔ རྒྱལ་བ་རིགས་ལྔའི་བྱིན་རླབས་ཀྱིས༔ སངས་རྒྱས་བསྟན་པ་དར་བ་དང་༔ སེམས་ཅན་བདེ་སྐྱིད་ལྡན་པའི་ཕྱིར༔ བསྟན་པའི་བཙས་སུ་འདི་གྱུར་ཅིག༔ ༈ ས་བརྐོས་ས་བདག་འགྲས་ན་འདི་ཡིས་བསྡུས༔ ཤིང་བཅད་གཉན་དང་འགྲས་ན་འདི་ཡིས་བསྡུམ༔ ཆུ་དཀྲུག་ཀླུ་དང་འགྲས་ན་འདི་ཡིས་བསྡུམ༔ ལམ་བཅད་བཙན་དང་འགྲས་ན་འདི་ཡིས་བསྡུམ༔ རི་ལ་མེ་བཀྱེས་གཞི་བདག་འགྲས་ན་འདི་ཡིས་བསྡུམ་འདི་ཕྱི་ཀུན་དུ་གང་དང་གར་སྐྱེས་ཀྱང་༔ ལྷ་འདྲེ་མི་གསུམ་ཀུན་གྱི་བསྐུར་བའི་གནས༔ མི་མཐུན་འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་སྒྲུབས༔ མི་ཟད་རིན་ཆེན་གཏེར་ལ་ལོངས་སྤྱོད་ཅིང་༔ ཆོས་མཐུན་བདེ་སྐྱིད་རྒྱུན་ཆད་མེད་པར་ཤོག༔ དེ་ནས་རབ་གནས་མེ་ཏོག་འཐོར་ལ༔ རྒྱས་པར་བཀྲ་ཤིས་བརྩེགས་མདོ་འདོན་པར་བྱའོ༔ བསྡུ་ན་རང་ལུགས་གང་རུང་གི་བཀྲ་ཤིས་བརྗོད༔ སྤྲོ་ན་གསེར་ལོ་མ་སོགས་བྱ༔ དེ་ནས་བརྔན་གྱེར་ལ་གསས་མཁར་གྱི་མདུན་བཀྱག་སྟེང་དུ་ཡར་ཕུལ༔ གཡང་འགུགས་བྱ་ཞིང་བསང་གི་ཁུ་ཡེ་སོགས་བྱ་དངོས་གྲུབ་བླངས་ནས་ཕྱེ་མར་སོགས་ལ་རོལ་བཀྲ་ཤིས་དགའ་སྟོན་སོགས་བྱ། གསས་
མཁར་ལྷ་ཚོགས་ཐམས་ཅད་མི་གཤེགས་པར་བརྟན་བཞུགས་བྱ། བསང་གི་མདུན་བསྐྱེད་གཤེགས་གསོལ་བྱ། ༈ ཞེས་པ་འདི་ནི་འཕགས་པ་འཇམ་དཔལ་གྱི་རྒྱུད་ས་བདག་འཁོར་འབུམ་ནས་གསས་མཁར་བརྩེགས་པར་གསུངས་པ་འཕྲུལ་གྱི་མི་བཞིས་ཕྱག་ལེན་གཏན་ལ་ཕབ་པར་གྲགས་པ། ཀོང་རྩེ་འཕྲུལ་རྒྱལ་གྱིས་མཛད་པར་གྲགས་པའི་གསས་མཁར་གཞི་ལེན་དང་། འདོན་འགྲིགས། རྒྱ་མོ་ཀོང་ཇོས་བོད་དུ་བསྒྱུར་བ་དང་། ཧྭ་ཤང་མ་ཧཱ་ཡ་ནས་མཛད་པ་དང་། ཕྱིས་ཁྱུང་རྒོད་ནམ་མཁའ་ལྡིང་གིས་མཛད་པའི་ས་དཔྱད་སོགས། བོད་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་བསྒྱུར་བས་བོན་དང་འབྲེལ་ཆེ་བ་གསས་མཁར་ཁ་བསྟོད་མཚུན་བཅོས་བང་སོ་དུར་མཆོད་རྒྱས་པར་གསུངས་པ་དང་། རྒྱ་ནག་འགྱུར་དང་། སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་གསས་མཁར་གཞི་ལེན་ཁ་བསྟོད་དང་། ཀླུ་སྒྲུབ་སྙིང་པོའི་མཛད་པའི་ཀླུ་ཐོ་དང་། གཏོར་ཁུའི་ཕྱག་ལེན་དང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་བཞེངས་དུས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ས་འདུལ་མཛད། སྤྱིར་ས་བདག་ཐམས་ཅད་མཉེས་པ་དང་། སྒོས་བོད་ཡུལ་ས་བདག་ལ་བཙན་ཁང་། གསས་མཁར་གཞི་ལེན་དང་། བཅུ་གསུམ་ཁ་བསྟོད་འདི་དང་། །བསང་བརྔན་བུམ་གཏེར་སོགས་མཛད་ཅིང་ཕྱག་ལེན་དུ་ཕབ་པས་ལྷ་ཀླུ་གཞི་བདག་ཐམས་ཅད་མཉེས་པས། བསམ་ཡས་ཀྱི་གཙུག་ལག་བཞེངས་གྲུབ་པ་དང་། བོད་འབངས་ཐམས་ཅད་བདེ་ཞིང་ཆར་ཆུ་དུས་སུ་འབབ་པས་ལོ་འབྲས་ལེགས་
པ་དང་། རྗེ་ཡི་ཐུགས་དགོངས་རྫོགས་ཤིང་བོད་ཐམས་ཅད་བཀྲ་ཤིས་པར་གསུངས་པ། བླ་མ་དགོངས་འདུས་སོགས་གཏེར་ཁ་མང་པོ་ནས་གསས་མཁར་གཞི་ལེན་གསུངས་པ་ཕྱོགས་རྒྱ་དཀར་པོའི་འགྱུར་རྣམས་བོད་དུ་དར་སྲོལ་ཆེ་བ་བོད་གཞུང་རྣམ་དག་ལ་ཡུལ་སྡེ་དགོན་གནས་གྲོང་ཆེན་ཀུན་གྱི་ཟོ་དོར་གང་གཉེན་ནམ། རྒྱབ་རི་བསྟོད་པ་ཀུན་ལ་གྲགས་ཆེ་འདུག་པ། ད་ལྟ་ཀུན་གྱིས་ཁ་བསྟོད་འདི་ལོ་རེ་བཞིན་བྱེད་སྲོལ་འདུག་པས། དེ་རྣམས་ལ་ཕན་སྙམ་ནས་གོང་དུ་སྨོས་པའི་གསས་མཁར་ཁ་བསྟོད་དེ་རྣམས་ཀྱི་འདོན་ཆ་ཤིན་ཏུ་བསྡུས་པ་འདོན་འགྲིགས་བྱས་པ་འདི་ནི། རྒྱ་ནག་གབ་རྩེ་ལ་ཡང་དག་བསླབ་པའི་རྩིས་མཁན། ༧ རཱ་ག་ཨ་སྱས་བཀོད་པ་ཉེས་འགལ་མཆིས་ན། འཇམ་དཔལ་དབྱངས་དང་ས་བདག་ཡུལ་ལྷའི་ཚོགས་ལ་བཤགས་ཤིང་། དགེ་བས་གཞི་བདག་ལྷ་སྲུང་ཐམས་ཅད་རྟེན་ལ་དགྱེས་པར་བཞུགས། ཡུལ་ཕྱོགས་ཐམས་ཅད་ལོ་ལེགས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།