Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

65 occurrences of དེའི་འོག་ཏུ་
[Clear Hits]


  
28  expand section
expand section
  
17  expand section
expand section
 expand section
expand section
collapse section
  
  
  
 
 
  
  
མཛད་བྱང་།


65 occurrences of དེའི་འོག་ཏུ་
[Clear Hits]

 
previousམཛད་བྱང་།no next

མཛད་བྱང་།


GLG013_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་བྱང་། སྨྲས་པ། མཐའ་ཀླས་བསོད་ནམས་ཟླ་བའི་མ་མ་ལན་གཅིག་མིན་པར་སྙིང་སྟོབས་ས་འཛིན་དབང་པོ་དག་གིས་བསྲུབས་པ་ལས། །བླ་མེད་ཡེ་ཤེས་གོ་འཕང་མཆོག་གི་བཅུ་གཉིས་བདག་པོ་སྐལ་བཟང་འགྲོ་བའི་ལྷ་ལམ་ངོས་སུ་ཤར་བ་ཡིས། །སྣ་ཚོགས་འགྲོ་བའི་བློ་དང་ཇི་བཞིན་འཚམ་པའི་དྲང་དང་ངེས་དོན་སྦྲང་རྩིའི་རྒྱལ་མཚན་མ་ལུས་བཞད་བྱེད་ཅིང་། །བླང་དང་དོར་བྱའི་ཕྲ་རགས་གནས་ལ་ལྟ་བའི་མུན་སྟུག་ཕ་མཐར་ལེགས་བསྐྲད་ཉི་མའི་གཉེན་གྱི་གསུང་རབ་མཆོག །གང་ཞིག་བློ་དམན་ཙ་ཀོ་ར་ཡིས་བགྲོད་བྱའི་ཡུལ་མིན་ཤེར་ཕྱིན་ལྷ་ཡི་ལམ་གྱི་མཐའ། །བློ་གྲོས་བཟང་པོའི་འདབ་གཤོག་ཡོངས་རྫོགས་ལུང་དང་རིགས་པའི་གྲགས་སྙན་མཆུ་སྡེར་རབ་རྣོ་བ། །རྒྱལ་བའི་ཏོག་གྱུར་ཙོང་ཁ་པ་ཞེས་མཁས་པའི་ཁྱུ་མཆོག་གང་གིས་ཐོགས་པ་མེད་བགྲོད་པས། །ཤེས་རློམ་གཉིས་སྐྱེས་ཕལ་ཆེར་ཁེངས་བྲལ་འགའ་ཞིག་ཕྲག་དོག་གཏམ་གྱི་སྦྱོར་བའི་སྐད་ངན་སྒྲོག །དོན་མེད་ཚིག་གི་ལྦུ་བ་མ་ཡིན་ལེགས་པར་བཤད་པའི་རྦ་ཀློང་འཁྲུག །བཅུ་གཉིས་བདག་པོའི་དཀྱིལ་འཁོར་མིན་ཡང་ཆོས་ཚུལ་འདི་ཀུན་གསལ་བར་བྱེད། །རྗེ་བཙུན་འཇམ་དཔལ་སྙིངཔོ་མིན་ཡང་འཆད་རྩོད་རྩོམ་ལ་མཚུངས་པ་མེད། །རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཆེན་ཁྱོད་གསུང་ཚད་མར་བྱ་བའི་ཡུལ། །ཡིད་བཞིན་ནོར་ལྟར་ཆེས་དཀོན་ལེགས་བཤད་མཆོག །མཆོག་དམན་ཀུན་ལ་ཆོས་ཚུལ་སོ་སོའི་ལུགས། །ལུགས་རྣམས་མ་འདྲེས་འབྱེད་ཅིང་སྟོན་ལ་མཁས། །མཁས་པའི་བྱ་བ་རྣམ་གསུམ་འཕེལ་མཛད་རྗེ། །བཤེས་གཉེན་ཛ་ནྷུ་ཡི་ཞལ་སྒོ་ལས། །དངོས་པོ་བརྒྱད་ཀྱི་ཡན་ལག་བརྒྱད་ལྡན་ཆབ། །རྒྱལ་བསྟན་པད་དཀར་མིག་གི་ཞབས་བསིལ་འདི། །བློ་གྲོས་སྐལ་ལྡན་ཤིང་རྟས་


GLG013_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་སམ་སྙམ། །ཨེ་མ་དེང་དུས་གངས་ཀྱི་ར་བས་ཡོངས་སུ་བསྐོར་བའི་ལྗོངས་འདི་ན། །སྐྱེ་དགུའི་སྣང་ཚུལ་ཕ་མཐའ་ཡས་ནི་ཕལ་ཆེར་བརྟགས་ཚེ་བཞད་གད་གནས། །དེ་ཕྱིར་སྨྱོན་པའི་ཟློས་གར་དག་ལ་བློ་ལྡན་རྟོག་དཔྱོད་མི་འཇུག་ལྟར། །བཏང་སྙོམས་གཞག་པར་རིགས་མོད་འོན་ཀྱང་ཅུད་ཟད་བརྗོད་པའང་དོན་དང་ལྡན། །ཤེས་རབ་ན་ཚོད་ཆེས་ཆེར་ཡོལ་ཞིང་རྫུན་དང་ཟོག་གི་སྐྲ་ཚོགས་དཀར། །གླེགས་བམ་ཀུན་ལ་མི་དགའི་བཞིན་ནག་རྨོངས་པའི་ཁྲོ་ཉམས་ཅི་ཡང་བྱེད། །སྦྱིན་འབྲས་དཀོར་ནོར་ཆང་གིས་རབ་མྱོས་ཆོས་མིན་བྱ་བའི་སྐྱུགས་པས་འགེངས། །ཟང་ཟིང་བདོག་པའི་འཁར་བར་བརྟེན་ནས་བླུན་པོའི་དབུས་ན་རྒན་ཉམས་བྱེད། །བཙོག་ཆུར་ཡང་ཡང་གོས་པའི་ཁྭ་ཏའི་མཆུ། །དྲི་བྲལ་གཙང་མའི་ས་ལ་འཕྱིད་པ་བཞིན། །ལུགས་གཉིས་གཏད་སོ་བྲལ་བའི་མུ་ཅོར་ཅན། །འདུས་ནས་འཐད་ལྡན་སྐྱེས་བུར་འཕྱ་སྨོད་བྱེད། །སྲིད་འདིར་མཛེས་པའི་ལུས་ཕྲའི་བཞིན་རས་ལ། །ཆགས་ཀྱང་ལོང་བས་བལྟ་བའི་ཡུལ་འདས་ལྟར། །ཐུབ་བསྟན་འཛིན་དང་བདག་པོར་ཁས་འཆེ་ཡང་། །ཐོས་བྲལ་ཚུལ་འཆོས་ཅན་རྣམས་སྐལ་བ་ཕྲ། །ཐོས་བསམ་སྒྲུབ་ལ་ནུས་པའི་མཐུ་ལྡན་ཡང་། །བག་མེད་ཐོ་ཅོའི་སྤྱོད་པས་དུས་འདའ་བ། །མི་གཙང་བཤང་གཅིས་གོས་པའི་སྣོད་ངན་དུ། །ཞིམ་པོའི་བཏུང་བས་གང་ཡང་དགོས་པ་ཅི། །ལྗོན་པའི་ཤིང་ལས་གྲུབ་པའི་རལ་གྲིའི་སོ། །ཤེས་ཅན་མི་ཡིས་བརྡེག་པ་དཔེར་བཟུང་ནས། །ལྕགས་ཀྱི་སྤུ་གྲི་རྣོན་པོས་རང་གི་ལུས། །གཅོད་པའི་དྲེད་མོའི་རྣམ་ཐར་སྐྱོང་བ་མང་། །ང་རྒྱལ་རླུང་གིས་བསྐྱོད་པའི་ཐལ་འགྱུར་མེས། །ཐར་བའི་ཚང་ཚིང་སྲེག་རྗེས་འབྲང་མིན་ཡང་། །གསུང་རབ་དོན་དང་ལེགས་ཉེས་མཐའ་དག་ལ། །དཔྱད་པ་


GLG013_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་རྒྱ་བོད་མཁས་པའི་ལུགས། །ཉོན་མོངས་དུག་གསུམ་གྱིས་སྦགས་དུག་གི་ཕྱེ། །ཚུལ་འཆོས་ཟས་དང་ལྷན་ཅིག་བསྲེས་པ་དག །རྨོངས་དད་སྐྱེ་དགུའི་ཐར་པའི་སྲོག་གཅོད་པ། །དེ་འདྲ་ལྷ་བུས་དགེ་སྦྱོང་ཚུལ་བཟུང་ངམ། །རྒྱལ་བའི་བསྟན་ལ་རྗེས་ཞུགས་སྨོས་ཅི་དགོས། ཁྱིམ་པའི་ཡ་རབས་སྤྱོད་ལས་ཕྱིར་འགོད་པའི། །བ་གླང་བརྟུལ་བཞུགས་འཛིན་ལ་གྲུབ་ཐོབ་ཅེས། །སྨྲ་བའི་ཁ་དེ་བདུད་ཀྱིས་ཕྱེ་མིན་ནམ། །བརྟུན་པས་རབ་སྦྱངས་མང་ཐོས་ཉལ་འགྲོའི་རྒྱུན། །དུག་གསུམ་རླབས་ཀྱིས་གྲངས་མེད་དགེ་བའི་མེ། །འཇོམས་པས་མངོན་མཐོའི་རྟེན་ཙམ་འཐོབ་མིན་ན། །ཀུན་མཁྱེན་ཡེ་ཤེས་རྒྱུ་རུ་ཅི་ཞིག་འགྲོ། །འདབ་གཤོག་རྩལ་བྲལ་གཉིས་སྐྱེས་འཕུར་འདོད་དང་། །གླང་ཆེན་རྒྱབ་ཁལ་བྱི་བས་འདེགས་རྩོམ་ལྟར། །ཕྱི་ནང་རིག་གནས་ལྟ་བའི་རྣམ་དཔྱོད་མིག །མི་ལྡན་ནོར་གྱིས་ཉོས་ཀྱང་ཁུགས་ལགས་གྲང་། །ཚད་མའི་དབང་གྱུར་མཁས་པ་ཕལ་ཆེར་ནོངས། །བ་གླང་རྫི་ལ་སྙན་པོའི་མིང་ནས་འབོད། ཁ་ཟས་ཙམ་གྱིས་རྨོངས་པའི་མགོ་བོ་འཁོར། །འཇིག་རྟེན་སུ་མཁས་བསྟན་འཛིན་སྐྱེས་བུར་འབོད། །ཆེན་པོའི་གླེགས་བམ་ལམ་ཁའི་རྡོ་བཞིན་བསྐྱུར། །ཉུང་ངུའི་དཔེ་ཧྲུལ་ཕག་ནས་མགོ་ཉུག་བྱེད། །འདུས་སྡེ་སྤངས་ནས་རི་ལྟོངས་ཆུ་ལྟར་ཉུལ། །ཆོས་ལྡན་གྲོགས་སྤངས་མི་དགེའི་བཤེས་རྗེས་འབྲང་། །བསླབ་དང་བྲལ་ཡང་བླ་གོས་ལྷབ་ལྷུབ་ཅན། །བྱིང་ཐིབས་སྟུག་པོར་ཡུར་ལ་ཞི་གནས་མཁན། །མཐའ་གཉིས་ལྷུང་ལ་དབུ་མར་ཁས་འཆེ་བ། །ཐུབ་བསྟན་ཟེར་ཡང་མི་ཚེའི་འཕུལ་ཐབས་ཡིན། །ཚེ་འདིར་སྦྱངས་ཤིང་ཤེས་ལ་ཐ་མལ་ཟེར། །ཐོས་བྲལ་མ་བསླབས་སྐྱེས་བུ་དམ་པར་ལྟ། །གསེར་དང་སྣག་ཚ་བསྲེ་བའི་རྒྱལ་ཁམས་འདི། །ཡུལ་དབུས་ཟེར་ཡང་ཀླ་ཀློའི་གྲོང་ཁྱེར་འདྲ། །སྟོབས་


GLG013_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ནོར་རྫས་ལ་སོགས་འདི་སྣང་གི །མདུན་མ་འབའ་ཞིག་སྒྲུབ་ལ་སྟེགས་བཅའ་བ། །ཟས་གཙང་སྲས་ཀྱི་སྤྲུལ་པར་གྲགས་གྱུར་ཀྱང་། །འདུན་པའི་འགྲམ་ཆུ་སྙིང་ནས་ག་ལ་ལྡང་། །གཉིས་མེད་གསུང་བའི་དྲི་མེད་རིང་ལུགས་འདིར། །རབ་འབྱམས་ཤེས་བྱ་འཇལ་བའི་སྤོབས་པ་ཅན། །མཆོག་དམན་སྐྱེ་བོ་གང་གི་ཁྲོད་གནས་ཀྱང་། །སྙིམ་པའི་པད་འདབ་ཟུམ་ནས་འདུད་པར་སྤྲོ། །སྟོབས་བཅུ་མངའ་བའི་གསུང་རབ་འཆད་ཚེ་འཆད་རྩོད་རྩོམ་ལ་ངག་གི་དབང་། །དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་ཀུན་ལྡན་ཀུན་མཁྱེན་ལྟ་བུར་གཏིང་དཔག་དཀའ། །དཀའ་བའི་གནད་རྣམས་འགྲོལ་ལ་རབ་དབང་རབ་ཡངས་མཁྱེན་པ་མཁའ་ལྟར་ཟབ། །ཟབ་དོན་མངོན་པར་རྟོགས་པའི་ཚུལ་ལ་ཚུལ་མིན་ལོག་རྟོག་དྲི་མའི་ཚོགས། །ཚོགས་གཉིས་ཡུན་རིང་རིང་ནས་གོམས་པ་ལས། །ལས་འབྲས་མི་བསླུ་བསླུ་མེད་དཀོན་མཆོག་དངོས། །དངོས་བརྒྱུད་བླ་མ་མ་ལུས་མཁྱེན་བརྩེའི་ཕུལ། །ཕུལ་བྱུང་ཆོས་ཚུལ་ཚུལ་བཞིན་འཕེལ་བའི་གཙོ། །གཙོ་དང་ཕལ་ཞེས་ཕལ་ཆེར་རང་གཞན་དུ། །དུ་མར་མ་བཅད་མ་ལྟར་ཀུན་ལ་བྱམས། །བྱམས་མགོན་མི་ཕམ་མི་ཡི་སྲིད་བཟུང་ལས། །ལས་ཅན་མིག་ལ་མིག་གི་མདུད་རྩིར་བསྟན། །གང་དེའི་དྲིན་ལས་རྟོགས་པར་ཆེས་དཀའ་བའི། །ཤེར་ཕྱོགས་གཏན་ལ་འབེབས་པའི་རྣམ་བཤད་ཀྱི། །དགོངས་དོན་ཅུང་ཟད་གསལ་བའི་བློ་ནུས་འདི། །ལེགས་བྱས་རྒྱ་མཚོའི་ཟོང་གིས་ཉོས་སམ་སྙམ། །བློ་བཟང་གྲགས་སྙན་གཞུང་ལུགས་ཕ་མཐའི་ཚད། །བདག་ལྟའི་ཤེས་རབ་སྲང་ལ་གཞལ་བ་ཡི། །ཡུལ་ལས་འགོང་ཡང་ཡོངས་འཛིན་ཞལ་གྱི་ལུང་། །ཐོས་རྣམས་འཁྲུལ་བྲལ་ཇི་བཞིན་བཀོད་སྙམ་བགྱིད། །སྔོན་བྱོན་མཁས་ལ་མ་གྲགས་གསར་བུ་ཡི། །ལེགས་


GLG013_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤད་པ་འདི་ན་མ་མཆིས་ཀྱང་། །གཞན་གྱིས་བརྩམས་པའི་བསྟན་བཅོས་མ་ཉམས་པ། །སྦྱར་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་འགྲེལ་པ་སྙིགས་དུས་ཀྱི་སྐད་གཉིས་སྨྲ་བའི་དབང་པོ་ཞ་ལུ་ལོ་ཆེན་གྱིས་མཛད་པ་ལ་རྗེ་དྲུང་མི་བསྐྱོད་རྡོ་རྗེས་མཛད་བྱང་བརྒྱབ་པ་མཐོང་ཞིང་ཞ་དམར་བས་འདུལ་ཊཱིཀ་རིན་ཆེན་ཕྲེང་བ་མཛད་བྱང་སྤོས་པ་སོགས། གཞན་ཡང་དེ་རིགས་ཀྱི་གཏམ་མང་དུ་ཐོས། བྱང་སྤོས་པའི་གཡོ་ཁྲམ་བྱས་པའང་མེད། །ཚད་ཐུབ་བཀའ་དང་བསྟན་བཅོས་གང་ཟག་ལ། །འདི་འདྲའི་དོལ་པོ་བས་ལྟ་བ་ངན་པ་ལ་དུས་འཁོར་མྱང་འདས་རྒྱུད་བླ་སོགས་ལ་ཁུངས་བཅོལ་བ་དང་། ཞ་དམར་བས་འདུལ་བ་ཐག་རྒྱ་མའི་ཁུངས་འདྲེན་པ་ལྟར། ལུགས་སྲོལ་ཡོད་ཅེས་རྫུན་གྱི་ཁག །བཀལ་ནས་རྒྱལ་བའི་བསྟན་པ་རིན་ཆེན་ལ། །ལོག་བཤད་དཀྲུག་པའི་སྦྱོར་བ་བྱས་པའང་མེད། །འགའ་ཞིག་མང་དུ་ཐོས་པའི་ནགས་ཀླུང་དུ། །གླེགས་བམ་སྲིན་གོ་ཤཱཀ་རྗེ་དྲུང་མི་བསྐྱོད་རྡོ་རྗེ་བྱ་བ་སྤྲུལ་སྐུ་ངག་དབང་ནོར་བུ་སོགས། བུའི་མེ་འོད་འདེགས་པ་རྣམས། །འཇམ་དཔལ་སྙིང་རྒྱལ་བ་ཙོང་ཁ་པ། པོའི་གསུང་གི་རྟ་བདུན་འོད། །ཤར་ཚེ་བྲིས་པའི་མེ་ལྟར་གསལ་ཆས་སྟོང་། །ངང་ཚུལ་དེ་ལས་ཕྱག་རྒྱ་ཆེན་པོ་སོགས། །སྒོམ་སྒམ་འབྲུག་འབྲི་སྟག་སོགས། ཆེན་རྫུ་བག་དར་གྱི་རྣམ་འདྲ་བ། །རྨོངས་པའི་མིག་སྔར་མཛེས་པའི་ཟློས་གར་དག །སྒྱུར་རྣམས་ཞལ་གྱི་སྒོ་དེ་སྙུན་མི་མངའ། །བསྟན་འདིར་རྗེས་ཞུགས་ཁ་ཅིག་རིགས་ཆོས་རྗེ་བསོད་གྲགས། པ་ཉུང་། །ལ་ཆོས་རྗེ་རྗེ་བཙུན་པ། ལ་ཚིག་གི་སྤྲོས་པར་རྣམ་པར་འཕྱན། ཁ་ཅིག་ཚིག་འཁྲིས་བསྟན་དར་བ་ཕྱོགས་ལྷ་བ་སྟོབས་ཆོས་འབྱོར་སོགས། གཞུང་གི་དགོངས་དོན་དོར། །ཕྱོགས་འགའ་ངག་ཆོས་འབྱུང་བ། འཆལ་བརྗོད་མིན་ཙམ་དུ་ཟད། །ཚིག་གི་ལོ་འདབ་ཁོ་ནས་མ་བསྒྲིབས་ཤིང་། །འབྲུ་འགྲེལ་མཐའ་དཔྱོད་སྙིང་པོའི་གང་བུ་ཅན། །རོ་བརྒྱའི་དཔལ་གྱི་བསྒྲུན་མིན་རྣམ་བཤད་འདི། །ཡོངས་


GLG013_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་མིན་ཡང་ལྷ་རྣམས་སྤྱོད་སྙམ་བྱེད། །སྦས་དོན་མངོན་པར་རྟོགས་པའི་ལྷ་ལམ་ངོས། །དགོངས་འགྲེལ་ཆུ་འཛིན་ཕྲེང་བ་འཁྲིགས་པ་ལས། །དངོས་བརྒྱད་མ་འདྲེས་འབྱེད་པའི་གྲུ་ཆར་གྱིས། །ཐོས་བསམ་དབྱར་སྐྱེས་གཞོན་ནུ་ཆེར་སྨིན་ཞིང་། །ལུང་དང་རྟོགས་པའི་གངས་ཀྱི་རི་བོའི་སྤོར། །རྣམ་དཔྱོད་གདོང་ལྔའི་གཟི་བརྗིད་མངོན་འབར་བ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བའི། །རིང་ལུགས་དབྱར་གྱི་མཚོ་ལྟར་འཕྱུར་གྱུར་ཅིག །རྣམ་པ་ཐམས་ཅད་མཁྱེན་པའི་སྤྱན་རས་ཀྱིས། །ཡུན་དུ་ལེགས་པར་དཔྱད་ཀྱང་རྙེད་དཀའ་བས། །སྲིད་མཚོ་ཀླུང་དུ་འཁྱམས་པའི་མར་གྱུར་འགྲོ། །དཔལ་ལྡན་སྐུ་བཞིའི་གོ་འཕང་འཐོབ་པ་དང་། །བཟང་པོའི་ལས་དམན་མ་རིག་སྟུག་པོའི་གོས། །སྐྱེ་བར་གོམས་ཤིང་ཚེ་འདིར་སྦྱངས་སྟོབས་ཞན། །བདག་ལྟའི་ཚོགས་རྣམས་གཙུག་ལག་རྒྱ་མཚོ་ལ། །དཔྱོད་པའི་ཤེས་རབ་སྣང་བ་འཐོབ་པར་ཤོག །ཕན་དང་བདེ་བའི་འབྱུང་གནས་བསྟན་པའི་སྟེགས། །ཕུན་ཚོགས་སྡེ་བཞིའི་འབྱོར་བར་དབང་བསྒྲུར་བ། །ས་སྤྱོད་དམ་པའི་ཁྲིམས་ཀྱིས་ནོར་འཛིན་ཀུན། །དགེ་ལེགས་འདོད་འཇོའི་དཔྱིད་དུ་དར་གྱུར་ཅིག །ཅེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་གསལ་བར་བྱེད་པ་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ཞེས་པ་འདི་ཡང་། གངས་ཀྱི་ར་བས་བསྐོར་བའི་ལྗོངས་འདིར། རྒྱལ་བའི་གསུང་རབ་ཀྱི་དྲང་ངེས་མཐའ་དག་རིགས་པའི་སྒོ་ནས་གཏན་ལ་འབེབས་པའི་འདུས་སྡེ་རྣམས་ཀྱི་ཁྱུ་མཆོག་ལེགས་བཤད་ཆོས་འཁོར་གླིང་པའི་སློབ་དཔོན་མདོ་སྔགས་སྨྲ་བའི་བློ་གྲོས་ཀྱི་རྩལ་ལྡན་བསྟན་འཛིན་འཕྲིན་ལས་དང་། ཆུ་བཟང་བླ་


GLG013_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

མ་རབ་འབྱམས་པ་སྐལ་བཟང་རྒྱ་མཚོ། རབ་འབྱམས་པ་བློ་བཟང་ཆོས་གྲགས་གསུམ་གྱིས་སྔ་ཕྱིར་ནན་གྱིས་འདི་ལྟ་བུ་ཞིག་གྱིས་ཞེས་བསྐུལ་ཅིང་། སླར་ཡང་བཀའ་བཅུ་རབ་འབྱམས་ཕལ་ཆེར་གྱིས་མོས་འདུན་ཡིན་ཚུལ་དང་བཅས་བྱུང་བར་བརྟེན། དང་པོར་འཇམ་དབྱངས་གཞོན་ནུ་མཐོན་མཐིང་རལ་པའི་ཟུར་ཕུད་དོར་ནས་ངུར་སྨྲིག་བླ་གོས་ཀྱིས་མཛེས་པར་བྱས་པའི་མཁས་པའི་དབང་ཕྱུག་ཡོངས་འཛིན་དཀོན་མཆོག་ཆོས་འཕེལ་གྱི་དྲུང་དུ་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་གྱི་ཊཱིཀྐ་སྤྱི་དོན་ཐལ་འཕྲེང་སོགས་ལན་ཁ་ཡར་ཐོས་པ་དང་། རྒྱལ་ཚབ་ཐམས་ཅད་མཁྱེན་པའི་རྣམ་བཤད་ཆེན་མོའི་དགོངས་དོན་རང་བློས་གང་སྤོབས་གོ་བསྡུར་ཞིང་། ཆོས་རྗེ་རྗེ་བཙུན་པ། ཆོས་རྗེ་བསོད་གྲགས་པ། ཆོས་རྗེ་སྒོམ་སྡེ་ནམ་མཁའ་རྒྱལ་མཚན། མཁས་གྲུབ་དཔལ་འབྱོར་ལྷུན་གྲུབ་སོགས་ཀྱི་ལེགས་པར་བཤད་པ་རྣམས་ནས་ཀྱང་ཁ་བསྐངས་ཏེ། གངས་རིའི་ལྗོངས་འདིར་གནམ་གྱིས་བསྐོས་པའི་ཆོས་ལྡན་གྱི་རྒྱལ་པོ་གོང་མ་སྡེ་སྲིད་དཔལ་ཕག་མོ་གྲུ་པའི་མདུན་ན་འདོན། འཕགས་ཡུལ་པའི་རྒྱལ་རིགས་སཱ་ལ་པ་ཆེན་པོ་ཟ་ཧོར་གྱི་རིགས་ལས་སྨན་ལྗོངས་སྐྱིད་པའི་ཡུལ་གྲུ་ཡར་ཀླུངས་ཀྱི་ཆར་སྐྱེས་ཤིང་། རབ་འབྱམས་རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རིང་ལུགས་ལ་ཤེས་ནས་དད་པ་ཐོབ་ཅིང་། ཐུབ་བསྟན་ཡོངས་ཀྱི་རྩ་ལག་གཅིག་པུ་མཁན་པོ་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོར་ཐེག་པ་ཆེ་ཆུང་གི་ཆོས་ཚུལ་མཐའ་ཀླས་པའི་བཀའ་དྲིན་ནོས་ལ། ཁྱབ་བདག་འཁོར་ལོའི་དབང་ཕྱུག་འཁོན་སྟོན་ཆོས་ཀྱི་རྒྱལ་པོའི་མཁྱེན་བརྩེ་ནུས་པའི་བདག་ཉིད་ལས་ངེས་དོན་སྙིང་པོའི་ཚུལ་ཕྱོགས་ཙམ་རིག་པ། བརྟན་པའི་འཁོར་ལོ་སློབ་


GLG013_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་རིན་པོ་ཆེ་དཀོན་མཆོག་ཆོས་འཕེལ་གྱི་ཟླ་མེད་པའི་རྣམ་པར་དཔྱོད་པའི་དྲིན་གྱིས། ཐུན་མོང་བའི་ཐེག་པ་དང་། གཏན་ཚིགས་རིག་པ། བོད་ཡུལ་གྱི་པཎྜི་ཏ་རིག་གནས་རྒྱ་མཚོའི་ཕྲེང་བ་འཛིན་པ་སོགས་མཁས་པ་དུ་མའི་དྲིན་གྱིས་རྡོ་རྗེའི་ཐེག་པ་དང་བརྡ་སྤྲོད་པ་ཀ་ཙ་ཎ་སོགས་ཐ་སྙད་རིག་པའང་མང་དུ་ཐོས་པའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས། འགྲོ་བའི་བླ་མ་ཤཱཀྱ་སེང་གེ་དྲག་པོ་ཞེས་པ་ལྕགས་སྤྲེ་ལོར་སྐུ་བལྟམས་ནས་ལོ་ཉིས་སྟོང་དྲུག་བརྒྱ་ཉག་མ་ལྔ་འདས་པ། རང་ལོ་ཉེར་བརྒྱད་དུ་སླེབས་པ། འཕགས་ཡུལ་དུ་སཽ་ཪྻི་ཀ་ཕྱོགས་འདིར་ཉི་སྒྲོལ་བྱེད་དུ་འབོད་ཅིང་། རྒྱ་ནག་པ་གྱ་ཤིང་ཞེས་པ་ཤིང་ཕོ་སྤྲེའུའི་ལོ་ཐ་སྐར་ཟླ་བའི་དབྱངས་ཨོ་འཆར་བའི་ཚེས་ལ་དབུ་བཙུགས་ཏེ། སྐབས་དང་པོ་ཡན་ཡོངས་འཛིན་མཆོག་གི་སྤྱན་སྔར་རྩོམ་ཕུད་དུ་ཕུལ་བས་ལེགས་སོ་དང་བཅས་ཏེ། ལྷག་མ་རྣམས་མྱུར་དུ་གྲུབ་པ་དགོས་ཞེས་བཀའ་སྩལ་བ་ལ་བརྟེན་ནས། ས་སྐྱོང་ཞེས་པ་ཤིང་མོ་བྱའི་ལོ་མེ་ཏོག་ཅན་གྱི་ཟླ་བ་ཕྱི་མའི་དཀར་པོའི་ཕྱོགས་ཀྱི་རྒྱལ་བ་གསུམ་པ་དྲང་སྲོང་ཟླ་སྐྱེས་ལྷ་མཚམས་ཀྱི་དགའ་མ་དང་རྩེ་བའི་ཉིན། མཁས་གྲུབ་རྒྱ་མཚོ་འདུ་བའི་སྟི་གནས་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོར་རྫོགས་པར་གྲུབ་པའི་ཡི་གེ་པ་ནི་རྒྱ་བོད་ཀྱི་ཡི་གེའི་རིགས་དང་བརྡ་དག་སོགས་ལ་བློ་གྲོས་ཀྱི་སྣང་བ་ཅན་ངག་དབང་དགེ་ལེགས་ཀྱིས་བྲིས་པ་འདིས་ཀྱང་བསྟན་པ་སྤྱི་དང་། ཁྱད་པར་མཉམ་མེད་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་མི་འགྱུར་རྡོ་རྗེའི་རང་བཞིན་དུ་གནས་པའི་དངོས་པོ་ལྷུན་གྱིས་གྲུབ་པར་གྱུར་ཅིག །ཨོཾ་སྭ་སྟི། འཛམ་གླིང་གནས་མཆོག་བྱ་རྒོད་སྤུངས་འདྲའི་རིང་། །སྟོན་པའི་མགུལ་ནས་བཀའ་སྩལ་


GLG013_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་མདོར། །གཏེར་ལྟར་སྦས་པའི་མངོན་རྟོགས་རིམ་པ་རྣམས། །གསལ་བྱེད་མན་ངག་མངོན་པར་རྟོགས་པའི་རྒྱན། །མི་ཕམ་དྲུང་ནས་འཕགས་མཆོག་ཐོགས་མེད་ཀྱིས། ཁོང་དུ་ཆུད་པར་མཛད་ནས་འཛམ་གླིང་འདིར། །རྒྱ་ཆེའི་མན་ངག་གསལ་བར་མཛད་པའི་ཚེ། །མདོ་རྒྱན་དགོངས་པ་འགྲེལ་ལ་མཁས་རྣམས་བྲེལ། །དེ་ཚེ་མི་ཕམ་མགོན་པོའི་ལུང་བཞིན་དུ། །སེང་བཟང་ཞབས་ཀྱིས་རྒྱན་དོན་གསལ་མཛད་པར། །མཁས་རྣམས་ངོ་མཚར་བསྐྱེད་དེ་རྒྱ་ཆེར་སྤེལ། །ཚུལ་དེར་རྒྱལ་བ་གཉིས་པས་དག་ཐེར་མཛད། །དེ་ལྟར་བློ་བཟང་རྒྱལ་བའི་དགོངས་པའི་ལུས། །མ་ནོར་ལུང་རིགས་རྒྱན་གྱིས་ལེགས་སྤྲས་ཏེ། །སྐལ་བཟང་འགྲོ་ལ་དགའ་བའི་སྟོན་མོ་རུ། །སྩོལ་མཛད་ལྔ་པ་ཆེ་བཅས་ཕྱག་གི་ཡུལ། །སླར་ཡང་རྒྱན་དོན་འཚོལ་བ་ལྷུར་ལེན་པའི། །བགྲང་ཡས་སྐྱེ་རྒུའི་ཞིང་ས་གཤིན་པ་ལ། །དགྱེས་པའི་སྤྱན་ཡངས་སྲིད་ཞིའི་འདྲེན་མཆོག་ནས། །དེང་འདིར་ཆོས་སྦྱིན་མི་ཟད་ཆར་རྒྱུན་དབབ། །འདིའི་མཐུས་འགྲོ་བའི་ཉེས་ཚོགས་དྲི་མ་འཁྲུད། །ལེགས་བྱས་འོ་མཚོ་བསྐྱིལ་བའི་དབུས་ཉིད་ན། །ཕྱག་ན་པདྨོའི་མཛད་འཕྲིན་འདབ་སྟོང་བཞད། །གང་གི་ལེགས་གསུང་ཟིལ་མངར་རྟག་སྤྱོད་ཤོག །ཤེར་ཕྱིན་གཞུང་ལུགས་ཀུན་གསལ་ཡངས་པོའི་ངོས། །བཤད་སྒྲུབ་འོད་སྟོང་འབར་བའི་གཟི་བྱིན་གྱིས། །ལུས་ཅན་སྙིང་དུ་མཚང་བཅས་མ་རིག་མུན། །གནས་པའི་གོ་སྐབས་འཕྲོག་སྟེ་དྲུངས་འབྱིན་ཤོག །རྣམ་དག་ཆོས་སྲིད་ལུགས་བཟང་


GLG013_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་རླུང་། །ཆེས་ཆེར་གཡོས་པས་སྲིད་དང་དམན་པའི་མཚོར། །འཕྱན་རྣམས་ཐེག་པ་མཆོག་གི་སར་དྲངས་ཏེ། །རིང་མིན་སྐུ་གསུམ་གླིང་དུ་འགོད་གྱུར་ཅིག། །།ཤུབྷམསྟུ་སརྦ་ཛ་གཏཾ། །མངྒལཾ།། །།ཅེས་པ་འདི་ནི་ཐམས་ཅད་མཁྱེན་པ་རྒྱལ་མཆོག་ལྔ་བའི་གསུང་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ཞེས་བྱ་བ་སྔོན་ནས་པར་བསྐྲུན་མཛད་པ། དེང་སྐབས་འགྲེས་ཉམས་ཅི་ཆེར་གྱུར་སྐབས་༧རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་ནས། བསྟན་རྒྱུན་ལ་དགངས་ཟབ་བླ་ན་མ་མཆིས་པས་གསུང་འདི་བཞིན་པར་གསར་བཞེངས་བགྱིད་དགོས་ཀྱི་བཀའ་བསྒྱུར་ཕེབས་འཕྲལ་མགོན་པོ་གང་གི་འཕྲིན་ལས་ཀྱི་གཙོ་འཛིན་པ་ངོས་ནས་ཀྱང་དེ་དོན་བཀོད་ཁྱབ་ནན་ཏན་གྱིས་གཞུངས་མཆོག་ནས་པར་གསར་བཞེངས་སྐབས། ༧གོང་མཆོག་ནས་པར་བྱང་སྨོན་ཚིགས་ཤིག་ཡོངས་འཛིན་ལྕོགས་འདྲི་དགོས་བཀའ་ཕེབས་ལྟར། ཕྲན་སྲིད་སྐྱོང་འཛིན་ཇི་ཧྲན་ཤན་སི་དེ་མོ་ཧོ་ཐོག་ཐུང་ངག་དབང་བློ་བཟང་འཕྲིན་ལས་རབ་རྒྱས་ནས་བྲིས་པ་ཛཡནྟུ། ཤུ་བྷམ་སྟུ་སརྦ་ཛ་ག་ཏཾ། བར་ཡོན་སྤྲོད་ལེན་མི་ཚིག དགེའོ།


previousམཛད་བྱང་།no next