Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
བསམ་གཏན་དངོས་གཞིའི་སྙོམས་འཇུག་སོགས་ཀྱི་ཁྱད་ཆོས་བཤད་པ།
   
   
   


 
previousབསམ་གཏན་དངོས་གཞིའི་སྙོམས་འཇུག་སོགས་ཀྱི་ཁྱད་ཆོས་བཤད་པ།next

བསམ་གཏན་དངོས་གཞིའི་སྙོམས་འཇུག་སོགས་ཀྱི་ཁྱད་ཆོས་བཤད་པ།


GLG014_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དེ་དག་གི་ཁྱད་ཆོས་ལ། འཐོབ་པའི་ཚུལ། ཐོབ་ཟིན་མངོན་དུ་བྱེད་ཚུལ། དམིགས་པའི་ཁྱད་པར། སྤང་བྱ་སྤོང་ཚུལ་ཉེར་བསྡོགས་དང་བཅས་པ་བཞི། དང་པོ་ལ། དངོས་དང་། སྙོམས་འཇུག་གང་གི་མཇུག་ཏུ་སྙོམས་འཇུག་དུ་འབྱུང་ལ་དཔྱད་པ། དག་པའི་དབྱེ་བ། ཞར་བྱུང་ཐོད་རྒལ་གྱི་རྣམ་གཞག་དང་བཞི། དང་པོ་ནི། སྙོམས་འཇུག་དག་པ་འཐོབ་ཚུལ་ཡོད་དེ། འོག་ས་ལ་འདོད་ཆགས་དང་བྲལ་བ་དང་། སྲིད་རྩེ་མ་གཏོགས་འོག་སར་སྐྱེ་བ་ལས་ནི། དེ་དང་མི་ལྡན་པ་འཐོབ་པའི་ཕྱིར། ཟག་མེད་ཀྱི་བསམ་གཏན་ཆོས་ཅན། དེ་ཡོད་དེ། འདོད་ཆགས་དང་བྲལ་བ་ཡིས་འཐོབ་པའི་ཕྱིར། ཉོན་མོངས་ཅན་གྱི་བསམ་གཏན་ཆོས་ཅན། དེ་ཡོད་དེ། ཡོངས་སུ་ཉམས་པ་དང་གོང་ས་ནས་འོག་སར་སྐྱེ་བ་ཡིས་འཐོབ་པའི་ཕྱིར། །གཉིས་པ་ནི། ཟག་པ་མེད་པའི་མཇུག་ཐོགས་སུ་བསམ་གཏན་སྐྱེ་ཚུལ་ཡོད་དེ། དཔེར་ན་བསམ་གཏན་གསུམ་པ་ལ་རང་ས་ནས་རང་གི་ལྟག་གོང་ས་དང་འོག་ས་གསུམ་པ་བསམ་གཏན་དང་པོའི་བར་གྱི་དགེ་བ་དག་པ་དེར་ཟག་མེད་རྣམས་སྐྱེ་བའི་ཕྱིར། བསམ་གཏན་དག་པ་བ་ཆོས་ཅན། ཁྱོད་ཀྱི་མཇུག་ཏུ་ཆོས་དུ་མ་འཐོབ་སྟེ། སྔ་མ་དེ་བཞིན་དུ། རང་ས་འོག་ས་སོགས་ཀྱི་བསམ་གཏན་དག་པ་བ་དང་། རང་གི་སའི་ཉོན་མོངས་ཅན་ཡང་འཐོབ་པའི་ཕྱིར། ཉོན་མོངས་ཅན་གྱི་བསམ་གཏན་ཆོས་ཅན། མཇུག་ཏུ་གསུམ་འབྱུང་སྟེ། རང་སའི་དག་པ་བ་དང་། ཉོན་མོངས་ཅན་དང་། འོག་མའི་དག་པ་གཅིག་ཀྱང་འཐོབ་པའི་ཕྱིར། འཆི་འཕོ་བའི་དུས་ཀྱི་སྐྱེས་ཐོབ་ཀྱི་བསམ་གཏན་དག་པ་མཇུག་ཐོགས་སུ་ཆོས་གསུམ་འབྱུང་སྟེ། རང་ས་འོག་ས་གོང་སའི་ཉོན་མོངས་ཅན་ཀུན་འབྱུང་བའི་ཕྱིར། འཆི་འཕོ་བའི་ཚེ་ཉོན་མོངས་ཅན་ཆོས་ཅན། མཇུག་


GLG014_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གོང་མའི་དག་པ་སྐྱེ་བ་མེད་དེ། འོག་ས་ཁོ་ན་འབྱུང་བའི་ཕྱིར། །གསུམ་པ་ནི། བསམ་གཏན་དག་པ་ཆོས་ཅན། བཞི་ཡོད་དེ། ཉམས་པ་ཆ་མཐུན་སོགས་ཀྱིས་གནས་པ། ཁྱད་པར། ངེས་འབྱེད་ཆ་མཐུན་རྣམས་ཡོད་པའི་ཕྱིར། ངོ་བོ་ཡོད་དེ། གོ་རིམ་བཞིན་དུ། ཉོན་མོངས་སྐྱེ་བ་དང་། རང་ས་དང་། གོང་ས་དང་། ཟག་མེད་སྐྱེ་བ་དང་རྗེས་སུ་མཐུན་པའི་ཕྱིར། ཉམས་པ་ཆ་མཐུན་གྱི་མཇུག་ཐོགས་སུ་གཉིས་འབྱུང་སྟེ། དེ་དང་གནས་པ་ཆ་མཐུན་གཉིས་འབྱུང་བའི་ཕྱིར། སོགས་པས་རྗེས་མའི་མཇུག་ཏུ་གསུམ་འབྱུང་སྟེ། ངེས་འབྱེད་ཆ་མཐུན་མ་གཏོགས་འབྱུང་བའི་ཕྱིར། ཁྱད་པར་གྱི་མཇུག་ཏུ་གསུམ་འབྱུང་སྟེ། ཉམས་པ་མ་གཏོགས་འབྱུང་བའི་ཕྱིར། ངེས་འབྱེད་ཀྱི་རྗེས་སུ་གཅིག་འབྱུང་སྟེ། དེ་ཁོ་ན་འབྱུང་བའི་ཕྱིར། སྨྲས་པ། དགྲ་བཅོམ་བདུན་གྱི་ཞལ་སྒོའི་གངས་རི་ལས། །ལེགས་འོངས་ཆོས་མངོན་གཞུང་བརྒྱའི་ཉལ་འགྲོ་དག །བློ་གྲོས་སྐྱེད་ཚལ་གསར་པར་བབས་པ་ན། །ལེགས་བཤད་པད་དཀར་འདབ་མ་ཅི་ཡང་འཛུམ། །ཚིག་གི་སྤྲོས་པ་ཙམ་གྱི་གླུ་དབྱངས་ཀྱིས། །བླུན་རྨོངས་བྱིས་པའི་སྣང་བ་མ་འབྲིད་པར། །སྙོམས་འཇུག་ཟེ་འབྲུའི་བཅུད་རྣམས་རབ་འཐུངས་དང་། །བདེ་བའི་སྦྲང་རྩིའི་སྐལ་བ་ངང་གིས་འཐོབ། །དག་དང་མ་དག་དཔྱོད་པའི་རྣམ་དཔྱོད་དང་། །འཁོར་བའི་སྣང་ཚུལ་ལ་སྐྱོ་ངེས་འབྱུང་དང་། །འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ་ཡིས། །དལ་འབྱོར་དོན་ལྡན་བྱེད་པའི་ལྕག་ཅིག་བྱུང་། །རིག་པའི་གནས་ནི་མཁའ་ལྟར་ཟད་པ་མེད། །སྙིགས་དུས་ཚེ་འདི་གློག་ལྟར་མྱུར་དུ་འཇིག །ངན་སོང་སྡུག་བསྔལ་མེ་ལྟར་བཟོད་པར་དཀའ། །དལ་འབྱོར་ཉིན་མོའི་སྐར་ལྟར་ཐོབ་པ་དཀོན། །རྙེད་དཀའི་རྟེན་ཐོབ་མཇལ་དཀའི་ཆོས་དང་ཕྲད། །མི་དགེའི་གྲོགས་སྤངས་དགེ་བའི་བཤེས་ཀྱིས་བཟུང་། །རྒྱལ་བའི་གསུང་ལ་ཐོས་བསམ་བྱར་ཡོད་པའི། །དུས་འདིར་དལ་བ་དོན་དང་ལྡན་པར་བྱོས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousབསམ་གཏན་དངོས་གཞིའི་སྙོམས་འཇུག་སོགས་ཀྱི་ཁྱད་ཆོས་བཤད་པ།next