Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
ཞར་བྱུང་ཐོད་རྒལ་གྱི་རྣམ་གཞག་བསྟན་པ།
   
   


 
previousཞར་བྱུང་ཐོད་རྒལ་གྱི་རྣམ་གཞག་བསྟན་པ།next

ཞར་བྱུང་ཐོད་རྒལ་གྱི་རྣམ་གཞག་བསྟན་པ།


GLG014_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཞར་བྱུང་ཐོད་རྒལ་གྱི་རྣམ་གཞག་ལ། སྦྱོར་བ་དང་། དངོས་གཞི་གཉིས། དང་པོ་ལ། རིང་སྦྱོར་དང་། ཉེ་སྦྱོར་གཉིས། དང་པོ་ལ། ཟག་བཅས་རིང་སྦྱོར་དང་། ཟག་མེད་རིང་སྦྱོར་གཉིས། དང་པོ་ནི། དེ་ཡོད་དེ། བསམ་གཏན་བཞི་དང་། གཟུགས་མེད་གཉིས་ཀྱི་བཞི་སྟེ་ས་བརྒྱད་ཀྱི་ཟག་བཅས་བརྒྱད་དང་སྲིད་རྩེ་མ་གཏོགས་ཟག་མེད་བདུན་སྟེ་རྣམ་པ་གཉིས་ཀྱི་ཟག་བཅས་ལ་འབྲེལ་བ་སྟེ་གོ་རིམ་བཞིན་མཐར་ཆགས་སུ་རྒལ་ནས་ལུགས་མཐུན་དུ་ཡར་སོང་ཞིང་། ལུགས་མི་མཐུན་དུ་མར་འོངས་ནས་ནི། སྙོམས་པར་འཇུག་པ་དེ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ཡོད་དེ། དེ་གཉིས་ཀྱི་སྙོམས་འཇུག་ཟག་མེད་བདུན་ལ་ལུགས་མཐུན་ལུགས་མི་མཐུན་གྱིས་སྙོམས་པར་འཇུག་པ་དེ་ཡིན་པའི་ཕྱིར། ཐོད་རྒལ་གྱི་སྙོམས་འཇུག་འདི་ནི་གླིང་གསུམ་དུ་དགྲ་བཅོམ་དུས་མི་སྦྱོར་བ་ཁོ་ནས་སྐྱེད་དེ། དེ་ལ་ཉོན་མོངས་མེད་པའི་ཕྱིར་དང་། དེས་ཏིང་ངེ་འཛིན་ལ་དབང་ཐོབ་པའི་ཕྱིར། གཉིས་པ་ལ། ཟག་བཅས་ཉེ་སྦྱོར་དང་། ཟག་མེད་ཉེ་སྦྱོར་གཉིས་ལས། དང་པོ་ནི། དེ་ཡོད་དེ། བསམ་གཏན་དང་པོ་ནས་གཅིག་སྟེ་རེ་རེ་རྒལ་ནས་ཡར་སོང་ཞིང་མར་འོངས་ནས་བསམ་གཏན་དང་པོ་གསུམ་པ། ནམ་མཁའ་མཐའ་ཡས། ཅི་ཡང་མེད་བཞིའི་སྙོམས་འཇུག་ཟག་བཅས་བཞི་ལ་ལུགས་མཐུན་ལུགས་མི་མཐུན་དུ་མཇུག་པ་དེ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ཡོད་དེ། དེ་བཞིའི་ཟག་མེད་བཞི་ལ་སྔར་ལྟར་འཇུག་པ་དེ་ཡིན་པའི་ཕྱིར། །གཉིས་པ་དངོས་གཞི་ནི། ཐོད་རྒལ་གྱི་དངོས་གཞིའི་སྙོམས་འཇུག་ཡོད་དེ། རིས་མི་མཐུན་ཟག་བཅས་ཟག་མེད་སྤེལ་ཏེ་རང་གནས་ནས་གསུམ་པར་འགྲོ་བས། སྔར་གྱི་བཞི་ལས། དང་པོ་དང་། གསུམ་པ་ཟག་བཅས། གཉིས་པ་དང་བཞི་པ་ཟག་མེད་ཀྱི་སྙོམས་འཇུག་རྣམས་ལ་ལུགས་མཐུན་ལུགས་མི་མཐུན་གྱི་སྒོ་ནས་འཇུག་པ་དེ་ཡིན་པའི་ཕྱིར། །གཉིས་པ་ཐོབ་ཟིན་མངོན་དུ་བྱེད་ཚུལ་ནི། སྤྱིར་བཏང་ལ་བསམ་གཏན་དང་། གཟུགས་མེད་ཀྱི་སྙོམས་འཇུག་རྣམས་ཆོས་ཅན། རྟེན་ཡོད་དེ། རང་ས་དང་འོག་སའི་རྟེན་ཅན་ཡིན་པའི་ཕྱིར། གོང་སའི་རྟེན་ལ་འོག་སའི་སྙོམས་འཇུག་མངོན་དུ་མི་བྱེད་དེ། དེ་ལྟར་བྱས་པ་ལ་དགོས་པ་མེད་པའི་ཕྱིར། དམིགས་བསལ་ནི། ཐམས་ཅད་ལ་དེར་མ་ངེས་ཏེ། སྲིད་རྩེར་སྐྱེས་པའི་འཕགས་པ་འོག་ས་ཅི་ཡང་མེད་པའི་སྐྱེ་མཆེད་མངོན་དུ་བྱས་ནས་ཟག་པ་ཟད་པར་འགྱུར་བའི་ཕྱིར། གསུམ་པ་དམིགས་པའི་ཁྱད་པར་


GLG014_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སྲེད་པ་དང་བཅས་པའི་བསམ་གཏན་ཆོས་ཅན། དམིགས་པ་ཡོད་དེ། རང་སའི་སྲིད་པ་ལ་དམིགས་པའི་ཕྱིར། བསམ་གཏན་དགེ་བ་དག་པ་དང་ཟག་མེད་ཆོས་ཅན། དེ་ཡོད་དེ། ཆོས་ཡོད་དགུ་ལ་དམིགས་པའི་ཕྱིར། གཟུགས་མེད་ཀྱི་དངོས་གཞིའི་དགེ་བ་རྣམས་ཆོས་ཅན། སྤྱོད་ཡུལ་དུ་འོག་སའི་ཟག་བཅས་མེད་དེ། རང་ས་དང་གོང་སའི་དེ་ཁོ་ན་ལ་དམིགས་པའི་ཕྱིར། བཞི་པ་སྤང་བྱ་སྤོང་ཚུལ་ཉེར་བསྡོགས་དང་བཅས་པ་ལ། སྤང་བྱ་སྤོང་ཚུལ། ཉེར་བསྡོགས་ཀྱི་དབྱེ་བ། བསམ་གཏན་གྱི་སྙོམས་འཇུག་ཁྱད་པར་ཅན་ངོས་གཟུང་བ་དང་གསུམ། དང་པོ་ནི། ཟག་པ་མེད་པའི་བསམ་གཏན་དང་གཟུགས་མེད་རྣམས་ཆོས་ཅན། ཉོན་མོངས་རྣམས་སྤོང་བར་བྱེད་དེ། དེ་རྣམས་འཇོམས་པར་བྱེད་པའི་ཕྱིར། བསམ་གཏན་དང་གཟུགས་མེད་ཀྱི་ཉེར་བསྡོགས་དག་པ་བ་ཆོས་ཅན། རྟགས་གསལ་སྔར་བཞིན། གཉིས་པ་ནི། དེ་དག་ལ་ཉེར་བསྡོགས་བརྒྱད་ཡོད་དེ། བསམ་གཏན་གྱི་ཉེར་བསྡོགས་བཞི། གཟུགས་མེད་ཀྱི་བཞི་ཡོད་པའི་ཕྱིར། དེ་དག་ཆོས་ཅན། ངོ་བོ་ཁྱད་པར་ཅན་ཡིན་ཏེ། དག་པ་བ་ཡིན་པའི་ཕྱིར། ཚོར་བ་དང་བཅས་ཏེ། བདེ་མིན་སྡུག་མིན་གྱི་བཏང་སྙོམས་དང་མཚུངས་ལྡན་ཡིན་པའི་ཕྱིར། དང་པོའི་ཉེར་བསྡོགས་ཆོས་ཅན། གཉིས་ཡོད་དེ། དག་པ་བ་དང་། འཕགས་པ་ཟག་པ་མེད་པ་གཉིས་ཡོད་པའི་ཕྱིར། ཁ་ཅིག །མང་བར་འཆད་དེ། རོ་མྱང་མཚུངས་ལྡན་དང་གསུམ་ཡོད་པའི་ཕྱིར། །གསུམ་པ་ནི། བསམ་གཏན་ཁྱད་པར་ཅན་ཆོས་ཅན། ངོ་བོ་ཡོད་དེ། བསམ་གཏན་དང་པོའི་རྟོག་པ་མེད་པ་ལས་ཆགས་བྲལ་གྱི་སྤྱོད་པ་ཙམ་གྱིས་བཞག་པའི་ཕྱིར། སྒྲས་བརྗོད་རིགས་ཀྱི་སྒོ་ནས་རྣམ་པ་གསུམ་ཡོད་དེ། དེ་དག་ཟག་མེད་གསུམ་ཡོད་པའི་ཕྱིར། ཚོར་བ་དང་བཅས་ཏེ། བདེ་མིན་སྡུག་མིན་གྱི་བཏང་སྙོམས་དང་མཚུངས་ལྡན་ཡིན་པའི་ཕྱིར། དེ་ཆོས་ཅན། འབྲས་བུ་དང་བཅས་ཏེ། ཚངས་ཆེན་དུ་སྐྱེ་བའི་འབྲས་བུ་ཅན་ཡིན་པའི་ཕྱིར། གསུམ་པ་ཏིང་ངེ་འཛིན་གྱི་དབྱེ་བ་ལ།


GLG014_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་དབྱེ་བ། བཞིར་དབྱེ་བ་གཉིས། དང་པོ་ནི། དེ་ཡོད་དེ། བསམ་གཏན་ཁྱད་པར་ཅན་མན་ཆད་ཀྱི་ཏིང་ངེ་འཛིན་ནི་རྟོག་དཔྱོད་དང་བཅས་པ་ཡིན་ལ། བསམ་གཏན་ཁྱད་པར་ཅན་ནི་རྟོག་པ་མེད་པ་ལ་དཔྱོད་པ་དང་བཅས་པ་དང་། དེ་ཡན་ཆད་ཀྱི་ཏིང་ངེ་འཛིན་ནི། གཉིས་ཀ་མེད་པ་ཡིན་པའི་ཕྱིར། མཚན་མ་མེད་པའི་ཏིང་ངེ་འཛིན་ཆོས་ཅན། དམིགས་པ་ཡོད་དེ། མྱང་འདས་ལ་ཞི་བའི་རྣམ་པ་ཅན་དུ་དམིགས་པའི་ཕྱིར། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཆོས་ཅན། དམིགས་པ་ཡོད་དེ། བདག་མེད་པ་དང་སྟོང་པ་ཉིད་ཀྱི་རྣམ་པ་ལ་འཇུག་པའི་ཕྱིར། སྨོན་པ་མེད་པའི་ཏིང་ངེ་འཛིན་ཆོས་ཅན། དམིགས་པ་ཡོད་དེ། སྔ་མའི་དེ་ལས་གཞན་པའི་མི་རྟག་པ་སོགས་བདེན་པའི་རྣམ་པ་ལ་དམིགས་པའི་ཕྱིར། ཏིང་ངེ་འཛིན་ཕྲ་མོ་དེ་གསུམ་པོ་དེ་ཆོས་ཅན། གཉིས་ཡོད་དེ། དག་པ་དང་དྲི་མ་མེད་པ་གཉིས་ཡོད་པའི་ཕྱིར་དེས་ན་རྣམ་པར་ཐར་པའི་སྒོ་གསུམ་ཡོད་དེ། དྲི་མ་མེད་པའི་ཏིང་ངེ་འཛིན་གསུམ་པོ་དེ་རྣམ་པར་ཐར་པའི་སྒོ་གསུམ་དུ་འགྱུར་བའི་ཕྱིར། གཞན་ཏིང་ངེ་འཛིན་གསུམ་དུ་ཡོད་དེ། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པའི་གསུམ་ཡོད་པའི་ཕྱིར། དང་པོ་གཉིས་ཀྱི་དམིགས་པ་ཡོད་དེ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཏིང་འཛིན་གྱིས་ནི་མི་སློབ་པའི་ཏིང་ངེ་འཛིན་ལ་སྟོང་པར་དམིགས། ཕྱི་མས་ནི་མི་སློབ་པའི་སྨོན་མེད་ལ་མི་རྟག་པར་དམིགས་པའི་ཕྱིར། གསུམ་པའི་དམིགས་པ་ཡོད་དེ། མཚན་མ་མེད་པ་མཚན་མ་མེད་པའི་ཏིང་ངེ་འཛིན་དེས་མི་སློབ་པའི་ཞི་བར་མ་བརྟགས་པའི་ཟད་པ་སོ་སོར་བརྟགས་མིན་གྱི་འགོག་པ་ལ་དམིགས་པའི་ཕྱིར། ཏིང་ངེ་འཛིན་གཞན་རྣམས་ཆོས་ཅན། ཟག་པ་དང་བཅས་ཏེ་དེས་སྤངས་པའི་ཕྱིར། རྟེན་ཡོད་དེ། མིའི་ནང་དུ་དགྲ་བཅོམ་མི་གཡོ་བའི་ཆོས་ཅན་ལ་སྐྱེ་བའི་ཕྱིར། དེ་ཆོས་ཅན། ས་བཅུ་གཅིག་ལ་བརྟེན་དེ། ཉེར་བསྡོགས་ཕྱི་མ་བདུན་ནི་མ་གཏོགས་པ། འདོད་པ་ནས་སྲིད་རྩེའི་བར་ལ་བརྟེན་པའི་ཕྱིར། གཉིས་པ་ནི། གཞན་ཏིང་ངེ་འཛིན་གསུམ་ཡོད་དེ། དགེ་བ་སྟེ་དག་པ་བ་དང་། ཟག་མེད་ཀྱི་བསམ་


GLG014_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་དང་པོ་ནི་བདེ་བར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་དང་། མིག་གི་མངོན་ཤེས་མཐོང་འགྱུར་གྱི་ཏིང་ངེ་འཛིན་དུ་འདོད་པ་དང་། ཁམས་གསུམ་གྱི་སྦྱོར་བ་ལས་བྱུང་བའི་ཡོན་ཏན་རྣམས་བློ་གྲོས་རྣམ་པར་དབྱེ་བའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། བསམ་གཏན་གྱི་ཡ་མཐའ་བཞི་ལ་བརྟེན་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་དེ་ཆོས་ཅན། ཟག་པ་ཟད་པར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་ཡིན་ཏེ། ཁམས་གསུམ་གྱི་སྒྲིབ་པའི་དངོས་གཉེན་ཡིན་པའི་ཕྱིར། བཞི་པ་དེ་ལ་བརྟེན་པའི་ཡོན་ཏན་ལ། ཚད་མེད། རྣམ་ཐར། ཟིལ་གནོན། ཟད་པར། འཐོབ་ཚུལ་དང་ལྔ། དང་པོ་ནི། ཏིང་ངེ་འཛིན་གྱི་ཡོན་ཏན་ལ་ཆོས་ཅན། ཚད་མེད་པ་བཞི་ཡོད་དེ། བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་བཞི་ཡོད་པའི་ཕྱིར། དེ་བཞིའི་བྱེད་ལས་ཡོད་དེ། རིམ་པ་བཞིན་གནོད་སེམས། ལ་སོགས་པས་རྣམ་འཚེ། མི་དགའ་བ། འདོད་ཆགས་དང་གནོད་སེམས་མང་བའི་གཉེན་པོ་བྱེད་པའི་ཕྱིར། དང་པོ་ཆོས་ཅན། ངོ་བོ་ཡོད་དེ། ཞེ་སྡང་མེད་པའི་ངོ་བོ་ཡིན་པའི་ཕྱིར། དེ་ཆོས་ཅན། རྣམ་པ་ཡོད་དེ། ཀྱེ་མ་སེམས་ཅན་རྣམས་བདེ་བར་གྱུར་ན་སྙམ་པ་དེ་ཡིན་པའི་ཕྱིར། གཉིས་པ་སྙིང་རྗེ་ཡང་ཆོས་ཅན། ཡོད་དེ། ཞེ་སྡང་མེད་པའི་ངོ་བོ་ཡིན་པའི་ཕྱིར། ཡོད་དེ། སྡུག་བསྔལ་དང་བྲལ་བར་གྱུར་ན་སྙམ་པ་དེ་ཡིན་པའི་ཕྱིར། གསུམ་པ་དགའ་བ་ཆོས་ཅན། ཡོད་དེ། ཡིད་བདེ་བ་ཡིན་པའི་ཕྱིར། ཡོད་དེ། སེམས་ཅན་རྣམས་དགའ་བར་གྱུར་ན་སྙམ་པ་དེ་ཡིན་པའི་ཕྱིར། བཞི་པ་ཆོས་ཅན། ཡོད་དེ། མ་ཆགས་པའི་ངོ་བོ་ཡིན་པའི་ཕྱིར། ཡོད་དེ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དེ་ཡིན་པའི་ཕྱིར། བཞི་པོ་ཆོས་ཅན། སྤྱོད་ཡུལ་ཡོད་དེ། འདོད་ཁམས་ཀྱི་སེམས་ཅན་རྣམས་ལ་དམིགས་པའི་ཕྱིར། དགའ་བ་ཚད་མེད་ཆོས་ཅན། ས་གཉིས་ན་ཡོད་དེ། བསམ་གཏན་དང་པོ་གཉིས་ན་ཡོད་པའི་ཕྱིར། གཞན་གསུམ་ནི་ཆོས་ཅན། ས་དྲུག་ན་ཡོད་དེ། བསམ་གཏན་ས་དྲུག་ན་ཡོད་པའི་ཕྱིར། ཁ་ཅིག་ལྔར་


GLG014_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདོད་དེ། ཉེར་བསྡོགས་མི་ལྕོགས་མེད་མ་གཏོགས་པའི་ལྔ་ཡོད་པའི་ཕྱིར། དེ་བཞིས་ཉོན་མོངས་པའི་རྩ་བ་མི་སྤོང་སྟེ། མགོ་གནོན་པ་ཙམ་དུ་ཟད་པའི་ཕྱིར། དེ་ཆོས་ཅན། རྟེན་ཡོད་དེ། མི་དེའི་ཡོན་ཏན་ནང་དུ་སྐྱེད་པའི་ཕྱིར། དགའ་བ་མ་གཏོགས་པའི་གཞན་གསུམ་ནི་ཆོས་ཅན། ཕན་ཚུན་ངེས་པར་ལྡན་ཏེ། ཕན་ཚུན་མེད་ན་མི་འབྱུང་གི་ཚུལ་གྱིས་ལྡན་པའི་ཕྱིར། གཉིས་པ་ནི། དེའི་ཡོན་ཏན་རྣམ་པར་ཐར་པ་བརྒྱད་ཡོད་དེ། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི་རྣམ་ཐར། སྡུག་པའི་རྣམ་ཐར། གཟུགས་མེད་ཀྱི་རྣམ་ཐར་བཞི། འགོག་པའི་རྣམ་ཐར་རྣམས་སུ་ཡོད་པའི་ཕྱིར། དང་པོ་གཉིས་ཆོས་ཅན། རྣམ་པ་ཁྱད་པར་ཅན་ཡིན་ཏེ། རྣམ་པར་བསྔོས་པ་སོགས་མི་སྡུག་པའི་རྣམ་པར་ཡོད་པའི་ཕྱིར། ས་ཁྱད་པར་ཅན་དང་ལྡན་ཏེ། བསམ་གཏན་དང་པོ་གཉིས་ན་ཡོད་པའི་ཕྱིར། རྣམ་ཐར་གསུམ་པ་དེ་ཆོས་ཅན། ས་ལ་བརྟེན་ཏེ། བསམ་གཏན་གྱི་ཡ་མཐའ་བཞི་པ་ན་ཡོད་པའི་ཕྱིར། ངོ་བོ་དང་ལྡན་ཏེ། མ་ཆགས་པའི་ངོ་བོ་ཅན་ཡིན་པའི་ཕྱིར། གཟུགས་མེད་ཀྱི་རྣམ་ཐར་བཞི་ཆོས་ཅན། ཡོད་དེ། གཟུགས་མེད་ཀྱི་མཉམ་པར་བཞག་པའི་སས་བསྡུས་པའི་དགེ་བ་དག་པ་དང་། ཟག་མེད་ཀྱི་སྙོམས་འཇུག་དང་ཉེར་བསྡོགས་ཟག་མེད་རྣམས་ལ་འཇོག་པའི་ཕྱིར། འགོག་པའི་རྣམ་ཐར་ལ་སྙོམས་པར་འཇུག་ཚུལ་ཡོད་དེ། སྲིད་རྩེའི་སེམས་ནི་ཤིན་ཏུ་ཕྲ་བ་ཡིན་ལ། དེ་ཡང་། ཆེས་ཕྲ་བར་བྱས་པའི་མཇུག་ཐོགས་སུ་སེམས་ཆེས་ཕྲ་བ་དེའི་གཉེན་པོར་འཇུག་པའི་ཕྱིར། དེ་ཆོས་ཅན། ལྡང་ཚུལ་ཡོད་དེ། རང་གི་ས་པའི་དག་པ་བ་དང་། ས་འོག་མ་ཡི་འཕགས་པ་ཟག་མེད་ཀྱི་སེམས་ཀྱིས་སྙོམས་འཇུག་དེ་ལས་ལྡང་བའི་ཕྱིར། རྣམ་ཐར་དང་པོ་གསུམ་ཆོས་ཅན། སྤྱོད་ཡུལ་ཡོད་དེ། འདོད་པར་གཏོགས་པའི་གཟུགས་སོགས་སྣང་ཡུལ་དུ་བྱེད་པ་ཅན་ཡིན་པའི་ཕྱིར། གང་དག་གཟུགས་ཅན་མིན་པའི་རྣམ་ཐར་ནི་ཆོས་ཅན། སྤྱོད་ཡུལ་ཡོད་དེ། གོང་ས་དང་རང་གི་ས་པའི་སྡུག་བསྔལ་དང་། སོགས་པས་ཀུན་འབྱུང་དང་།


GLG014_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པ་དང་། རྗེས་ཤེས་ཀྱི་ཕྱོགས་དང་མཐུན་པའི་ལམ་ཐམས་ཅད་ལ་དམིགས་པའི་ཕྱིར། གསུམ་པ་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཆོས་ཅན། བརྒྱད་ཡོད་དེ། དབྱིབས་ཟིལ་གནོན་བཞི་དང་། ཁ་དོག་ཟིལ་གནོན་བཞི་ཡོད་པའི་ཕྱིར། ཟིལ་གནོན་དང་པོ་གཉིས་ནི་ཆོས་ཅན། ངོ་བོ་ཡོད་དེ། རྣམ་ཐར་དང་པོ་གཉིས་བཞིན་ཡིན་པའི་ཕྱིར། དེ་འོག་གཉིས་ནི་ཆོས་ཅན། ངོ་བོ་ཡོད་དེ། རྣམ་ཐར་གཉིས་པ་བཞིན་ཡིན་པའི་ཕྱིར། ལྷག་མ་རྣམས་ཆོས་ཅན། ངོ་བོ་ཡོད་དེ། སྡུག་པའི་རྣམ་ཐར་བཞིན་ཡིན་པའི་ཕྱིར། བཞི་པ་ནི། ཟད་པར་གྱི་ཏིང་ངེ་འཛིན་ཆོས་ཅན། བཅུ་ཡོད་དེ། ས་ཆུ་མེ་རླུང་། སྔོ། སེར། དམར། དཀར། ནམ་མཁའ། རྣམ་ཤེས་ཀྱི་ཏིང་ངེ་འཛིན་དང་བཅུ་ཡོད་པའི་ཕྱིར། བརྒྱད་པོ་ཆོས་ཅན། ངོ་བོ་ཡོད་དེ། མ་ཆགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར། ས་ལ་བརྟེན་ཏེ། བསམ་གཏན་གྱི་མཐའ་བཞི་པ་ན་སྟེ་དེ་ལ་བརྟེན་པའི་ཕྱིར། སྤྱོད་ཡུལ་ཡོད་དེ། འདོད་པ་ན་སྤྱོད་པའི་གཟུགས་ལ་དམིགས་པའི་ཕྱིར། ཕྱི་མ་གཉིས་པ་ནི་ཆོས་ཅན། ས་ལ་བརྟེན་ཏེ་རིམ་པ་བཞིན་གཟུགས་མེད་དང་པོ་གཉིས་ཀྱི་དག་པ་བ་ཡིན་པའི་ཕྱིར། སྤྱོད་ཡུལ་ཡོད་དེ། རང་སའི་ཕུང་པོ་བཞི་ལ་དམིགས་པའི་ཕྱིར། ལྔ་པ་ནི། འགོག་པའི་རྣམ་ཐར་ཆོས་ཅན། མི་སྤྲོ་སྟེ། སྔར་བཤད་ཟིན་པའི་ཕྱིར། རྣམ་ཐར་ལྷག་མ་རྣམས་ནི་ཆོས་ཅན། ཡོད་དེ། འདྲིས་པ་འདོད་ཆགས་དང་བྲལ་བ་དང་། མ་འདྲིས་པ་སྦྱོར་བས་འཐོབ་པའི་ཕྱིར། གཟུགས་མེད་ཅེས་བྱ་བའི་རྣམ་ཐར་དང་ཟད་པར་ཐམས་ཅད་ཆོས་ཅན། རྟེན་ཡོད་དེ། ཁམས་གསུམ་པའི་རྟེན་ཅན་ཡིན་པའི་ཕྱིར། ལྷག་མ་རྣམས་ཆོས་ཅན། ཡོད་དེ། མི་ཁོ་ན་ལས་སྐྱེད་པའི་ཕྱིར། བསམ་གཏན་དང་གཟུགས་མེད་ཀྱི་སྐྱེད་ཚུལ་ཡོད་དེ། ཁམས་གོང་མ་གཉིས་དག་ཏུ་གཟུགས་མེད་པའི་སྙོམས་འཇུག་རྣམས་རྒྱུའི་སྟོབས་དང་ལས་ཀྱི་སྟོབས་ཀྱིས་སྐྱེ་བའི་ཕྱིར། གཟུགས་ཀྱི་ཁམས་སུ་བསམ་གཏན་གྱི་སྙོམས་འཇུག་རྣམས་ཆོས་ཅན། རྒྱུ་གསུམ་ལས་སྐྱེ་སྟེ། སྔ་མ་གཉིས་པོ་དེ་དག་དང་། ཆོས་ཉིད་ཀྱི་སྟོབས་ལས་ཀྱང་
སྐྱེ་བའི་ཕྱིར། ཤེས་བྱ་ཆོས་ཅན། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། གནས་བརྒྱད་པ་ཞེས་བྱ་བ་གཏན་ལ་ཕབ་པ་ཡིན་ཏེ། སྙོམས་འཇུག་མདོར་བསྟན་རྒྱས་བཤད་ཀྱི་སྒོ་ནས་ལེགས་པར་བཤད་པའི་ཕྱིར།སྨྲས་པ། ཤེས་བྱ་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ཀུན། །མ་འདྲེས་གསལ་བར་མཁྱེན་པའི་ཞལ་ལུང་ལས། །སྙོམས་འཇུག་བརྒྱད་ཀྱི་སྔོན་མེད་དགའ་སྟོན་འདི། །གཟུར་གནས་བློ་ལྡན་སྤྲོ་བ་བསྐྱེད་ཕྱིར་བཀོད། །ཏིང་འཛིན་ཚད་མེད་རྣམ་ཐར་ཟིལ་གནོན་སོགས། །ཡང་དག་གཏམ་གྱི་བདུད་རྩིས་རབ་གང་བའི། །གནས་བརྒྱད་འཆི་བ་མེད་པའི་བུམ་བཟང་འདི། །ཤེེས་ལྡན་ལྷ་བུའི་ཚོགས་རྣམས་ད་ལོང་ཞིག །ཚུལ་འདིའི་དགོངས་དོན་མ་ཉམས་འདབ་གཤོག་དང་། ཐོས་བསམ་མཐུན་པའི་ལུང་གིས་གྲོགས་བྱས་ཏེ། །གཏན་བདེའི་རྫིང་བུར་ཞུགས་ནས་རྩེ་དགའ་ལ། །སྤྱོད་འདོད་ངང་པའི་ཚོགས་རྣམས་དགའ་བར་བྱོས། །ཆོས་མངོན་པ་མཛོད་གསལ་བར་བྱེད་པ། ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་ལས། གནས་བརྒྱད་པའི་ཚིག་དོན་མཐའ་དཔྱོད་ཇི་སྙེད་པ་བཤད་ཟིན་ཏོ། །


previousཞར་བྱུང་ཐོད་རྒལ་གྱི་རྣམ་གཞག་བསྟན་པ།next