Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མའི་རྣལ་འབྱོར་མདོར་བསྡུས་མོས་གུས་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མའི་རྣལ་འབྱོར་མདོར་བསྡུས་མོས་གུས་གསོལ་འདེབས།next

བླ་མའི་རྣལ་འབྱོར་མདོར་བསྡུས་མོས་གུས་གསོལ་འདེབས།

༄༅། །བླ་མའི་རྣལ་འབྱོར་མདོར་བསྡུས་མོས་གུས་གསོལ་འདེབས་བཞུགས་སོ། །ན་མོ་གུ་རུ་བཛྲ་ངྷ་རཱ་ཡ། འདིར་སྐལ་བ་དང་ལྡན་པའི་གང་ཟག་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་དང་ལྡན་པ་རྣམས་ཀྱིས་ལམ་ཟབ་བླ་མའི་རྣམ་འབྱོར་ཉམས་སུ་ལེན་པར་འདོད་ན། སྐྱབས་སེམས་སྔོན་དུ་འགྲོ་བས། ཨ། འཁོར་འདས་ཆོས་ཀུན་མི་དམིགས་སྟོང་པའི་ངང་། །འོད་གསལ་རང་མདངས་དག་པའི་ཞིང་ཁམས་མཆོག །ཕུལ་བྱུང་མཆོད་པའི་སྤྲིན་གྱི་ལྡིང་ཁང་དབུས། །རང་ཉིད་ལྷར་གསལ་སྤྱི་བོའི་ནམ་མཁའ་ལ། །སེང་ཁྲི་པདྨ་ཐབས་ཤེས་ཉི་ཟླའི་སྟེང་། །རིགས་ཀུན་ཁྱབ་བདག་མཁན་ཆེན་རཏྣའི་མཚན། །ཆོས་འཆད་མཉམ་བཞག་གླེགས་རལ་ལྷུང་བཟེད་འཛིན། །གཡས་སུ་འདྲེན་མཆོག་ཆོས་ཀྱི་ཉིན་མོར་བྱེད། །ཕྱག་གཉིས་ཆོས་འཆད་བདེ་སྟོང་རྡོར་དྲིལ་འཛིན། །གཡོན་དུ་རིགས་འདུས་པདྨའི་མྱུ་གུ་རྩལ། །ངལ་གསོའི་ཕྱག་རྒྱ་ལྟ་སྟངས་མཁའ་ལ་གཏད། །གསུམ་ཀ་ཞི་འཛུམ་པཎྜི་ཏ་ཡི་ཆས། །ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །མཐའ་བསྐོར་སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་སྐོང་དང་ཤེས་རྒྱུད་འགྲོལ་བ་དང་། །མན་ངག་ལུང་གི་སློབ་དཔོན་ལ་སོགས་པའི། །རིག་འཛིན་རྩ་བརྒྱུད་བླ་མ་སྤྲིན་ལྟར་འཁྲིགས། །ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །གྲངས་མེད་ཏིལ་གང་ཁ་ཕྱེས་བཞིན་དུ་གྱུར། །ཡེ་ཤེས་གཅིག་ཉིད་དུ་མར་འཆར་བའི་འཕྲུལ། །རབ་འབྱམས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་སྤྲིན། །སྤྲོ་བསྡུའི་བྱེད་པོ་བླ་མ་རིན་པོ་ཆེར། །མི་ཕྱེད་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་སྤྲིན་གྱིས་མཆོད། །ཚེ་རབས་བསགས་པའི་སྡིག་ལྟུང་སྙིང་ནས་བཤགས། །འཁོར་འདས་ལམ་གྱི་དགེ་རྩར་རྗེས་ཡི་རངས། །གང་འདུལ་འགྲོ་ངོར་ཆོས་འཁོར་བསྐོར་བར་བསྐུལ། །གཟུགས་སྐུ་རྡོ་རྗེ་ལྟ་བུར་བརྟན་བཞུགས་གསོལ། །འདིས་མཚོན་དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ། །སྡེ་སྣོད་རྒྱུད་སྡེ་རྒྱ་མཚོའི་དེ་ཉིད་གཟིགས། །དྲི་མེད་བསླབ་གསུམ་ནོར་བུའི་རྒྱལ་མཚན་སྒྲེང་། །མཁས་ཚུལ་གསུམ་གྱིས་ཐུབ་བསྟན་གསལ་མཛད་པའི། །མཁན་ཆེན་རཏྣའི་ཞབས་ལ་གསོལ་བ་འདེབས། །ཡེ་ནས་རྣམ་གྲོལ་ཆོས་སྐུ་མངོན་བརྙེས་ཀྱང་། །སྙིང་རྗེ་ཆེན་པོས་སྲིད་པར་རྗེས་ཆགས་གར། །འབྲེལ་ཚད་དོན་ལྡན་ངེས་གསང་རྒྱལ་སྲིད་སྐྱོང། །ཆོས་ཀྱི་ཉིན་བྱེད་ཞབས་ལ་གསོལ་བ་འདེབས། །གོང་མས་རྗེས་བཟུང་སྨིན་གྲོལ་གདམས་སྲོལ་འཛིན། །སྒྲུབ་བརྒྱུད་བརྒྱད་སོགས་རིས་མེད་བསྟན་ལ་གུས། །གཡོ་སྒྱུ་མེད་པའི་ལྷག་པའི་བསམ་པ་བརྟན། །པདྨའི་མྱུ་གུའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་གུས་པས་གསོལ་བཏབ་མཐུས། །ཡེ་ཤེས་གཟིགས་པས་ཉེ་བར་དགོངས་མཛོད་ལ། །བདག་རྒྱུད་དབང་བཞིའི་ཡེ་ཤེས་མྱུར་སྐྱེད་ནས། །རྟོགས་གྲོལ་དུས་མཉམ་ཆེན་པོའི་དངོས་གྲུབ་སྩོལ། །བླ་མའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་ཟེར་བདུད་རྩི་དཀར་དམར་མཐིང་ཁའི་རྒྱུན། །རང་གི་སྒོ་གསུམ་ལ་ཐིམ་དབང་བཞི་ཐོབ། །སྒྲིབ་དག་ལམ་སྦྱང་སྐུ་བཞིའི་སྐལ་ལྡན་གྱུར། །མཐར་ནི་དགྱེས་པས་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །ཡིད་ལ་མི་བྱེད་གསལ་སྟོང་ཕྱག་རྒྱ་ཆེ། །མ་བཅོས་ཐ་མལ་ཤེས་པའི་ཀློང་དུ་ཨ། །དགེ་བ་འདི་ཡིས་བདག་དང་མཁའ་མཉམ་འགྲོ། །སྐྱེ་ཀུན་བླ་མ་མཆོག་གིས་རྗེས་བཟུང་ནས། །ཐེག་མཆོག་ལམ་གྱི་རྟེན་འབྲེལ་མཐའ་དག་འགྲིགས། །དོན་གཉིས་མཐར་ཕྱིན་རྡོ་རྗེ་འཆང་འགྲུབ་ཤོག །ཅེས་མོས་ལ་མོས་གུས་ཕྱག་རྒྱ་ཆེན་པོའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །ཅེས་པའང་བསླབ་གསུམ་ནོར་བུའི་མཛོད་འཆང་བླ་མ་ཀརྨ་བློ་དགའི་ཐུགས་བཞེད་བཞིན་རྨོངས་པ་པདྨ་བི་ཛས་བྲིས་པ་དགེ །༈ ཨ་འཁོར་འདས་ཆོས་ཀུན་རོ་མཉམ་བདེ་བ་ཆེའི། །རིག་རྩལ་མ་འགགས་གང་འདུལ་ཕྱག་རྒྱའི་གར། །རྩ་བའི་བླ་མ་མཚན་རྫོགས་སྤྲུལ་པའི་སྐུ། །སྐྱབས་ཀུན་འདུས་པའི་ངོ་བོར་ལྷམ་མེར་གསལ། །རང་བྱུང་རིག་པ་གདོད་མའི་མགོན་པོ་ལ། །དབྱེར་མེད་རོ་མཉམ་ཆེན་པོར་གསོལ་བ་འདེབས། །ཡེ་ཤེས་ཆེན་པོའི་བྱིན་རླབས་སྙིང་ལ་ཞུགས། །རྟོགས་གྲོལ་དུས་མཉམ་དགོངས་པའི་རྩལ་རྫོགས་མཛོད། །ཅིར་སྣང་ཡེ་ཤེས་ཆེན་པོའི་རོལ་པར་ཤར། །འགྲོ་འོང་སྲོག་རྩོལ་གཞོམ་མེད་ནཱ་དར་རྫོགས། །འཕོ་མེད་བདེ་ཆེན་ཡེ་ཤེས་སྙིང་དབུས་སད། །སྐུ་བཞིའི་འབྲས་བུ་ཚེ་འདིར་མངོན་བྱེད་ཤོག །ཅེས་པའང་བླ་མ་རིན་པོ་ཆེ་འོད་གསལ་འཇའ་ལུས་རྡོ་རྗེའི་ཐུགས་ཀྱི་བཞེད་སྐོང་དུ་སྙོམ་ལས་པ་པདྨ་བི་ཛས་བྲིས་པ་དགེ །༈ ན་མོ་གུ་རུ། གདོད་ནས་འོད་གསལ་འདུས་མ་བྱས། །གློ་བུར་འཁྲུལ་པའི་སྦུབས་རྒྱ་ལས། །ཡོངས་གྲོལ་ཆོས་སྐུ་ཀུན་བཟང་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ནད་མཚོན་དུག་གཡོས་འབྱུང་བཞིའི་འཇིགས། །དགྲ་གདོན་རྒྱལ་པོའི་ཆད་ལས་སོགས། །དུས་མིན་འཆི་བ་བཟློག་པ་དང་། །སྣང་བ་དབང་བསྒྱུར་དངོས་གྲུབ་སྩོལ། །བདེ་ཆེན་ཁ་སྦྱོར་བདུན་གྱི་བདག །ལྷུན་རྫོགས་ངེས་པ་ལྔ་ལྡན་མཆོག །ལོངས་སྐུ་ཚེ་བདག་རིགས་ལྔ་ལ། །གསོལ་བ་འདེབས་སོ༴ ནད་མཚོན༴ དགྲ་གདོན༴ དུས་མིན༴ སྣང་བ༴ ཚེ་བདག་གྲུབ་པའི་རིགས་སྔགས་གཟིས། །ཚེ་བདུད་རྒྱུ་བ་རྒྱུན་བཅད་པའི། །སྤྲུལ་སྐུ་པད་འབྱུང་ཡབ་ཡུམ་ལ། །གསོལ་བ༴ ནད་མཚོན༴ དགྲ་གདོན༴ དུས་མིན༴ སྣང་བ༴ རླུང་སེམས་ལས་སུ་རུང་བའི་མཐུས། །འབྱུང་བ་བཞི་ལ་མངའ་དབང་བསྒྱུར། །རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ལ། །གསོལ་བ༴ ནད་མཚོན༴ དགྲ་གདོན༴ དུས་མིན༴ སྣང་བ༴ ཡེ་ཤེས་དགུ་ཀློང་འབར་བའི་རྩལ། །འདས་དང་མ་འདས་ཆ་སྙོམས་ཚུལ། །དཔལ་ཆེན་གཙོ་དགུའི་དཀྱིལ་འཁོར་ལྷར། །གསོལ་བ༴ ནད་མཚོན༴ དགྲ་གདོན༴ དུས་མིན༴ སྣང་བ༴ དབྱིངས་ཀྱི་རྗེ་མོ་ཕག་ཞལ་ཅན། །གདུལ་དཀའ་འདུལ་མཛད་སེང་ཧ་ནི། །འཇིགས་པ་བརྒྱད་སྐྱོབ་ཏཱ་རེ་མ། །གསོལ་བ༴ ནད་མཚོན༴ དགྲ་གདོན༴ དུས་མིན༴ སྣང་བ༴ གཞན་ཡང་གནས་ཡུལ་དུར་ཁྲོད་བདག །ལྷན་སྐྱེས་ཞིང་སྔགས་ཌཱ་ཀིའི་སྤྲིན། །དཔའ་བོ་རྣལ་འབྱོར་མ་ཚོགས་ལ། །གསོལ་བ༴ ནད་མཚོན༴ དགྲ་གདོན༴ དུས་མིན༴ སྣང་བ༴ ཡེ་ཤེས་འཇིག་རྟེན་དྲེགས་ཚུལ་གྱིས། །ལེགས་ཉེས་སྟངས་འཛིན་སྒྲུབ་མཆོག་སྐྱོངས། །བརྒྱུད་གསུམ་དམ་ཅན་གཏེར་བདག་ལ། །གསོལ་བ༴ ནད་མཚོན༴ དགྲ་གདོན༴ དུས་མིན༴ སྣང་བ༴ དེ་ལྟར་རབ་འབྱམས་རྩ་གསུམ་སྤྲིན། །སྤྲོ་བསྡུའི་བྱེད་པོ་ཧེ་རུ་ཀཿ། །ཁྱབ་བདག་འཁོར་ལོའི་མགོན་པོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ནད་མཚོན་དུག་གཡོས་འབྱུང་བཞིའི་འཇིགས། །དགྲ་གདོན་རྒྱལ་པོས་ཆད་ལས་སོགས། །དུས་མིན་འཆི་བ་བཟློག་པ་དང་། །སྣང་བ་དབང་བསྒྱུར་དངོས་གྲུབ་སྩོལ། །ཆོས་ཀུན་སེམས་ཀྱི་རང་རྩལ་ཏེ། །སེམས་ནི་དུས་གསུམ་རྒྱལ་བས་ཀྱང་། །མ་གཟིགས་མི་གཟིགས་གཟིགས་མི་འགྱུར། །སྟོང་ཉིད་བསྲུང་བ་བླ་ན་མེད། །དེ་སླད་སྐྱེ་འགག་གནས་བྲལ་བའི། །དོན་དམ་བློ་བྲལ་གཉུག་མའི་གཤིས། །འཕོ་མེད་དོན་གྱི་པདྨ་འབྱུང་། །མངོན་འགྱུར་རྡོ་རྗེའི་སྐུ་འགྲུབ་ཤོག །ཨཀྵ་རས་སོ། །༈ གང་མཚན་ཐོས་དང་དྲན་པ་ཙམ་གྱིས་ཀྱང་། །དུག་གསུམ་རྒྱུ་འབྲས་ནད་ཀུན་སེལ་མཛད་ཅིང་། །ངན་འགྲོའི་རྒྱུན་གཅོད་སངས་རྒྱས་སྨན་གྱི་ལྷ། །བཻཌཱུརྱ་ཡི་འོད་ལ་གསོལ་བ་འདེབས། །བདེ་གཤེགས་བརྒྱད་དང་ཆོས་དང་སེམས་དཔའི་ཚོགས། །ཚངས་དང་བརྒྱ་བྱིན་འཇིག་རྟེན་སྐྱོང་བ་བཞི། །གནོད་སྦྱིན་སྡེ་དཔོན་ཆེན་པོ་གཡོག་འཁོར་བཅས། །སྟོན་པའི་དམ་ཆོས་སྐྱོང་བར་མཛད་རྣམས་དང་། །ལྷ་མི་སྨན་གྱི་རིག་འཛིན་དྲང་སྲོང་ཚོགས། །ཀུན་ལ་ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས། །གཞན་ཕན་བྱང་ཆུབ་སེམས་ཀྱི་གཞི་བཟུང་ནས། །ཀུན་ཕན་སྨན་གྱི་ཕྲིན་ལས་སྐྱོང་བ་ལ། །མི་མཐུན་འགལ་རྐྱེན་གནོད་པ་ཀུན་ཞི་ནས། །འགྲོ་ལ་རིང་འཚོའི་དགའ་སྟོན་ཀུན་འཕེལ་ཞིང་། །མཐར་ཐུག་དུག་གསུམ་རྒྱུ་འབྲས་རྒྱུན་ཆད་ནས། །རྣམ་མཁྱེན་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་མོས་ལྡན་དམ་པའི་ངོར་བི་ཛ་ཡས་སོ། །དགེའོ། །དགེའོ། །དགེའོ། །༈ རབ་འབྱམས་རྒྱལ་བའི་ཡེ་ཤེས་སྒྱུ་མའི་སྐུ། །དྲན་པ་ཙམ་གྱིས་སྙིང་གི་མུན་སེལ་ཞིང་། །གཟུངས་སྤོབས་བློ་གྲོས་སྣང་བ་མཆོག་སྦྱིན་པ། །ཁྱབ་བདག་འཇམ་དཔལ་རྡོ་རྗེར་གསོལ་བ་འདེབས། །དུས་འདི་ནས་བཟུང་ཚེ་རབས་ཐམས་ཅད་དུ། །འབྲལ་མེད་ཡེ་ཤེས་གཟིགས་པས་རྗེས་དགོངས་ནས། །རབ་འབྱམས་ཤེས་བྱའི་ཆོས་ཀུན་ལེགས་རྟོགས་པའི། །བློ་མཆོག་སྤོབས་པའི་སྣང་བ་སྩལ་ཏུ་གསོལ། །དལ་འབྱོར་རྟེན་ཐོབ་ཐེག་མཆོག་རིགས་ཁམས་སད། །བྱང་ཆུབ་སེམས་འབྱོང་ཕྱིན་དྲུག་ལམ་ལ་སློབ། །ས་ལམ་ཡོན་ཏན་དཀའ་བ་མེད་པར་རྫོགས། །དོན་གཉིས་མཐར་ཕྱིན་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པའང་མིང་དོན་མཐུན་པའི་གྲོགས་པོ་འཇམ་དབྱངས་བློ་གསལ་གྱི་བཞེད་ངོར། འཇམ་དབྱངས་བློ་གྲོས་རྒྱ་མཚོས་རྒྱལ་དང་ཕུར་བུའི་འགྲུབ་སྦྱོར་དགེ་བར་བྲིས་ཤིང་གསོལ་བ་བཏབ་པ་དགེ །༈ རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མའི་སྐུ། །དྲན་པས་སྙིང་གི་མུན་པ་སེལ་མཛད་པ། །རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་འདེབས། །བློ་གྲོས་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། །ཅེས་པའང་ཚུལ་ཁྲིམས་བསྟན་འཛིན་གྱི་བཞེད་ངོར་བི་ཛས་བྲིས་པ་དགེ །༈ རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་པདྨ་འབྱུང་། །དྲན་པས་འདུད་བཞིའི་འཇིགས་འཕྲོག་ཧེ་རུ་ཀ །སྙིགས་ལྔའི་རྒུད་པ་སྐྱོབས་ལ་དྲིན་ཆེན་རྗེ། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འབྱུང་པོའི་རྒྱུད་དཀྲུགས་སྐྱེ་བོས་ལོག་པར་སྤྱོད། །མཐའ་ཡས་དམགས་དཔུང་ནད་མཚོན་མུ་གེ་ལྡང་། །བསྟན་འགྲོའི་བདེ་སྐྱིད་རླུང་གསེབ་མར་མེ་འདྲ། །འདི་ལས་སྐྱོབས་ཤིག་མ་ཧཱ་གུ་རུ་རྗེ། །རྒྱལ་བསེན་དམ་སྲིའི་འཚེ་བ་སྤྲིན་བཞིན་ལྡང་། །གློ་བུར་དུས་མིན་འཆི་རྐྱེན་སེར་ལྟར་འཁྲུགས། །མི་མཐུན་འགལ་རྐྱེན་གློག་དམར་འཁྱུག་དུས་འདིར། །ཐུགས་རྗེའི་དགོངས་ཤིིག་དྲིན་ཅན་སྤྲུལ་པའི་སྐུ། །ཁྱོད་ཀྱི་རྗེས་འཇུག་རྒུད་པའི་དུས་ལ་བབས། །སྐྱབས་མེད་བདག་ལ་དགོས་པའི་དུས་བྱུང་ངོ་། །ཐུགས་དམ་ཞལ་བཞེས་དགོངས་པའི་རྩལ་བསྐྱེད་ལ། །འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱབས་དུ་གསོལ། །དུས་མིན་འཆི་བའི་མཚན་མ་བཟློག་པ་དང་། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཆོས་མཐུན་བསམ་ཀུན་འབད་མེད་ཡིད་བཞིན་འགྲུབ། །དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ཅེས་འདིའང་རྡོ་རྗེ་དབང་མཆོག་དགྱེས་རབ་རྩལ་གྱིས་སྙིང་ཐག་པ་ནས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིགདགེའོ། །༈ ཧཱུྃ། གཞི་གྲོལ་ཀ་དག་སྤྲོས་པ་བྲལ་བའི་དབྱིངས། །ལྷུན་གྲུབ་གཏིང་གསལ་འགག་པ་མེད་པའི་གདངས། །མ་འགགས་རང་རྩལ་ཞི་དང་ཁྲོ་བོའི་གར། །སྤྲོ་བསྡུའི་བྱེད་པོ་ཨོ་རྒྱན་རྡོ་རྗེ་འཆང་། །གར་དགུའི་ཉམས་བརྗིད་པདྨ་ཧེ་རུ་ཀ །རབ་འབྱམས་རྩ་གསུམ་དཀྱིལ་འཁོར་འཁོར་ལོའི་སྤྲིན། །མཐུ་ལྡན་ཆོས་སྲུང་དམ་ཅན་སྤྲུལ་འཁོར་བཅས། །ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས། །དེང་དུས་སྙིགས་མ་ལྔ་བདོའི་ཐ་མ་འདིར། །མི་མཐུན་འགལ་རྐྱེན་སྡེ་བརྒྱད་འབྱུང་པོའི་དཔུང་། །ཕ་རོལ་བྱད་གཏད་གནོད་བྱེད་སྲི་སྐེག་སོགས། །སྣ་ཚོགས་འཁྲུགས་པའི་ཚ་དབལ་མི་བཟད་པས། །ཁྱེད་ཀྱི་རྗེས་འཇུག་སྡུག་པའི་དུས་ལ་བབས། །འདི་ལས་སྐྱོབས་ཤིག་མ་ཧཱ་གུ་རུ་རྗེ། །མ་རུངས་སྲི་སྐེག་སྡེ་བརྒྱད་འབྱུང་པོའི་རིགས། །ཉོན་མོངས་དུག་ལྔའི་རང་གཟུགས་སྨིན་པའི་འབྲས། །དུག་ལྔ་རང་གྲོལ་སྐྱེ་མེད་སྟོང་པའི་ངང་། །རང་རྩལ་མ་འགགས་ཡེ་ཤེས་ལྔ་རུ་ཤར། །དེ་སླད་སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཕུང་ཁམས་སྐྱེ་མཆེད་རྫོགས་པ་ཆེན་པོའི་དལ། །ཁམས་གསུམ་ཡེ་གྲོལ་སྐུ་གསུམ་དགོངས་པའི་ཀློང་། །མ་དག་རྣམ་རྟོག་འཁྲུལ་འཁོར་དབྱིངས་སུ་ཟློག །བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་གུ་རུ་པདྨ་ཡི། །རྗེས་བཟུང་རིག་འཛིན་རྣམ་བཞིའི་གསེང་ལམ་ནས། །དོན་གཉིས་ལྷུན་གྲུབ་རྣམ་བཞིའི་ཕྲིན་ལས་ཀྱིས། །མཐའ་ཡས་འགྲོ་ཀུན་སྒྲོལ་བའི་དཔལ་ཐོབ་ཤོག །པདྨ་བི་ཛས་སོ། །༈ ཧཱུྃ། དགོངས་ཤིག་བླ་མ་རིག་འཛིན་པདྨ་འབྱུང་། །བཞེངས་ཤིག་རབ་འབྱམས་རྩ་གསུམ་སྲུང་མའི་ཚོགས། །ཡེ་ཤེས་དབྱིངས་ནས་དགོངས་པའི་རྩལ་སྐྱེད་ལ། །སྐལ་ལྡན་བུ་ཡི་ཤེས་རྒྱུད་བྱིན་གྱིས་རློབས། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཡོངས་རྫོགས་ལྷ། །ཡེ་ནས་དག་མཉམ་ཆོས་སྐུའི་རོལ་པ་ལ། །བརླབ་དང་རློབ་པར་བྱ་བ་མི་དམིགས་ཀྱང་། །ཀུན་རྫོབ་རྟེན་འབྱུང་སྒྱུ་མའི་རོལ་རྩེད་བཞིན། །ལུས་ལ་འགྱུར་མེད་སྐུ་ཡི་བྱིན་ཆེན་ཕོབ། །ངག་ལ་ཚངས་དབྱངས་གསུང་གི་བྱིན་ཆེན་ཕོབ། །ཡིད་ལ་འཁྲུལ་མེད་ཐུགས་ཀྱི་བྱིན་ཆེན་ཕོབ། །སྒོ་གསུམ་རྡོ་རྗེ་གསུམ་དང་མཉམ་སྦྱོར་མཛོད། །རང་དོན་ཐོས་བསམ་སྒོམ་པའི་ཡོན་ཏན་རྫོགས། །གཞན་དོན་འཆད་རྩོད་རྩོམ་ལ་སྤོབས་པ་མཐོ། །གཉིས་དོན་འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱས། །དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །མི་ཤིགས་སྲོག་གི་ཀ་བ་ལོ་བརྒྱར་བརྟན། །ངོ་མཚར་སྙན་གྲགས་ཆེན་པོས་ས་སྟེང་ཁྱབ། །ལེགས་དགུའི་རྟེན་འབྲེལ་མཐའ་དག་གཅིག་ཏུ་འཚོགས། །འབྲེལ་ཚད་དོན་ལྡན་གཞན་ཕན་འཁའ་མཉམ་ཤོག །ཅེས་པའང་རྟེན་འབྱུང་ཤིན་ཏུ་དགེ་བར་འགྱུར་མེད་པདྨ་བསྟན་འཛིན་དོན་ཐམས་ཅད་འགྲུབ་པའི་སྡེེས་བྲིས་པ་མངྒལཾ། ༈ ན་མོ་གུ་རུ། དད་བརྒྱའི་ཡིད་མཁར་ཡུད་ཙམ་ཤར་བས་ཀྱང་། །མཆོག་ཐུན་འདོད་དགུའི་དངོས་གྲུབ་བྱེ་བའི་གཏེར། །ཅིག་ཅར་འབྱེད་མཛད་པདྨ་འབྱུང་གནས་ལ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་གཟིགས། །ནམ་ཞིག་འདིར་སྣང་ནུབ་པར་གྱུར་མ་ཐག །འཇིགས་སྐྲག་བར་དོའི་སྣང་བ་མི་འབྱུང་ཞིང་། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་མདུན་བསུས་ནས། །རྔ་ཡབ་དཔལ་གྱི་རི་བོར་འཁྲིད་པར་ཤོག །དེར་ནི་ལས་ཉོན་མཆིང་བའི་སྦུབས་དྲལ་ནས། །རྩ་གསུམ་འདུས་པའི་སྤྱི་དཔལ་མཚོ་སྐྱེས་རྗེས། །ལུང་བསྟན་དབུགས་དབྱུང་མངོན་པར་བྱང་ཆུབ་ནས། །འབད་མེད་ལྷུན་གྲུབ་འགྲོ་དོན་མཐར་ཕྱིན་ཤོག །གུ་རུ་པད་འབྱུང་ཁྱེད་སྐུ་ཅི་འདྲ་དང་སོགས། དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །རཏྣ་ཨཱཡུནྡྲའི་ངོར་བི་ཛས་བྲིས་པ་དགེ །༈ ཨེ་མ་ཧོ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་མ་ལུས་པ། །གཅིག་བསྡོམས་དྲན་པས་གདུང་སེལ་མཚོ་སྐྱེས་རྗེར། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །འདི་ནས་བཟུང་ཏེ་ཚེ་རབས་ཕྲེང་བ་རུ། །འབྲལ་མེད་བྱང་ཆུབ་བར་དུ་རྗེས་བཟུང་མཐུས། །སྲིད་དང་ཞི་བའི་ཕུན་ཚོགས་ཀུན་འཕེལ་བས། །དོན་གཉིས་དགའ་སྟོན་རྒྱས་པར་མཛད་དུ་གསོལ། །ནམ་ཞིག་འདིར་སྣང་ནུབ་པར་གྱུར་མ་ཐག །རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་མདུན་བསུས་ནས། །རྔ་ཡབ་གླིང་ཕྲན་ཟངས་མདོག་དཔལ་རིའི་རྩེར། །རྗེ་བཙུན་པདྨའི་ཞབས་དྲུང་སྐྱེ་བར་ཤོག །ཅེས་པའང་བི་ཛས་སོ། །༈ རབ་འབྱམས་སྐྱབས་ཀུན་འདུས་པའི་བདག་ཉིད་མཆོག །རྩ་བའི་བླ་མ་ཨོ་རྒྱན་ཆེན་པོ་ལ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །འཆི་ཁར་གནད་གཅོད་སྡུག་བསྔལ་མི་འབྱུང་ཞིང་། །བར་དོའི་འཁྲུལ་སྣང་འོད་གསལ་ཆེན་པོར་ཤར། །དག་པའི་སྣང་བ་ཆེན་པོས་མདུན་བསུས་ནས། །རང་བཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་དད་མོས་ལྡན་པ་སྐལ་བཟང་རྡོ་རྗེ་ནས་བསམ་ལྷུན་འབུམ་ཐེར་གྱི་ཁས་ལེན་བཅས་བསྐུལ་ངོར་པདྨ་བི་ཛས་དུས་ཚེས་དགེ་བར་བྲིས་ཤིང་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིགམངྒལཾ། ༈ ཕྱི་ལྟར་ཉི་ཤུ་རྩ་གཞིའི་གནས་ཀྱི་མཆོག །ནང་ལྟར་དཔའ་བོ་མཁའ་འགྲོ་འབུམ་གྱི་གྲོང་། །གསང་བ་འཁོར་ལོ་སྡོམ་པའི་ཕོ་བྲང་དངོས། །དཔལ་གྱི་ཙཱ་རི་ཏྲ་ལ་གསོལ་བ་འདེབས། །ལས་ངན་སྡིག་སྒྲིབ་རྐྱེན་ངན་བར་ཆད་སོགས། །ཕྱི་ནང་གསང་བའི་རྒུད་པ་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་སོགས། །མཆོག་ཐུན་འདོད་དགུའི་དངོས་གྲུབ་སྩལ་ཏུ་གསོལ། །ཞེས་པའང་པདྨ་བི་ཛས་ཙཱ་རི་སྒྲོན་མ་ལ་ནས་གནས་ཆེན་དག་པ་ཤྲཱིའི་བཀོད་པ་མཇལ་བའི་སྐབས་གུས་པས་གསོལ་བ་བཏབ་པ་དགེ །༈ དབྱིངས་ཕྱུག་ཡེ་ཤེས་ཌཱ་ཀིའི་སྒྱུ་མའི་གར། །ངོ་མཚར་རྫུ་འཕྲུལ་བྱེ་བའི་བཀོད་པ་ཡིས། །འགྲོ་ཀུན་ཐར་པའི་ལམ་དུ་འདྲེན་མཛད་པ། །བསོད་ནམས་དཔལ་འདྲེན་ཞབས་ལ་གསོལ་བ་འདེབས། །གནས་མཆོག་ཡ་ང་ཙཱ་འདྲར་གསོལ་བ་བཏབ་པའོ། །༈ ན་མོ་མཉྫུ་གྷོ་ཥ་ཡ། རྒྱལ་ཀུན་ཡེ་ཤེས་སྐུ་ཅན་འཇ༵མ་པའི་དབྱང༵ས། །ལྔ་བདོའི་འགྲོ་ལ་རྗེས་ཆགས་མཁྱེན༵་བརྩེ༵འི་གཟུགས། །མཁས་གྲུབ་དབ༵ང་པོ༵་འགྲོ་ཀུ༵ན་དག༵འ་བའི་གཉེན། །བསྟ༵ན་པ༵འི་རྒྱལ༵་མཚ༵ན་མཆོག་ལ་གསོལ་བ་འདེབས། །དྲི་མེད་བཤེས་གཉེན་ཐུགས་རྗེས་ས་བོན་འབྲས། །རྒྱལ་སྲས་ལྷ་རྗེའི་ཡང་སྲིད་བཅུ་གསུམ་པར། །ལེགས་སྨིན་ངེས་གསང་བསྟན་པའི་བདག་པོ་མཆོག །འོད་གསལ་སྤྲུལ་པའི་རྡོ་རྗེར་གསོལ་བ་འདེབས། །ངོ་མཚར་བཀའ་བབས་བདུན་གྱི་གསང་མཛོད་འཛིན། །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བསྟན་སྲོག་མཐུད། །རིས་སུ་མ་ཆད་ཐུབ་བསྟན་ཡོངས་ཀྱི་བདག །པདྨ་མདོ་སྔགས་གླིང་པར་གསོལ་བ་འདེབས། །ངོ་མཚར་སྙན་པས་འཇིག་རྟེན་ཡོངས་ལ་ཁྱབ། །འབྲེལ་ཚད་དོན་ལྡན་ལྷར་བཅས་སྐྱེ་དགུའི་མགོན། །རྩོད་དུས་རྒྱལ་བ་གཉིས་པའི་ཕྲིན་ལས་ཅན། །རྡོ་རྗེ་གཟི་བརྗིད་ཞབས་ལ་གསོལ་བ་འདེབས། །དེ་ལྟར་མི་ཕྱེད་སྙིང་ནས་གསོལ་འདེབས་ན། །བྱང་ཆུབ་བར་དུ་རིགས་ཀྱི་བདག་པོ་རུ། །འབྲལ་མེད་ཚང་གནས་རྒྱན་དུ་ལེགས་བཞུགས་ནས། །དགོངས་བརྒྱུད་འཕོ་བའི་བྱིན་ཆེན་དབབ་ཏུ་གསོལ། །རང་དོན་ཐོས་བསམ་སྒོམ་པའི་ནོར་གྱིས་འབྱོར། །གཞན་ཕན་འཆད་རྩོད་རྩོམ་པའི་ཕྲིན་ལས་རྒྱས། །རླབས་ཆེན་འཁོར་ལོ་གསུམ་གྱི་འཇུག་པ་ཡིས། །དོན་གཉིས་མཐར་རུ་ཕྱིན་པར་མཛད་དུ་གསོལ། །ཅེས་པའང་མཆོག་སྤྲུལ་རིན་པོ་ཆེའི་ཐུགས་བཞེད་བཞིན་དམ་པ་གང་གིས་ཚད་མེད་པའི་བཀའ་དྲིན་གྱིས་རྗེས་སུ་བསྐྱངས་པའི་སྙོམ་ལས་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་ཤིང་གསོལ་བ་བཏབ་པ་སིངྔྷི་རསྟུ། ༈ ཧཱུྃ། དགོངས་ཤིག་ཕྱོགས་དུས་བདེ་གཤེགས་སྲས་བཅས་ཀྱི། །ཡེ་ཤེས་གཅིག་ཏུ་བསྡུས་པའི་སྤྱི་དཔལ་མཆོག །དྲན་པས་གདུང་སེལ་མཚུངས་མེད་ཆོས་ཀྱི་རྗེ། །མི་མངོན་དབྱིངས་ནས་ཐུགས་རྗེས་ཉེར་དགོངས་ལ། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བསྟན་པ་རིན་ཆེན་ཕྱོགས་མཐར་རྒྱས་སླད་དུ། །ཐོག་མཐའ་བར་དགེ་ལེགས་གསུང་སྙིང་པོའི་བཅུད། །ཉན་བཤད་སྒྲུབ་ལ་བཀའ་ཡི་གནང་བ་སྩོལ། །རྡོ་རྗེའི་ཡེ་ཤེས་འབེབས་པའི་ཆོ་ག་ཡིས། །དམ་ལྡན་སྐྱེས་བུའི་སྒོ་གསུམ་བྱིན་རློབས་ལ། །དོན་གཉིས་མཐར་ཕྱིན་གཞན་ཕན་ཕྲིན་ལས་རྒྱུན། །མི་ནུབ་སྲིད་མཐར་རྒྱས་པར་མཛད་དུ་གསོལ། །འདི་འཇམ་མགོན་མི་ཕམ་རིན་པོ་ཆེ་ཞིང་ཁམས་སུ་ཕེབས་སྐབས་སྐུ་གདུང་མདུན་ལུང་ལེན་མཛད་སྐབས་གསུངས་པ་ཕྱག་བྲིས་ལས་དཔེ་བཤུས་དགེ །༈ མི་འགྱུར༵་འཕོ་མེད༵་བདེན་དོན་མངོན་སུམ་གཟིགས། །ཀུན་བཟང་ཞལ་ཚབ་ངེས་གསང་བསྟན་འགྲོའི་གཉེན། །སྨྲ་བའི་ཉི་མ་ཕྱོགས་ལས་རྣམ༵་པར་རྒྱལ༵། །མཚུངས་མེད་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་པའང་དད་ལྡན་བློ་བསྟན་ངོར་པདྨ་བི་ཛས་སོ། །༈ མཁྱེན་རྟོགས་དཀྱིལ་འཁོར་རྫོགས་པའི་ཉིན་མོར་བྱེད། །གཞན་ཕན་ཐུགས་རྗེའི་འོད་ཟེར་འབུམ་ཕྲག་གིས། །མཐའ་ཀླས་བསྟན་འགྲོའི་ཕན་བདེ་སྤེལ་མཛད་པ། །ཨོ་རྒྱན་རང་བྱུང་རྡོ་རྗེར་གསོལ་བ་འདེབས། །བླ་མ་སངས་རྒྱས་དངོས་ཀྱི་རྗེས་བཟུང་ཞིང་། །སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གདམས་བཅུད་ཐོབ། །རིས་མེད་བསྟན་ལ་དག་པའི་སྣང་བ་དཀར། །འཇམ་དབྱངས་མཁས་གྲུབ་རྒྱ་མཚོར་གསོལ་བ་འདེབས། །ཅེས་པའང་མཆོག་སྤྲུལ་དཔོན་སློབ་ཀྱི་ཐུགས་བཞེད་ལྟར་པདྨ་བི་ཛས་སོ། །༈ ཚུལ་ཁྲིམས་རྣམ་དག་མང་དུ་ཐོས་པས་ཕྱུག །བྱང་ཆུབ་སེམས་འབྱོངས་གཞན་ཕན་ཕྲིན་ལས་རྒྱས། །འབྲེལ་ཚད་དོན་ལྡན་ཐུབ་བསྟན་མཛེས་པའི་རྒྱན། །བཀྲ་ཤིས་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཞེས་པའང་ཡོངས་འཛིན་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་རྗེས་སུ་དྲན་པའི་དད་པས་པད་རྣམས་ཀྱིས་གསོལ་བ་བཏབ་པའོ། །༈ སྦྱངས་པ་མཐར་ཕྱིན་ཆོས་ཀུན་དེ་ཉིད་གཟིགས། །མོས་གུས་མཐར་ཕྱིན་རྟོགས་པ་ཀློང་དུ་གྱུར། །དོན་གཉིས་མཐར་ཕྱིན་ནམ་མཁའི་རྣལ་འབྱོར་པ། ཤེས་རབ་ཡར་འཕེལ་ཞབས་ལ་གསོལ་བ་འདེབས། །ཞེན་མེད་མཐུ་ཡིས་སྒྲུབ་པའི་རྒྱལ་མཚན་ཚུགས། །བྱར་མེད་ཀློང་དུ་བྱས་ཆོས་གྲུབ་མཐའ་ཞིག །སྒོམ་མེད་ངང་ནས་ཆོས་སྐུའི་རྒྱལ་ས་ཟིན། །མཚུངས་མེད་རྗེ་དང་མཉམ་པར་བྱིན་གྱིས་རློབས། །ཞེས་པའང་སྒྲུབ་བླ་ཆོས་ཉིད་རྒྱ་མཚོའི་ཞལ་འདོན་རྒྱུར་འདུ་གསུམ་པ་པདྨ་བི་ཛས་བྲིས་ཤིང་གསོལ་བ་བཏབ་པ་དགེ །༈ ཨེ་མ་ཧོ། ངེས་གསང་སྙིང་པོའི་བསྟན་པའི་མཛོད་འཛིན་པ། །དགོངས་བརྡ་སྙན་རྒྱུད་བླ་མའི་ཚོགས་རྣམས་ཀྱི། །ཡེ་ཤེས་གཅིག་ཏུ་བསྡམས་པའི་སྤྱི་དཔལ་མཆོག །ཨོ་རྒྱན་ཐུགས་མཆོག་རྡོ་རྗེར་གསོལ་བ་འདེབས། །དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས། །ལང་མེད་རྒྱུད་ལ་སྐྱེ་བར༴ འདིར་སྣང་ཞེན་པ་ལྡོག་པར༴ དབེན་གནས་རི་ཁྲོད་ཟིན་པར༴ བདག་རྒྱུད་སྨིན་ཅིང་གྲོལ་བར༴ ཟབ་ལམ་རྟོགས་པ་སྐྱེ་བར༴ ལམ་མཆོག་མཐའ་རུ་ཕྱིན་པར་ཕྱིན་གྱིས་རློབས། །ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས། །ༀ་ཨཱཿམ་ཧཱ་གུ་རུ་སརྦ་སིངྔྷི་ཧཱུྃ་ཧྲཱི༔ཞེས་པ་འདིའང་སྒྲུབ་བླ་བུདྡྷའི་མཚན་ཅན་གྱི་ཞལ་འདོན་དུ་ཐུགས་མཆོག་རྡོ་རྗེ་རང་ཉིད་ཀྱིས་བྲིས་པ་དགེ །༈ དུས་གསུམ་ཀུན་མཁྱེན་པ༵དྨ༵་ཀ་ར་ཡི། །རིང་ལུགས་དྲི་མེད་སྔ་འགྱུར་གདམས་པའི་སྲོལ། །འཛིན་མཛད་ཕྱོགས་ལས་རྣམ༵་པར་རྒྱལ༵་བའི་ལྷ། །མཚུངས་མེད་བླ་མའི་ཞབས་ལ་གསོལ་བ་འདེབས། །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་པར། །འབྲལ་བ་མེད་པར་ཐུགས་རྗེས་ཉེར་བཟུང་ནས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་མཚན་གྱིས། །དོན་གཉིས་བསམ་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་མོས་ལྡན་དམ་པ་ཨ་ནནྟ་མ་ཏིའི་བཞེད་ངོར་བི་ཛས་གང་ཤར་བརྗོད་པ་དགེ །༈ འགྱུར༵་མེད༵་བདེན་དོན་མངོན་གཟིགས་པའི། །དམ་པའི་མགོན་གྱིས་རྗེས་བཟུང་ཞིང་། །བསྟན་ལ་ལྷག་པའི་བསམ་པ་ཅན། །མ༵དྨ༵་རྣམ༵་པར་རྒྱལ༵་བར་འདུད། །འདི་ནས་ཚེ་རབས་ཕྲེང་བ་རུ། །འབྲལ་མེད་རྗེས་སུ་བཟུང་བའི་མཐུས། །དོན་གཉིས་བསམ་ཀུན་འགྲུབ་པ་དང་། །བཀྲ་ཤིས་བདེ་ལེགས་འཕེལ་རྒྱས་མཛོད། །༈ གསན་བསམ་སྒོམ་པའི་ཡོ༵ན་ཏན༵་ཕུལ་དུ་ཕྱིན། །རླབས་ཆེན་འཆད་རྩོད་རྩོམ་པའི་ཕྲིན་ལས་ཀྱིས། །གདུལ་བྱ་རྒྱ༵་མཚོ༵་ཡོངས་སུ་སྨིན་མཛད་པའི། །མཁན་ཆེན་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །ཞེས་པའང་སློབ་བུ་པདྨ་ཚེ་སྒྲུབ་གྱི་བཞེད་ངོར་བི་ཛ་ཡས་གསོལ་བ་བཏབ་པ་དགེ །༈ ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི། །རྟོགས་པའི་མྱོས་གླུས་སྐལ་བཟང་ཡིད་འགུགས་པའི། །ཤེས་བྱ་ཀུན་མཁྱེན་མ་ཧཱ་པཎྜི་ཏ། །ཀརྨ་དྷརྨ་ཝ་རྡར་གསོལ་བ་འདེབས། །༈ རབ་འབྱམས་སྐྱབས་ཀུན་འདུས་པའི་སྤྱི་གཟུགས་མཆོག །རྩ་བའི་བླ་མ་པདྨ་རྣམ་རྒྱལ་དང་། །ཀུན་བཟང་བློ་གྲོས་གཞན་ཕན་མཐའ་ཡས་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །ངེས་པར་འབྱུང་བའི་ཚུལ་ཁྲིམས་རྣམ་པར་དག །བྱང་ཆུབ་སེམས་འབྱོང་ཐོས་བསམ་བསྒོམ་མཐར་ཕྱིན། །དམ་ཚིག་རྣམ་དག་རིམ་གཉིས་གསེང་ལམ་ནས། །མཆོག་གི་གོ་འཕང་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་སློབ་བུ་ཐུབ་བསྟན་རྒྱ་མཚོས་བཞེད་ངོོར་བི་ཛས་བྲིིས་པ་དགེ །༈ ངོ་བོ་ཀ་དག་ཆོས་ཀྱི་སྐུ། །རང་བཞིན་འོད་གསལ་ལོངས་སྤྱོད་རྫོགས། །རིག་རྩལ་མ་འགགས་སྤྲུལ་པའི་སྐུ། །རང་ངོ་ཤེས་པས་གསོལ་བ་འདེབས། །དགོངས་རྒྱུད་འཕོ་བའི་བྱིན་རླབས་ཀྱིས། །གཉུག་མའི་གཏན་སྲིད་ཟིན་པ་དང་། །བསམ་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་དད་ལྡན་རྨད་བྱུང་དཔོན་རིན་ཆེན་རྣམ་རྒྱལ་ལ་བི་ཛ་ཡས་སོ། །༈ མ་རིག་མུན་སེལ་ཡེ་ཤེས་སྒྲོན་མེ་མཆོག །ཐར་ལམ་སྟོན་པའི་དེད་དཔོན་བླ་མ་རྗེར། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཞེས་པའང་བི་ཛས་སོ། །༈ རབ་འབྱམས་ཕྱོགས་དུས་རྒྱལ་བ་སྲས་བཅས་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང་། །ཆོས་མཐུན་བསམ་ཀུན་འགྲུབ་པར་བྱིན་གྱི་རློབས། །དད་ལྡན་མའི་ཁ་འདོན་རྒྱུར་བྲིས་པ་དགེ །།༈ རྒྱལ་ཀུན་འདུས་ཞལ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་དགོངས་པའི་བྱིན་གྱིས་རློབས། །གནས་སྐབས་མི་མཐུན་ཀུན་ཞི་བསམ་དོན་འགྲུབ། །མཐར་ཐུག་གདོད་མའི་གསང་མཆོག་འགྲུབ་བྱིན་རློབས། །ཞེས་པའང་བསླབ་གསུམ་ལྡན་པ་སྤྲུལ་སྨན་ལྷའི་ཞལ་འདོན་རྒྱུར་བི་ཛས་བྲིས་པ་དགེ །༈ ན་མོ་རཏྣ་ཏྲ་ཡཱ་ཡ། རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །དོན་གཉིས་མཐར་ཕྱིན་བདེ་གཤེགས་སྲས་བཅས་དང་། །བླ་མ་ཡི་དམ་ཌཱ་ཀི་ཆོས་སྲུང་ཚོགས། །ཕྱོགས་སྐྱོང་སྡེ་བརྒྱད་དཀར་ཕྱོགས་སྐྱོང་རྣམས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་གསོལ་བ་འདེབས། །བདག་ཅག་ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་། །དགྲ་ཇག་ཆོམ་རྐུན་མེ་ཆུ་དུག་མཚོན་སོགས། །མི་མཐུན་གནོད་པ་ཀུན་ལས་སྐྱོབ་ཏུ་གསོལ། །བདག་ནི་རྟག་པར་ཁྱེད་བརྟེན་ཁྱེད་གསོལ་ན། །མཐུ་རྩལ་མ་ཆུང་སྔོན་གྱི་ཞལ་བཞེས་དགོངས། །ཡིད་བཞིན་ནོར་དང་བུམ་པ་བཟང་པོ་བཞིན། །ཇི་ལྟར་རེ་བའི་དོན་ཀུན་མྱུར་སྩོལ་མཛོད། །འདོད་སར་ཕྱིན་ཞིང་ཇི་ལྟར་བརྣག་པའི་དོན། །གེགས་མེད་ཡོངས་གྲུབ་ངལ་དུབ་སྐྱོན་མེད་པར། །དོན་མཐུན་མགྲོན་དང་ལྷན་ཅིག་སླར་ལྡོག་ནས། །གཉེན་དང་ལྷན་ཅིག་རྩེ་དགའ་དགོད་གྱུར་ཅིག །།དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །འགལ་རྐྱེན་ལམ་གྱི་བར་ཆད་ཀུན་སེལ་ཞིང་། །རྨད་བྱུང་རྒྱལ་སྲས་སྤྱོད་པའི་གཞུང་ལམ་ལས། །དོན་གཉིས་ནོར་བུའི་གླིང་ལ་དབང་འབྱོར་ཤོག །བཀྲ་ཤིས་བསླུ་མེད་སྲས་བཅས་རྒྱལ་རྣམས་ཀྱི། །བཀྲ་ཤིས་བདེན་གསུང་ཤིས་པའི་མེ་ཏོག་གིས། །བཀྲ་ཤིས་ས་གསུམ་འཇིག་རྟེན་ཀུན་ཁྱབ་པའི། །བཀྲ་ཤིས་དགེ་མཚན་བྱེ་བས་སྲུང་གྱུར་ཅིག །ཅེས་ཕར་ཕྱིན་གྲངས་ཀྱིས་མཛེས་པའི་ཚིགས་སུ་བཅད་པ་འདིའང་རྒྱལ་སྲས་གཞན་ཕན་ཆོས་ཀྱི་བློ་གྲོས་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིགམངྒལཾ། ༈ དོན་གྲུབ་བསམ་པ་འགྲུབ་མཛད་པའི། །བླ་མ་རྒྱལ་བ་སྲས་བཅས་ལ། །མི་ཕྱེད་སྙིང་ནས་གསོལ་འདེབས་ན། །ཆོས་མཐུན་བསམ་པ་འགྲུབ་བྱིན་རློབས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ལ། །ཕྱག་འཚལ་མཆོད་འབུལ་སྐྱབས་མཆི་ན། །ལམ་གྱི་འཇིགས་པ་ཀུན་ལས་སྐྱོབས། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །རབ་འབྱམས་རྩ་གསུམ་སྲུང་མའི་ཚོགས། །མཐུ་ལྡན་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །སྲུང་སྐྱོབ་ཕྲིན་ལས་གཡེལ་མེད་པས། །ཆོས་ལྡན་བགྱི་བ་གེགས་མེད་མཛོད། །བཀྲ་ཤིས་དཔལ་འབར་སྲིད་ཞིའི་རྒྱན། །དགེ་ལེགས་འདོད་པ་འཇོ་བའི་དཔྱིད། །དོན་གཉིས་བསམ་པ་འགྲུབ་པ་ཡི། །ཕུན་ཚོགས་བཀྲ་ཤིས་བྱེད་པར་ཤོག །མངྒལཾ། ༈ རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རིགས། །ཀུན་ལ་ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས། །བར་ཆད་ཀུན་སེལ་བསམ་དོན་མྱུར་འགྲུབ་མཛོད། །༈ ཕྱོགས་བཅུར་དུས་བཞིར་གཤེགས་ཤིང་བཞུགས་པ་ཡི། །བླ་མ་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག །ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ། །གུས་པས་ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས། །བདག་ཅག་གར་འགྲོར་ཕྱོགས་ངན་གནོད་པ་ཞི། །དགྲ་ཇག་ཆོམ་རྐུན་འབྱུང་བཞིའི་འཇིགས་ལས་སྐྱོབས། །ཁར་ཆར་བུ་ཡུག་འཚུབ་མས་ཉམས་ཉེས་སོལ། །བཀྲ་ཤིས་བདེ་ལེགས་བསམ་དོན་ཀུན་འགྲུབ་ཤོག །ཅེས་པའང་པདྨ་བི་ཛས་སོ། །༈ རབ་འབྱམས་རྩ་གསུམ་སྐྱབས་ཀུན་འདུས་པའི་བདག །ཨོ་རྒྱན་དཔའ་བོའི་གིང་ཆེན་འཁོར་བཅས་ལ། །གསོལ་བ་འདེབས་སོ་གནོད་བྱེད་ལྕེ་སྤྱང་སོགས། །མི་མཐུན་འགལ་རྐྱེན་ཀུན་ལས་སྐྱོབ་ཏུ་གསོལ། །ཞེས་དང་བཛྲ་གུ་རུ་རྒྱུན་བཟླས་བྱའོ། །ཞེས་པའང་བླ་མ་ཞིང་སྐྱོང་བཞེད་ངོར་བི་ཛས་སོ། །༈ ན་མོ་རཏྣ་ཏྲ་ཡཱ་ཡ། མཚན་ཐོས་ཙམ་གྱིས་བསྐལ་ཆེན་བརྒྱད་ཁྲི་ཡི། །སྒྲིབ་པའི་མུན་པ་སྟུག་པོ་གཞིལ་མཛད་པའི། །ཐུབ་ཆེན་འགྲོ་བའི་བླ་མ་སྲས་བཅས་ལ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་དགོངས། །གང་གིས་སྔོན་རབས་སྐུ་ཚེ་དཔག་མེད་ནས། །འགྲོ་ལ་ཕན་པ་རྒྱ་ཆེན་མཛད་པ་ཡི། །ཐུགས་བསྐྱེད་སྨོན་ལམ་ཡེ་ཤེས་ཁྱད་འཕགས་པའི། །བདེན་པའི་སྟོབས་ཀྱིས་ནད་ཀུན་ཞི་གྱུར་ཅིག །དཔལ་གྱི་མགུལ་ལས་བདེན་གསུང་སེང་གེའི་སྒྲས། །རྗེས་བསྔགས་བདེ་བར་གཤེགས་པ་མཆེད་བདུན་གྱིས། །སྔོན་གྱི་ཐུགས་བསྐྱེད་སྨོན་པའི་བདེན་བྱིན་མཐུས། །སྲིད་པའི་རིམས་ནད་མ་ལུས་ཞི་གྱུར་ཅིག །འགྲོ་ལ་བརྩེ་བས་རྗེས་དགོངས་རྒྱལ་སྲས་ཀྱིས། །ཚུལ་གྱིས་སྲིད་མཐར་གཟིགས་པ་ཟླ་བྲལ་བའི། །ཉེ་སྲས་བརྒྱད་སོགས་བྱང་སེམས་འཕགས་རྣམས་ཀྱི། །བདེན་པའི་མཐུ་ཡིས་རིམས་ནད་ཞི་གྱུར་ཅིག །ཚངས་དང་རྒྱ་བྱིན་འཇིག་རྟེན་སྐྱོང་བ་བཞི། །གནོད་སྦྱིན་སྡེ་དཔོན་ཆེན་པོ་བཅུ་གཉིས་སོགས། །བསྟན་ལ་རབ་དགའ་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །ཐུགས་དམ་རྗེས་དགོངས་ནད་རིམས་རྒྱུན་ཆོད་ཅིག །ཐོས་ཙམ་གྱིས་ཀྱང་སེམས་ཀྱི་ཟུག་རྔུ་འབུམ། །སྐྱེས་བྱེད་ཉིན་གཅིག་པ་དང་རྟག་པའི་རིམས། །འཇིག་རྟེན་ཀུན་དང་ཁྱད་པར་ལྗོངས་འདི་ཡི། །འགྲོ་བ་ཀུན་ལ་འབྱུང་བར་མ་གྱུར་ཅིག །གནོད་སེམས་ཁོང་ནས་འབར་བའི་དུག་རླངས་ཀྱིས། །འགྲོ་ལ་མི་བདེ་སྦྱིན་པའི་བགེགས་ཚོགས་ཀྱང་། །དེང་ནས་བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ནས། །ཐར་གྲོལ་ནོར་བུའི་མཛོད་ལ་དབང་འབྱོར་ཤོག །ཟུག་རྔུ་སྙིང་ལ་ཞེན་པའི་མྱ་ངན་སྒྲས། །དམྱལ་གནས་འདོམས་པ་ལྟ་བུའི་སྣང་ཚུལ་འགྲོ། །འཆི་བདག་ཁ་སྒོར་གནས་པས་ཆེར་སྔངས་{སྡངས}རྣམས། །བདེན་པའི་སྟོབས་ཀྱིས་དེང་ནས་ཐར་གྱུར་ཅིག །མི་བསྲུན་ནད་ཀྱིས་འཚེ་བ་མཐར་བྱས་པའི། །འགྲོ་ཚོགས་འདིས་མཚོན་མཐའ་ཀླས་སྐྱེ་དགུ་རྣམས། །དེང་ནས་སྲིད་ལམ་རྒྱུ་བ་ཡོངས་བཅད་ནས། །བདེ་དགའ་རྣམ་གྲོལ་འབྱོར་བས་མཛེས་གྱུར་ཅིག །དེ་ལྟར་བྱམས་དང་སྙིང་རྗེས་གཞི་བཟུང་ནས། །ཁ་ཙམ་མིན་པར་སྙིང་ནས་སྨོན་པའི་མཐུས། །འགྲོ་ཀུན་སྲིད་པའི་རིམས་ནད་ཡོངས་བྱང་ནས། །དོན་གཉིས་མཐར་ཕྱིན་སྨན་རྒྱལ་སྐུ་འགྲུབ་ཤོག །སྙིང་ཐག་པ་ནས་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབས་ཏུ་གསོལ། པདྨ་བི་ཛས་སོ། །༈ ཨེ་མ་ཧོ། རབ་འབྱམས་ཕྱོགས་དུས་ཞིང་ན་བཞུགས་པ་ཡི། །བླ་མ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཅན། །ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ལ། །གུས་པས་ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས། །སྐྱེ་འདི་ནས་བཟུང་ཚེ་རབས་ཕྲེང་བ་རུ། །འབྲལ་མེད་ཐུགས་རྗེ་ཆེན་པོས་རྗེས་བཟུང་སྟེ། །རང་གཞན་དོན་གཉིས་མཐའ་རུ་ཕྱིན་པ་དང་། །ཇི་ལྟར་སྨོན་པ་དེ་བཞིན་འགྲུབ་བྱིན་རློབས། །སྐྱེ་བ་ཀུན་ཏུ་དལ་འབྱོར་རྟེན་རྙེད་ཅིང་། །ཐེག་མཆོག་རིགས་སད་དགེ་བའི་བཤེས་ཀྱིས་ཟིན། །ཚུལ་ཁྲིམས་རྣམ་དག་ཐོས་བསམ་སྒོམ་པས་འབྱོར། །བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ་བྱེད་ཤོག །ཚེ་འདིར་ཆོས་འགལ་བསམ་པ་མི་སྐྱེ་ཞིང་། །ཆོས་མཐུན་བསམ་སྦྱོར་མཐའ་དག་གེགས་མེད་འགྲུབ། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་འབྱོངས། །རིམ་གཉིས་ལམ་ལ་བརྟན་པ་མཐར་ཕྱིན་ཤོག །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཞིང་། །བཤད་སྒྲུབ་ཕྲིན་ལས་ཟབ་མོས་ཕྱོགས་ཀུན་ཁྱབ། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་གྱི། །བསྟན་པའི་ཉི་མས་ཕྱོགས་ཀུན་ཁྱབ་གྱུར་ཅིག །དེའི་མཐུས་ཡངས་པའི་རྒྱལ་ཁམས་བདེ་ཞིང་སྐྱིད། །ནད་མུག་འཁྲུགས་སོགས་སྐལ་ངན་མིང་མི་གྲགས། །ཀུན་ཀྱང་ཡང་དག་ལྟ་བས་རྒྱུད་གྲོལ་ནས། །རྫོགས་ལྡན་དུས་བཞིན་སྣོད་བཅུད་འབྱོར་གྱུར་ཅིག །མདོར་ན་བླ་མ་རྒྱལ་བ་སྲས་བཅས་ཀྱིས། །བསྟན་འགྲོར་སྨན་པའི་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་དེང་འདིར་འགྲུབ་གྱུར་ནས། །ཀུན་ཀྱང་རྣམ་གྲོལ་དཔལ་ལ་སྐྱོད་པར་ཤོག །ཅེས་པའང་དད་དམ་རྨད་བྱུང་དགེ་ཐུབ་བསྟན་ཆོས་འཕེལ་གྱི་ཞལ་འདོན་རྒྱུར། རྒན་པོ་བི་ཛ་ཡས་ཤིང་གླང་ཆོ་འཕྲུལ་ཟླ་བའི་ཚེས་ལ་བྲིས་པ་དགེ །༈ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་དང་། །ནོར་ལྷ་གཏེར་བདག་གཞི་གནས་དཀར་ཕྱོགས་སྐྱོང། །ཀུན་ལ་ཕྱག་འཚལ་སྐྱབས་མཆི་གསོལ་འདེབས་ན། །བར་ཆད་ཀུན་སེལ་བསམ་དོན་མྱུར་འགྲུབ་མཛོད། །ལྕགས་ཁྱི་གསར་ཚེས་ལ་བི་ཛས་བརྗོད་པ་དགེ །༈ མི་འགྱུར༵་འཕོ་མེད༵་བདེ་ཆེན་རྡོ་རྗེའི་སེམས། །གཟུང་འཛིན་འཁྲུལ་རྟོག་པ༵དྨ༵འི་སྦུབས་རྒྱ་ལས། །ཡོང་གྲོལ་བདུད་བཞིའི་གཡུལ་ལས་རྣམ༵་རྒྱལ༵་ཞིང་། །དོན་གཉིས་བསམ་ཀུན་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་པའང་བི་ཛས་སོ། །༈ རྒྱལ་བའི་བསྟན་དར་བསྟན་འཛིན་ཞབས་པད་བརྟན། །དགེ་འདུན་མཐུན་ཞིང་བཤད་སྒྲུབ་མངའ་ཐང་རྒྱས། །སྐྱེ་དགུ་བདེ་སྐྱིད་དགེ་བཅུའི་དཔལ་གྱིས་མཚོ། །རྫོགས་ལྡན་གསར་དུ་འཆར་བའི་བཀྲ་ཤིས་ཤོག །བི་ཛས་སོ། །༈ རྩ་གསུམ་སྤྱི་ལ་སྦྱར་ཆོག་པའི་ཚོགས་མཆོད་ཉུང་བསྡུས་ནི། ཤ་ཆང་གཙོ་བོར་གྱུར་པའི་དམ་ཚིག་ཏུ་འོས་པའི་རྫས་རྣམས་བཤམས་ལ་བསང་ཆུས་བྲན། ཐུན་མཚམས་ཀྱི་ལྷག་པའི་ལྷ་ཡི་གསལ་སྣང་བརྟན་པོའི་ངང་ནས། རྃ་ཡྃ་ཁྃ། ཧཱུྃ་ཧྲཱིཿཚོགས་གཞོང་སྟོང་གསུམ་ཁྱོན་མཉམ་ཀ་པཱ་ལར། །ཚོགས་རྫས་འདོད་ཡོན་ཤ་ལྔ་བདུད་རྩི་ལྔ། །ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན་ཆེན་པོ། །རྩ་གསུམ་དགྱེས་བསྐྱེད་ཆོས་དབྱིངས་ཡོངས་གང་གྱུར། །ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། ཧཱུྃ་ཧྲཱིཿབདེ་མཆོག་བདེ་བའི་གར་མཁན་བླ་མ་རྗེའི། །རྣམ་རོལ་མ་འགགས་རྩ་གསུམ་ཆོས་སྲུང་ཚོགས། །མ་ལུས་དཀྱིལ་འཁོར་གཅིག་ཏུ་ཡོངས་ཤར་བ། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ༀ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ངྷེ་ཝ་ངྷཱ་ཀི་ནི་ཤྲཱི་ངྷརྨ་པཱ་ལ་བ་སུ་དེ་བ་ནི་ངྷི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཚོགས་ཕུད་ཆ་གསུམ་གྱིས་དང་པོ་མཆོད་པ་ནི། ཧཱུྃ་ཧྲཱིཿཡེ་ཤེས་གཅིག་གིས་འཁོར་འདས་སྤྲོ་ཞིང་སྡུད། །བླ་མ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ལྷ། །ཆོས་སྲུང་ནོར་ལྷ་གཏེར་བདག་ཚོགས་བཅས་ལ། །ཚོགས་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ༀ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ངྷེ་ཝཱ་ངྷ་ཀི་ནི་ཤྲཱི་ངྷརྨ་པ་ལ་ས་པ་རི་ཝཱ་ར་སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ། བར་པ་བཤགས་པ་ནི། ཧཱུྃ་ཧྲཱིཿགཞི་གྲོལ་ཀ་དག་སྤྲོས་པ་བྲལ་བའི་ཀློང་། །གཞི་སྣང་ཡེ་ཤེས་ལྔ་ལྡན་འདོད་ཡོན་རྫས། །རབ་འབྱམས་ནམ་མཁའི་ཁྱོན་ཀུན་ཡོངས་གང་བས། རྩ་གསུམ་ཆོས་སྲུང་ནོར་ལྷ་གཏེར་གྱི་བདག །དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །དམ་ཚིག་ཉམས་ཆག་མ་ལུས་སོར་ཆུད་ནས། །ཚེ་དབང་མཆོག་གི་དངོས་གྲུབ་སྩལ་ཏུ་གསོལ། །ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བསྟབ་ནི། ཨེ་ནྲྀ་ཏྲི་སརྦ་ཤཱ་ཏྲུན་བྷིགྷྣཾན་ཛཿཧཱུྃ་བྃ་ཧོ། ཧཱུྃ། ཡེ་ཤེས་རང་རྩལ་འབར་བའི་མཚོན་ཆ་ཡིས། །འཁྲུལ་རྟོག་ཡན་པར་ཤོར་བའི་གདོན་བགེགས་རྣམས། །རང་གྲོལ་ཀ་དག་ཆེན་པོའི་དབྱིངས་སུ་བསྒྲལ། །འཁོར་འདས་མཉམ་ཉིད་ཀློང་དུ་འབུལ་གྱིས་བཞེས། །མཱ་ར་ཡ་རྦད། མ་ཧཱ་མྃ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི། དེ་ནས་ཚོགས་རྫས་ནང་གི་བསྲེག་བླུགས་ཀྱིས་རོལ་ཞིང་རྡོ་རྗེ་གླུ་དང་ཡེ་ཤེས་ཀྱི་ཉམས་བསྐྱངས་མཐར་སྨོན་ལམ་གདབ། ཚོགས་ཀྱི་ཕུད་ལྷག་རྣམས་གཅིག་ཏུ་བསྲེས། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ཤིང་བདུད་རྩི་བྲན། ཨེ་ཨ་ར་ལི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ། ཞེས་མགྲོན་བཀུག་ལ། ཧཱུྃ་ཧྲཱི༔བླ་མ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །སྤྱན་སྔར་ཁས་བླངས་དམ་ཅན་མཁའ་འགྲོའི་ཚོགས། །ལྷག་གཏོར་བཞེས་ལ་སྔོན་གྱི་དམ་བཅས་བཞིན། །ཕྲིན་ལས་རྣམ་བཞི་འགྲུབ་པའི་སྡོང་གྲོགས་མཛོད། །ཨུ་ཙིཥྚ་བ་ལིཾ་ཏ་ཁཱ་ཧཱི། ཞེས་ལྷག་གཏོར་ཕྱིར་དོར། ཡ་ཧི་གཙྪས་ལྷག་མགྲོན་རྣམས་གཤེགས། དེ་ནས་དཀྱིལ་འཁོར་གང་ཡིན་གྱི་དཀྱུས་ལ་འཇུག་པར་བྱའོ། །ཞེས་པའང་པདྨ་བི་ཛས་སོ། །༈ སྒྲོལ་མའི་ཚོགས་བསྡུས་ནི། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཚོགས་གཞོང་རྣམ་དག་པདྨ་འབར་བ་རུ། །ཚོགས་རྫས་ངོ་བོ་ཡེ་ཤེས་བདུད་རྩིའི་སྤྲིན། །ཟག་མེད་འདོད་ཡོན་རྒྱན་གྱི་རོལ་མོ་མཆོག །མི་འཛད་ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །ཏཱྃ། པོ་ཊཱ་ལ་སོགས་རབ་འབྱམས་ཞིང་ཀུན་ནས། །དུས་གསུམ་རྒྱལ་བའི་ཡུམ་གྱུར་ཏཱ་རེ་མ། །རྣམ་འཕྲུལ་ཉེར་གཅིག་རྩ་གསུམ་དཀྱིལ་འཁོར་སྤྲིན། །མ་ལུས་འཁོར་དང་བཅས་པ་གཤེགས་སུ་གསོལ། །འདོད་ཡོན་ཟག་མེད་ཚོགས་ཀྱི་མཆོད་པ་བཞེས། །མི་མཐུན་འགལ་འཁྲུལ་ཉམས་ཆག་ཉེས་ལྟུང་བཤགས། །གཟུང་འཛིན་ཉོན་མོངས་ཡེ་ཤེས་ཆེན་པོར་སྟོབས། །སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ། །ལྷག་མ་བཤལ་ཆུར་རེ་ཀུན་མཉེས་ཤིང་ཚིམས། །ཕྱི་ནང་འགལ་རྐྱེན་བར་ཆད་མཐའ་དག་སོལ། །འཇིགས་བརྒྱད་ཞི་སོགས་ལས་བཞིའི་དངོས་གྲུབ་སྩོལ། །དག་པ་མཁའ་སྤྱོད་འགྲོད་པའི་གྲོགས་མཛོད་ཅིག །ཡེ་ཤེས་པ་རྣམས་ཆོས་ཀྱི་དབྱིངས་སུ་གཤེགས། །སླད་ནས་དམ་ཚིག་དབང་གིས་འབྱོན་མཛོད་ལ། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་སུ་ཟུངས། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་སྒྲུབ་བླ་མགོན་པོ་ལྷ་དར་གྱི་བཞེད་སྐོང་དུ་པདྨ་རྣམ་པར་རྒྱལ་བས་བྲིས་པ་དགེ །༈ ཚོགས་རྫས། རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ་ཧོཿས་བྱིན་གྱིས་བརླབས། ཧཱུྃ། རབ་འབྱམས་རྩ་གསུམ་དཀྱིལ་འཁོར་སྒྲུབ་སྡེ་བརྒྱད། །ཁྱད་པར་དཔལ་ཆེན་ཕུར་པའི་ལྷ་ཚོགས་རྣམས། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འདོད་ཡོན་ལྔ་ལྡན་ཟག་མེད་ཚོགས་མཆོད་འབུལ། །རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་བཤགས། །གཟུང་འཛིན་གཉིས་སྣང་དགྲ་བགེགས་དབྱིངས་སུ་བསྒྲལ། །གཉིས་མེད་བདེ་བ་ཆེན་པོར་ཐུགས་དམ་བསྐང་། །སྒྲུབ་མཆོག་རྣམས་ལ་དབང་བསྐུར་བྱིན་རློབས་ལ། །མཆོག་དང་ཐུན་མོངས་དངོས་གྲུབ་སྩལ་དུ་གསོལ། །ཅེས་པའང་ཁྲག་འཐུང་ཕྲིན་ལས་གྲུབ་པ་རྩལ་གྱིས་བྲིས་པ་དགེ །༈ ཧཱུྃ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །ཕོ་བདུད་དྲེགས་པ་བརྫིས་པའི་གདན་སྟེང་དུ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་དཔའ་བོའི་སྐུ། །བདུད་འདུལ་ཁྲོ་བཅུ་ཁྲ་ཐབས་འཁོར་གྱིས་བསྐོར། །རྡོ་རྗེ་ཕུར་པའི་ལྷ་ཚོགས་འཁོར་དང་བཅས། །དབང་དང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ། །འདོད་ཡོན་ཟག་མེད་ཚོགས་ཀྱི་མཆོད་པ་བཞེས། །ཐུགས་དམ་གཉེན་པོ་ཆོས་ཀྱི་དབྱིངས་སུ་བསྐངས། །ཉམས་ཆག་འགལ་འཁྲུལ་ནོངས་པ་དབྱིངས་སུ་བཤགས། །མ་རུངས་ཞིང་བཅུའི་རུ་ཏྲ་ཞལ་དུ་སྦྱོར། །དེ་ལྟར་ཚོགས་མཆོད་བསྐང་བཤགས་ཕུལ་བའི་མཐུས། །ཨ་བྷི་ཙརྱའི་དངོས་གྲུབ་དེང་སྩོལ་ཅིག །ཕུང་ཁམས་སྐྱེ་མཆེད་གདན་གསུམ་འཁོར་ལོའི་ལྷ། །ཡེ་ནས་དག་མཉམ་དཀྱིལ་འཁོར་འཁོར་ལོའི་ཚུལ། །སྲིད་པ་ཕུར་བུས་སྣང་ཞེན་ལྷར་སྦྱངས་པས། །སྣང་སྟོང་སྐུ་ཡི་རྡོ་རྗེར་འགྲུབ་བྱིན་རློབས། །རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེའི་སྤྲིན། །བྱང་སེམས་ཕུར་བུ་ཨ་ཧཾ་འབར་འཛག་གིས། །དགའ་བཞིའི་འགྲོ་ཐིམ་ས་ལམ་དབུ་མ་རྫོགས། །བདེ་སྟོང་གསུང་གི་རྡོ་རྗེར་འགྲུབ་བྱིན་རློབས། །དབྱིངས་རིག་ཟུང་འཇུག་འོད་གསལ་གཉུག་མའི་གཤིས། །སྒྲོན་དྲུག་སྣང་བཞིའི་ཉེ་ལམ་ཟླ་མེད་ཕུལ། །རིག་པའི་ཕུར་བུ་ཆོས་ཀྱི་དབྱིངས་ཐེབས་པས། །རིག་སྟོང་ཐུགས་ཀྱི་རྡོ་རྗེ་འགྲུབ་བྱིན་རློབས། །ཚད་མེད་སྙིང་རྗེས་འགྲོ་ཁམས་རྒྱ་ཡིས་ཐེབས། །རྗས་ཀྱི་ཕུར་བུས་དགྲ་བགེགས་རྩད་ནས་གཅོད། །སྒྲོལ་བ་གཉིས་ཀྱི་ཐབས་མཁས་མཛད་ཕྲིན་གྱིས། །དོན་གཉིས་བསམ་ཀུན་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་པདྨ་བི་ཛས་སོ། །༈ རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ། རབ་འབྱམས་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་གཤེགས། །ཡེ་ཤེས་ལྔ་ལྡན་འདོད་ཡོན་ཚོགས་མཆོད་བཞེས། །ཐུགས་དམ་བསྐང་ཞིང་ཉམས་ཆག་འགལ་འཁྲུལ་བཤགས། །གཟུང་འཛིན་དབྱིངས་སྒྲོལ་མཆོག་ཐུན་དངོས་གྲུབ་སྩོལ། །ཡིག་བརྒྱ་བརྗོད། པདྨ་བི་ཛས་སོ། །༈ སྣང་སྲིད་ཡེ་སངས་རྒྱས་པའི་དཀྱིལ་འཁོར་ལྷར། །གང་ཤར་འདོད་ཡོན་རྒྱན་གྱིས་ཚོགས་མཆོད་འབུལ། །གཟུང་འཛིན་སེམས་བྱུང་འཁྲུལ་བ་དབྱིངས་སུ་བཤགས། །ཀ་དག་གཞོན་ནུ་བུམ་སྐུའི་དངོས་གྲུབ་སྩོལ། །ཅེས་པའང་མཁན་བསོད་རྡོར་ངོར་རྒྱལ་ཚབ་སྤྲུལ་མིང་པས་སོ། །༈ ཚོགས་མཆོད་མདོར་བསྡུས་ནི། རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ། ཀ་དག་སྤྲོས་བྲལ་དབྱིངས་ཀྱི་བྷནྡྷ་རུ། །ལྷུན་གྲུབ་རང་རྩལ་བདེ་སྟོང་མཆོད་པའི་སྤྲིན། །རིག་རྩལ་རོལ་པ་རྒྱན་གྱི་དམ་རྫས་འདིས། །རང་རིག་རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་མཆོད། །གཟུང་འཛིན་སྒྲིབ་ཚོགས་ཀ་དག་དབྱིངས་སུ་བཤགས། །འཁྲུལ་རྟོག་ཉོན་མོངས་རང་གྲོལ་མཚོན་ཆས་བསྒྲལ། །རིག་སྟོང་འོད་གསལ་གཉུག་མའི་ཞལ་དུ་སྦྱོར། །སེམས་བྱུང་འཁྲུལ་པའི་ལྷག་སྡུད་གཏོར་མ་ལོངས། །སྣང་བཞི་མཐའ་རུ་ཕྱིན་པའི་ཕྲིན་ལས་མཛོད། །གྷ་ན་ཙཀྲ་པཱུ་ཛ་ཧོ། ཞེས་པའང་པདྨ་བི་ཛས་སོ། །༈ རྡོ་རྗེ་སློབ་དཔོན་ཞབས་པད་བསྐལ་བརྒྱར་བརྟན། །རྡོ་རྗེའི་མཆེད་ལྕམ་དམ་ཚིག་རྣམ་པར་དག །རྡོ་རྗེ་གསུམ་གྱི་ཉམས་ལེན་མཐར་ཕྱིན་ནས། །རྡོ་རྗེའི་གསང་མཆོག་ཚེ་འདིར་འགྲུབ་གྱུར་ཅིག །བི་ཛ་ཡས་སོ། །༈ ༀ། སྣང་སྲིད་བདེ་སྟོང་རང་བྱུང་མཆོད་བསྐང་རྫས། །ཕྱི་ནང་ཉེར་སྤྱོད་ལྷ་མིའི་འདོད་ཡོན་སྤྲིན། །སྨན་གཏོར་རཀྟ་སྦྱོར་སྒྲོལ་གསང་མཆོད་སོགས། །ཟག་མེད་ཀུན་བཟང་རྒྱན་གྱི་རོལ་མོ་འདིས། །རིགས་ཀུན་ཁྱབ་བདག་རྩ་རྒྱུད་བླ་མ་དང་། །ཚེ་བདག་རྒྱལ་བ་རིགས་ལྔ་ཡབ་ཡུམ་དང་། །ཚེ་ལྷ་འགྱོགས་མ་སྒོ་སྲུང་སྤྲུལ་འཁོར་བཅས། །རབ་འབྱམས་རྩ་གསུམ་ཚེ་ལྷའི་ཐུགས་དམ་བསྐང་། །ཉམས་ཆག་འགལ་འཁྲུལ་ནོངས་པ་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་ཀྱི་དབང་བསྐུར་བྱིན་རློབས་ལ། །དུས་མིན་འཆི་བའི་འཇིགས་ཀུན་ཞི་བ་དང་། །རྡོ་རྗེའི་ཚེ་མཆོག་འགྲུབ་པའི་དངོས་གྲུབ་རྩོལ། །ཅེས་པའང་ཉེར་མཁོ་གྲངས་གསོག་བདེ་བའི་སླད་དུ་པདྨ་བི་ཛས་བྲིས། ༈ ན་མོ་གུ་རུ་བཛྲ་ས་ཏྭཱ་ཡ། འདིར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་ཚོགས་གྲངས་བསོགས་སྐབས་བསྐང་བ་བསྡུས་པར་སྤྲོ་ན། རྩ་གཞུང་གི་བསྐང་བ་རྒྱས་པ་སྔོན་དུ་སོང་རྗེས། ཧཱུྃ། ཆོས་ཀུན་འོད་གསལ་གདོད་ནས་སྤྲོས་བྲལ་དབྱིངས། །འགགས་མེད་རོལ་པ་སྣང་སྟོང་ཐབས་ཤེས་སྤྲིན། །ཟག་མེད་འདོད་ཡོན་ནམ་མཁའ་མཛོད་ཀྱི་སྒོ། །བདུད་རྩི་གཏོར་ཆེན་རཀྟ་དམར་གྱི་བཅུད། །སྣང་གསལ་སྒྲོན་མེ་ཕྱི་ནང་མཆོད་བསྐང་རྫས། །མ་ཚང་མེད་པའི་ལོངས་སྤྱོད་རྒྱ་ཆེན་པོའི། །ཡིད་ཆོས་གནས་དག་ཀུན་བཟང་ཡབ་དང་ཡུམ། །ཕུང་ཁམས་གནས་དག་གཤེགས་པ་གཤེགས་མ་བཅུ། །ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས་དཔའ་བརྒྱད། །ཡུལ་བརྒྱད་གནས་དག་བྱང་ཆུབ་སེམས་མའི་ཚོགས། །ལུས་ཀྱི་ཆོས་བཞི་གནས་དག་ཁྲོ་བོ་བཞི། །རྟག་ཆད་མུ་བཞི་གནས་དག་ཁྲོ་མོ་ཡུམ། །ཉོན་དྲུག་གནས་དག་སྤྲུལ་སྐུ་ཐུབ་དྲུག་སྟེ། །བདེ་གཤེགས་ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་། །ཀུན་གཞི་ཡིད་ཆོས་གནས་གྱུར་དཔལ་ཆེན་ཡུམ། །ཉོན་མོངས་དུག་ལྔ་གནས་གྱུར་ཁྲག་འཐུང་ལྔ། །འབྱུང་བ་ཡུལ་ལྔ་གནས་གྱུར་ཁྲོ་མོ་ཡུམ། །རྣམ་བཞིའི་རྟོག་པ་གནས་གྱུར་ཧེ་རུ་བཞི། །སྐྱེ་གནས་བཞི་པོ་གནས་གྱུར་རྣམ་བཞིའི་ཡུམ། །རྣམ་འགྱུར་ཚོགས་བརྒྱད་གནས་གྱུར་ཁྲོ་མོ་བརྒྱད། །རྣམ་འགྱུར་ཡུལ་བརྒྱད་གནས་གྱུར་ཕྲ་མེན་ཚོགས། །རྟག་ཆད་མཐའ་བཞི་གནས་གྱུར་སྒོ་མ་བཞི། །སྣ་ཚོགས་རྟོག་པ་གནས་གྱུར་དབང་མོ་སྟེ། །ཁྲག་འཐུང་ཁྲོ་བོའི་ཚོགས་ཀྱི་ཐུགས་དམ་བསྐང་། །མི་ཤིགས་སྐུ་དང་འགགས་མེད་རྡོ་རྗེའི་གསུངས། །འགྱུར་མེད་ཐུགས་མཆོག་ཡོན་ཏན་མི་ཟད་གཏེར། །ཕྲིན་ལས་ཚད་མེད་ཡེ་ཤེས་རྒྱན་འཁོར་ལོའི། །ཐུགས་དམ་གཉེན་པོ་དབྱིངས་སུ་བསྐང་བའི་མཐུས། །ཉམས་ཆག་བསྐང་ཤིང་རྟོག་སྒྲིབ་ཐམས་ཅད་བྱང་། །དབང་དང་དངོས་གྲུབ་མ་ལུས་དེང་འདིར་སྩོལ། །རིགས་ཀུན་བདག་པོའི་གོ་འཕང་མྱུར་འགྲུབ་མཛོད། །ཅེས་འཁོར་གསུམ་མི་རྟོག་ཡེ་ཤེས་ཀྱི་དབྱིངས་སུ་རོ་མཉམ་པར་བསྐང་ངོ་། ཞེས་པའང་ལྷག་པའི་ལྷ་མཆོག་འདི་ཉིད་ལས་དངོས་གྲུབ་བརྙེས་པའི་བླ་མརིན་པོ་ཆེ་ཚུལ་ཁྲིམས་ལགས་ཀྱི་ཐུགས་བཞེད་བཞིན་ལམ་འདི་ལ་བཟང་པོའི་འབྲེལ་བའི་རིག་འཛིན་གྱི་བཙུན་པ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་བྲིས་པ་མངྒལཾ། ༈ ཧཱུྃ། བདེ་ཆེན་ཐིག་ལེ་གཅིག་གི་རང་རྩལ་ལས། །ཞི་ཆགས་ཁྲོ་སོགས་རྣམ་རོལ་མཐའ་ཡས་པས། །གྲུབ་གཉིས་འདོད་དགུའི་ཆར་རྒྱུན་འབེབས་མཛད་པའི། །བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་དགོངས། །ཕྱི་ནང་གསང་མཆོད་སྨན་རཀ་གཏོར་མ་དང་། །སྦྱོར་སྒྲོལ་གླུ་དབྱངས་ཕྱག་རྒྱ་གར་ལ་སོགས། །འདོད་ཡོན་ལྔ་ལྡན་བླ་མེད་མཆོད་བསྐོང་རྫས། །ཏིང་འཛིན་ནམ་མཁའ་མཛོད་ཀྱི་རོལ་མོ་འདིས། །བདེ་གཤེགས་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང་། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས༴ པདྨ་གསུང་གི་ལྷ་ཚོགས༴ ཡང་དག་ཐུགས་ཀྱི་ལྷ་ཚོགས༴ ཆེ་མཆོག་ཡོན་ཏན་ལྷ་ཚོགས༴ ཕུར་པ་ཕྲིན་ལས་ལྷ་ཚོགས༴ མངོན་རྫོགས་མ་མོའི་ལྷ་ཚོགས༴ རིག་འཛིན་སློབ་དཔོན་ལྷ་ཚོགས༴ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས༴ དམོད་པ་དྲག་སྔགས་ལྷ་ཚོགས༴ བཀའ་སྡོད་རབ་འཇིགས་སྲུང་མའི་ཐུགས་དམ་བསྐང་། །དམ་ཚིག་ཉམས་ཆག་འགལ་འཁྲུལ་དབྱིངས་སུ་གཤགས། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་འགལ་རྐྱེན་མཐའ་དག་ཞི་བ་དང་། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་གོང་དུ་འཕེལ། །དོན་གཉིས་བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །ཕུང་ཁམས་སྐྱེ་མཆེད་གདན་གསུམ་ལྷ་སྐུར་སྨིན། །འགྲོ་འོང་སྲོག་རྩོལ་རྡོ་རྗེའི་སྔགས་སུ་དག །དྲན་རྟོག་སྐྱེ་མེད་འོད་གསལ་ཆོས་སྐུར་གྲོལ། །རྡོ་རྗེའི་གསང་མཆོག་ཚེ་འདིར་འགྲུབ་པར་ཤོག །ཅེས་པའང་མཆོག་སྤྲུལ་བྷེ་ཥ་ཛྱའི་བཞེད་ངོར་སྔགས་བན་རྒན་པོ་རྡོ་རྗེ་དབང་མཆོག་དགྱེས་པ་རྩལ་གྱིས་བྲིས་པ་དགེ །


previousབླ་མའི་རྣལ་འབྱོར་མདོར་བསྡུས་མོས་གུས་གསོལ་འདེབས།next