བཞེངས་པ།
དེ་ནས་པུཀྐ་སཱི་ལ་སོགས་པ་ལྷ་མོ་བཞི་རྣམས་ཀྱིས་བདག་ཅག་རྣམས་ཀྱི་མགོན་མེད་དོ་ཞེས་སྨྲས་ནས་ཡིད་མི་བདེ་བ་ཆེན་པོ་ཐོབ་ཅིང་ཤིན་ཏུ་ཉམ་ཐག་པའི་སེམས་དང་ལྡན་པ་རྣམས་ཀྱིས་རབ་ཏུ་སད་པར་བྱེད་པའི་གླུ་རྣམས་ཀྱིས་བཅོམ་ལྡན་འདས་བཞེངས་སུ་གསོལ་བའོ། །འདིར་བཞེངས་པའི་ཚིགས་སུ་བཅད་པ་བཞི་པོའི་དོན་འདི་བརྗོད་བར་བྱ་སྟེ། བཞེངས་ཤིག་རྗེ་བཙུན་སྙིང་རྗེའི་ཐུགས། །ཞེས་བྱ་བ་ལ་སོགས་པ་ལ།
བཞེངས་ཤིག་ཁྱེད་ཉིད་སྙིང་རྗེའི་ཡིད་དང་ལྡན་པ་པུཀྐ་སཱི་བདག་ལ་ཡོངས་སུ་སྐྱོབས་ཤིག །བདེ་བ་ཆེན་པོའི་སྦྱོར་བས་བདག་འདོད་པར་མཛོད་ཅིག །ཞུ་བའི་གཟུགས་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྤོངས་ཞེས་པ་སྟེ། བདག་གིས་ཁྱེད་ལ་བྱམས་པ་ཆེན་པོའོ། །བྱེད་དང་བྲལ་བས་བདག་འགུམ་པ་སྟེ། སྟོང་པ་ཉིད་ཀྱི་ཀྱེ་རྡོ་རྗེ་ཁྱེད་བཞེངས་པའི་རི་ཁྲོད་མའི་དོན་གྲུབ་པར་མཛོད་ཅིག་ཅེས་པ་སྟེ། བདག་གིས་ཁྱེད་ལ་སྙིང་རྗེ་ཆེན་པོའོ། །འཇིག་རྟེན་མགྲོན་དུ་གཉེར་ནས་དགའ་བ་དེའི་གཙོ་བོ་སྟོང་པར་བཞུགས་པ་ཅི་ལགས། གཏུམ་མོ་བདག་ནི་གསོལ་བར་བགྱིད་དེ་ཁྱོད་དང་བྲལ་བས་ཕྱོགས་མི་ཤེས་པ་ནི་མི་མཐོང་བའོ་ཞེས་པ་སྟེ། དེའི་ཕྱིར་བཞེངས་ཤིག་ཅེས་པ་སྟེ། བདག་གིས་ཁྱོད་ལ་དགའ་བ་ཆེན་པོའོ། །ཀྱེ་མིག་འཕྲུལ་ཁྱེད་ཉིད་བཞེངས་ཤིག་ཁྱེད་ཀྱི་ཐུགས་ནི་བདག་གིས་འཚལ་ཏེ། གཡུང་མོ་བདག་ནི་ཤིན་ཏུ་མཛངས་ཤིང་སྒྲིན་པ་ཉམས་དགའ་བའོ། །སྙིང་རྗེ་རྣམ་པར་ཆད་པར་མ་མཛད་ཅིག་ཅེས་པ་སྟེ། བདག་གིས་ཁྱེད་ལ་བཏང་སྙོམས་ཆེན་པོའི་གནས་སོ། །འདིས་ནི་དེ་ཁོ་ན་ཉིད་བཞི་རྣམ་པར་དག་པས་ཞུ་བའི་གཟུགས་བསྟན་ཏོ། །ཁ་ཟས་ཀྱི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་དང༌། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །དེ་ནས་བླ་མའི་གདམས་པ་ལས། ཇི་ལྟ་བ་དེ་ལྟར་རིམ་པས་དེ་ཁོ་ན་ཉིད་བཞིའི་དོན་ཁོང་དུ་ཆུད་པར་བྱ་སྟེ། འདི་ནི་གཞུང་མངས་ཀྱིས་འཇིགས་པ་ལས་མ་བརྗོད་དོ། །དེས་ན་དེ་ཉིད་ཀྱི་གཟུགས་དང་ལྡན་པའི་བཅོམ་ལྡན་འདས་སུ་གལ་ཏེ་གྱུར་ན་དེའི་ཚེ་དེ་ཉིད་ཀྱི་གླུའི་སྦྱོར་བ་ལས་གཉིད་སད་པ་བཞིན་དུ་བཞེངས་པའོ། །དེ་ལྟ་ན་ཡང་གཞན་དག་ན་རེ་བཅོམ་ལྡན་འདས་ཤིན་ཏུ་བདག་མེད་པ་དང་ལྷན་ཅིག་པའི་སེམས་ཀྱིས་བདག་མེད་པ་ཅན་ཡིན་ན། དེའི་ཕྱིར་ནམ་མཁའི་རྨི་ལམ་མཐོང་བ་ཅི་ཞིག་ཡིན། གཉིད་སད་པ་བཞིན་དུ་བཅོམ་ལྡན་འདས་ཇི་ལྟར་བཞེངས་ཤེ་ན། འདིར་སྨྲས་པ། སེམས་ཅན་རྣམས་ཀྱིས་གཉིད་ཀྱི་གནས་སྐབས་ན་ཅུང་ཟད་ཀྱང་མི་ཤེས་ཤིང༌། དེ་ནས་ལྡང་བ་མཐོང་བ་ཇི་ལྟར་ཡིན། །དེའི་ཕྱིར་བྱ་བའི་དབང་ལས་སྐད་ཅིག་གིས་སྐྲག་པ་བཞིན་དུ་ལངས་ཏེ། དེ་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
པའི་བཅོམ་ལྡན་འདས་ཀྱིས་རང་དང་གཞན་རིག་པ་མི་མཁྱེན་ཏོ། །དེ་ནས་དེ་ཁོ་ན་ཉིད་ཀྱི་གླུས་བསྐུལ་བས་སྨོན་ལམ་ཀྱི་དབང་ལས་བཞེངས་པའོ། །དེ་ལྟ་ན་ཡང་དྲི་བ་གཉིས་ཏེ། ཇི་ལྟར་སྲོག་ཆགས་རྣམས་ཀྱིས་ལུས་ཀྱི་བདེ་བ་དམིགས་ནས་དེ་རྣམས་ཀྱིས་གཉིད་ཀྱི་གནས་སྐབས་ནི། མི་ཤེས་ཏེ། འོན་ཀྱང་ལུས་ཡོད་པས་ཏེ། བཅོམ་ལྡན་འདས་ཅི་དེ་དང་མཚུངས་སམ། ཇི་ལྟར་བཞེངས། ཇི་སྟེ་ཡང་སྔགས་པས་ཐོག་མར་མི་གཙང་བའི་ལུས་གཙང་མར་བྱས་ཏེ། སྟོང་པ་ཉིད་ལ་སོགས་པ་རྣམ་པར་དག་པས་སྤྲུལ་པའི་སྐུ་ལ་མངོན་པར་ཞེན་པ་ལས་སླར་ཡང་ཅི་སྟེ་གང་གིས་ཞུ་བ་འཐོབ་སྟེ། དེས་ནི་སྤྲུལ་པ་མ་ཡིན་སྟེ་ཇི་ལྟར་རུས་པ་དང་རྐང་པ་ལ་སོགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ་ཞེས་དྲི་བ་གཉིས་སོ། །དེ་ནས་སྨྲས་པ། དང་པོ་ཞུ་བ་ཐོབ་པ་ནི་རྒྱུ་ཡིན་ཞིང༌། འབྲས་བུ་ནི་མ་ཡིན་ནོ། །དེ་ལྟར་ཞུ་བ་ཐོབ་པ་ལ་སོགས་པ་དག་པ་ལས་འབྲས་བུ་རྡོ་རྗེ་འཛིན་པ་ཡང་གཟུང་བ་སྟེ་དྲི་བ་གཅིག་ཐལ་ལོ། །དེ་ལྟར་གཉིས་པ་ཡང་དང་པོར་ལྷའི་རྣམ་པས་མི་གཙང་བའི་ལུས་མེད་ཅིང་མི་གཙང་བའི་ལུས་མེད་ན་དག་པའི་སྤྲུལ་པའི་ལུས་སུ་མངོན་པར་ཞེན་པ་ཙམ་སྟེ། དེ་མེད་པས་བདུད་རྩིའི་ཁུ་བ་དང༌། ཟླ་བ་བཞིན་དུ་རྨི་ལམ་སྒྱུ་མ་དང་མཚུངས་པར་རྣམ་པར་ཤེས་པའི་གཟུགས་ཀྱིས་གནས་པ་སྟེ། དེས་ན་སྒྱུ་མའི་རྣམ་པར་ཤེས་པ་སྨོན་ལམ་གྱི་རྟེན་ཡིན་ཏེ། ཇི་ལྟར་སྒྱུ་མས་རང་དང་གཞན་རིག་པ་མི་ཤེས་པ་དེ་ལྟ་ནའང་བྱ་བ་བྱེད་པ་སྟེ་དེ་ལྟར་སྒྱུ་མའི་རྣམ་པར་ཤེས་པས་རང་དང་གཞན་ཤེས་པ་ལས་གཞན་དུ་ཡུན་རིང་པོའི་སྨོན་ལམ་གྱི་དབང་ལས་ལྡང་བ་ཡིན་ནོ། །དེ་ལ་ལྡང་བའི་རིམ་པ་ནི་འདི་ཡིན་ཏེ། རྣམ་པ་ལྔའི་རྣལ་འབྱོར་ལས་སོ། །བདུད་རྩི་ཁུ་བ་ཟླ་བའི་གཟུགས། །ཞེས་པ་སྟེ། བདུད་རྩིའི་ཁུ་བ་འདི་ཡོངས་སུ་གྱུར་པས་ཡེ་ཤེས་ལྔའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཏེ། དེ་ལས་ཨཱ་ལི་ཡོངས་སུ་གྱུར་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཟླ་བའོ། །ཀཱ་ལི་ཡོངས་སུ་གྱུར་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉི་མའོ། །དེ་དག་གི་དབུས་སུ་སོན་པའི་ས་བོན་ནི་སོ་སོར་རྟོག་པའི་ཡེ་ཤེས་སུ་བརྗོད་ཅིང༌། ཐམས་ཅད་རྣམས་ཀྱི་གཅིག་པ་ནི་བྱ་བ་གྲུབ་པ་སྟེ། གཟུགས་རྫོགས་པ་ནི་དག་
པའི་ཆོས་ཉིད་དོ། །དེའི་ཕྱིར་ཡེ་ཤེས་ལྔའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་སོ། །དེ་བཞེངས་པའི་འོད་ཟེར་རྣམས་ཀྱིས་རྒྱུ་བ་དང་མི་རྒྱུ་བར་བཅས་པ་བཀུག་ནས་དཀྱིལ་འཁོར་བ་དེ་ཉིད་དུ་རོ་གཅིག་པ་ཉིད་དུ་བྱས་ནས་སྟོན་ཀའི་ཟླ་བའི་རྣམ་པ་བྱང་ཆུབ་ཀྱི་སེམས་སུ་བལྟ་བར་བྱ་སྟེ། རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། དེའི་རྗེས་ལ་སྐད་ཅིག་གིས་གཟུགས་དེ་ཡོངས་སུ་གྱུར་ཏེ་ལྷན་ཅིག་སྐྱེས་པའི་ཀྱེ་རྡོ་རྗེ་སྟོན་ཀའི་རི་བོང་འཛིན་པའི་རྣམ་པ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་གསལ་བར་མཛད་པ་ཆོས་ཀྱི་ཕྱག་རྒྱ་དང་ལྡན་པ་ཡེ་ཤེས་ལྔའི་རང་བཞིན་བསམ་པར་བྱ་སྟེ། རྗེས་སུ་རྣལ་འབྱོར་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །