Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
expand section
  
  
  
 collapse section
  
  
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
  
རྩོམ་པ་མཐར་ཕྱིན་པའི་བྱ་བ་བསྟན་པ།
  


4 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousརྩོམ་པ་མཐར་ཕྱིན་པའི་བྱ་བ་བསྟན་པ།next

རྩོམ་པ་མཐར་ཕྱིན་པའི་བྱ་བ་བསྟན་པ།


GLG014_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྩོམ་པ་མཐར་ཕྱིན་པའི་བྱ་བ་ལ། བསྟན་པའི་གནས་ཚད། ནོངས་པ་ལ་བཟོད་པར་གསོལ་བ། ཐར་པ་འདོད་པ་རྣམས་ཀྱིས་བག་ཡོད་རྟེན་རིགས་པ་དང་གསུམ། དང་པོ་ལ། ཚིག་དོན་དང་། སྤྱིའི་དོན་གཉིས། དང་པོ་ནི། སྟོན་པའི་དམ་ཆོས་ཆོས་ཅན། རྣམ་པ་གཉིས་ཡོད་དེ། ལུང་གི་དམ་ཆོས་དང་། རྟོགས་པའི་དམ་ཆོས་གཉིས་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་འཛིན་པར་བྱེད་པ་ཡོད་པ་དེ་སྲིད་དུ་བསྟན་པ་གནས་ཏེ། ལུང་གི་ཆོས་ནི་ཐོས་བསམ་གྱི་སྒོ་ནས་སྨྲ་བར་བྱེད་པ་དང་། རྟོགས་པའི་ཆོས་ནི་སྒྲུབ་པར་བྱེད་པའི་སྒོ་ནས་ཉམས་སུ་ལེན་པ་དེ་སྲིད་དུ་ཡོད་པ་ཁོ་ན་ཡིན་པའི་ཕྱིར། གཉིས་པ་ལ། རྟོགས་པའི་དམ་ཆོས་བཤད། ལུང་གི་དམ་ཆོས་བཤད། དེ་གཉིས་ཀྱི་གནས་ཚད་བཤད་པ་དང་གསུམ། དང་པོ་ནི། རྟོགས་པའི་དམ་ཆོས་ཆོས་ཅན། གཞག་ཏུ་ཡོད་དེ། བསླབ་པ་གསུམ་གང་རུང་གིས་བསྡུས་


GLG014_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམ་ཆོས་དེ་ཡིན་པའི་ཕྱིར། དེ་ཆོས་ཅན། མཚན་གཞི་ཡོད་དེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན་ལྟ་བུ་ཡིན་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། རྟོགས་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་ཏེ། ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ལུང་གི་དམ་ཆོས་ཆོས་ཅན། ཁྱོད་གཞག་ཏུ་ཡོད་དེ། སངས་རྒྱས་ཀྱི་བཀའ་དང་དེའི་དགོངས་འགྲེལ་རྣམ་དག་གང་རུང་གིས་བསྡུས་པའི་དམ་ཆོས་དེ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་མཚན་གཞི་ཡོད་དེ། སྡེ་སྣོད་གསུམ་ལྟ་བུ་ཡོད་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། དེ་ལ། ལུང་ནི་མདོ་སྡེ་དང་། འདུལ་བ་དང་ཆོས་ མངོན་པ་རྣམས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། རང་འགྲེལ་ལས། དེའི་ཕྱིར། དེ་ཉིད་ཇི་སྲིད་དུ་གནས་པ་དེ་སྲིད་དུ་དམ་པའི་ཆོས་གནས་པར་རིག་པར་བྱའོ། །དེ་དག་ཀྱང་ལོ་སྟོང་དུ་གནས་སོ་ཞེས་བཤད་དོ། །ཞེས་གསུངས་པ་དང་། ལུང་ཕྲན་ཚེགས་སུ་ཡང་དེ་དང་འདྲ་བར་གསུངས་ལ། སྙིང་རྗེ་པད་དཀར་དུ་སྟོང་དང་ལྔ་བརྒྱ། ཟླ་བ་སྙིང་པོའི་མདོར་ཉིས་སྟོང་། རྡོ་རྗེ་གཅོད་པའི་ལྔ་བརྒྱ་ཐ་མ་ཞེས་པའི་འགྲེལ་པར་ལོ་ཕྱེད་དང་སུམ་སྟོང་། འབུམ་ཊཱིཀ་ཏུ་ལོ་ལྔ་སྟོང་གནས་པར་བཤད་པ་སོགས་མང་ནའང་། འདིར་དང་པོ་གཉིས་ལྟར་བྱ་དགོས་ཤིང་། བོད་འདིར་སྤྱི་སྐད་ལ། དང་པོ་གསུམ་ནི་དྲང་དོན་དུ་འགྲེལ་རིགས་ཏེ། འགྲེལ་ཚུལ། དགོངས་གཞི། དགོས་པ་དངོས་ལ་གནོད་བྱེད་གསུམ་གྱི་སྒོ་ནས་འགྲེལ་བའི་ཕྱིར། དེར་ཐལ། དགོངས་གཞི་རྟོགས་པའི་བསྟན་པ་རྒྱུད་ལ་སྐྱེ་བ་རིམ་གྱིས་ཉུང་དུ་སོང་བ་དང་། དགོས་པ་གདུལ་བྱ་རྣམས་སྐྱོ་བ་བསྐྱེད་པ་དང་། དངོས་ལ་གནོད་བྱེད། ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས། ང་མྱ་ངན་ལས་འདས་ནས། ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་རོ། །ཞེས་གསུངས་པ་ཉིད་ཀྱིས་འགྲུབ་པའི་ཕྱིར། ཞེས་སྨྲའོ། །དེས་ན་བསྟན་པ་ལྔ་སྟོང་དུ་གནས་པ་ལས། ལྔ་བརྒྱ་ཕྲག་བཅུའི་དང་པོ་དགྲ་བཅོམ་པ། གཉིས་པ་ཕྱིར་འོང་། གསུམ་པ་རྒྱུན་ཞུགས། བཞི་པ་ཤེས་རབ། ལྔ་པ་ཏིང་ངེ་


GLG014_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། དྲུག་པ་ཚུལ་ཁྲིམས། བདུན་པ་མངོན་པ། བརྒྱད་པ་མདོ་སྡེ། དགུ་པ་འདུལ་བ། བཅུ་པ་ནི་རབ་ཏུ་བྱུང་བའི་རྟགས་ཙམ་འཛིན་པའི་ལེའུ་ཞེས་བཤད་པའི་ཕྱིར། དེ་ལྔ་བརྒྱ་ཕྲག་གང་གི་དུས་ཡིན་པ་གཞག་ཏུ་ཡོད་དེ། འདས་ལོ་མང་ཉུང་གི་ཕྱོགས་སོགས་ནས། མཁས་པའི་བཞེད་ཚུལ་མང་ཡང་། མཁས་ཤིང་གྲུབ་པའི་དབང་ཕྱུག་ཐམས་ཅད་མཁྱེན་པ་ནོར་བཟང་རྒྱ་མཚོའི་བཞེད་པ་ལྟར། འོ་སྐོལ་གྱི་སྟོན་པ་དྲག་པོ་ལྕགས་སྤྲེལ་ལ་སྐུ་བལྟམས་པ་འདི་ཉིད་མྱ་ངན་ལས་འདས་པ་ནས་འགོ་བཟུང་སྟེ། ད་ལྟའི་རབ་བྱུང་བཅུ་གཅིག་པ་མེ་ཁྱི་ཡན་ལ་ལྔ་བརྒྱ་ཕྲག་ལྔ་རྫོགས་ཏེ། ཚུལ་ཁྲིམས་ཀྱི་ལེའུའི་ལོ་ཉེར་བདུན་གྱི་སྟེང་དུ་སླེབ་པ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། བསྟན་བཅོས་འདིར་བཤད་པའི་ལུགས་རྣམས་གྲུབ་མཐའ་སྨྲ་བ་གང་གི་ལུགས་ཡིན་པ་གཞག་ཏུ་ཡོད་དེ། སློབ་དཔོན་དབྱིག་གཉེན་བདག་གིས་བརྩམས་པའི་མངོན་པའི་ཆོས་ཕལ་ཆེར་ནི་ཁ་ཆེ་བྱེ་བྲག་སྨྲ་བའི་གྲུབ་མཐའི་ཚུལ་དུ་བཤད་པའི་ཕྱིར། བསྟན་བཅོས་འདིར་ཉེས་པར་བཤད་པ་གང་ཡིན་པ་དེ་ཆོས་ཅན། མངོན་པའི་མདོ་ལ་སྐྱོན་ཡོད་པ་ལ་བརྟེན་ནས་བྱུང་བ་མ་ཡིན་ཏེ། རྩོམ་པ་པོ་བདག་གི་ཉེས་པར་བཤད་པས་དམ་པའི་ཆོས་ཀྱི་ཚུལ་ལ་ཚད་མར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་ལ་བཟོད་པར་གསོལ་བ་ཡིན་པའི་ཕྱིར། གསུམ་པ་ནི། དེ་ཁོ་ན་ཉིད་མ་མཐོང་ཞིང་། རང་དགར་སྤྱོད་པར་གྱུར་པའི་སྐྱེ་བོ་ནི་ཆོས་ཅན། ཁྱོད་རྣམས་ཀྱི་ངན་རྟོག་གིས་སངས་རྒྱས་ཀྱི་བསྟན་པ་ནི་དཀྲུགས་ཤིང་དྲི་མ་ཅན་དུ་བྱས་ཏེ། དེ་ལྟར་བྱས་པ་ལ་དགག་སྒྲུབ་དང་། སེལ་བར་བྱེད་པའི་སྟོན་པ་སངས་རྒྱས་འཇིག་རྟེན་གྱི་མིག་ཏུ་གྱུར་པ་ནི་ཟུམ་ཞིང་མྱ་ངན་ལས་འདས་པར་གྱུར། དཔང་པོར་འོས་པར་གྱུར་པའི་ཤིང་རྟ་ཆེན་པོ་སོགས་ཕལ་ཆེར་ཟད་པ་དེའི་ཕྱིར། དེས་ན་ཐར་པ་འདོད་པ་རྣམས་ཀྱིས་བག་ཡོད་བསྟེན་པར་རིགས་ཏེ། ཐུབ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ། ལྐོག་མར་སྲོག་ཕྱིན་པ་དང་འདྲ་བར་ཡུན་རིང་དུ་མི་གནས་པ་ནི། སྙིགས་མ་རྣམས་སྟོབས་དང་ལྡན་པའི་དུས་སུ་རིག་པ་ཡིན་པའི་ཕྱིར། རང་བྱུང་ཡང་
དག་པར་རྫོགས་པའི་སངས་རྒྱས་དང་། དེའི་སྲས་བསྟན་པ་གཅེས་པར་འཛིན་པ་རྣམས་མཆོག་ཏུ་ཞི་བར་གཤེགས་པས། འགྲོ་བ་རྣམས་མགོན་མེད་པར་གྱུར་ཏེ། འདོམས་པ་མེད་པའི་ཡོན་ཏན་རྣམས་འཇོམས་པར་བྱེད་པ་ནི་དུག་གསུམ་གྱི་དྲི་མས། དེང་སང་འཇིག་རྟེན་གྱི་ཁམས་འདི་ན། དགའ་དགུར་སྤྱོད་པ་མཐོང་བའི་ཕྱིར། དེ་ལྟར་བསྟན་པ་ནི་སོ་ཐར་གྱི་མདོ་ལས་གསུངས་པ་ལྟར་ཐར་འདོད་དང་། བག་ཡོད་ལ་བསྐུལ་བ་ཡིན་གྱི། སངས་རྒྱས་ཀྱི་བསྟན་པ་ནི། དུས་ནམ་ཡང་མི་ནུབ་སྟེ། རྒྱལ་བའི་འཕྲིན་ལས་ཀྱི་འཇུག་པ་དུས་ཀུན་དུ་རྒྱས་པའི་ཕྱིར། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་འདི་ནི་ཆོས་ཅན། ཁྱོད་རྩོམ་པ་པོའི་རྟེན་གྱི་གང་ཟག་ཡོད་དེ། ཤཱཀྱའི་བསྟན་ལ་ཞུགས་པའི་དགེ་སློང་། སློབ་དཔོན་ཆེན་པོ་དབྱིག་གི་གཉེན་གྱིས་མཛད་པ་ལས་ཡོངས་སུ་རྫོགས་པའི་ཕྱིར། བསྟན་བཅོས་འདི་ཆོས་ཅན། ཁྱོད་རྒྱ་དཔེ་ལས་བོད་སྐད་དུ་སྒྱུར་བ་པོ་ཡོད་དེ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་སྟེ། རྒྱལ་བའི་བཤེས་གཉེན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་སྐད་གསར་བཅད་ཀྱི་སྒོ་ནས་གཏན་ལ་ཕབ་པའི་ཕྱིར། ཆོས་མངོན་པ་མཛོད་གསལ་བར་བྱེད་པ། ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་བཤད་ཟིན་ཏོ། །


previousརྩོམ་པ་མཐར་ཕྱིན་པའི་བྱ་བ་བསྟན་པ།next