Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
expand section
  
  
  
 collapse section
  
  
 expand section
 expand section
 expand section
 expand section
 expand section
 expand section
 expand section
 expand section
  
  
མཛད་བྱང་།


4 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousམཛད་བྱང་།no next

མཛད་བྱང་།


GLG014_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། ལེགས་བྱས་མེས་པོའི་ཐོད་ལས་རབ་འོངས་དལ་འབྱོར་རྟེན་གྱི་ཡན་ལག་བརྒྱད་ལྡན་ཆབ། །ཉོན་མོངས་དུག་གསུམ་མི་གཙང་འདམ་གྱི་རྙོག་པ་མཐའ་དག་རབ་ཏུ་གསལ་ཏེ་ཡང་དག་པའི། །དངས་ཤིང་བསིལ་བའི་དྲི་མེད་ཆུ་རྒྱུན་དགྲ་བཅོམ་གོ་འཕང་པད་དཀར་མིག་གི་ཞབས་བསིལ་དག །མངོན་དུ་བྱས་པས་བློ་ལྡན་སྐྱེ་བོ་སྐལ་ལྡན་ཤིང་རྟ་དགའ་བྱེད་ཕྱིར་ན་ངང་ཚུལ་དེས། །འཁྲུལ་མེད་གསལ་བར་སྟོན་པའི་ཆོས་མངོན་སྡེ་བདུན་འཆི་མེད་དགའ་ཚལ་ནས། །སྙིང་པོར་གྱུར་པའི་མཛོད་ཀྱི་བསྟན་བཅོས་ཚིག་ཉུང་དོན་རྒྱས་ཡོངས་འདུའི་ལྗོན། །ལེགས་བཤད་འབྲས་བུ་རོ་བརྒྱའི་དཔལ་འཛིན་རང་གིར་སྤྱོད་ཅིང་གཞན་དག་ལ། །ཚིམ་པ་མེད་པར་སྟེར་བའི་བྱེད་པོ་མཁས་མཆོག་དབྱིག་གཉེན་


GLG014_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་གསུམ་གཙོ། །གང་གི་དགོངས་དོན་འགྲེལ་བའི་བསྟན་བཅོས་དག །ཁ་བའི་ལྗོངས་འདིར་བྱེད་པོ་མང་མཆིས་ཀྱང་། །ལ་ལ་དོན་ཉུང་ཚིག་རྒྱས་འགའ་ཞིག་ཏུ། །ལོག་པར་འགྲེལ་ཞིང་སླ་སར་རྒྱས་བཤད་བྱེད། །ཆོས་རྒྱལ་མེས་དབོན་སྐ་ཅོག་ལོ་པཎ་དང་། རིན་བཟང་ས་ལོ་ཤོང་དཔང་བུ་སྟོན་རྗེ། །རྒྱལ་དབང་ཙོང་ཁ་པ་སོགས་མཁས་གྲུབ་ཀྱི། །རྣམ་ཐར་ཉིན་བྱེད་ནུབ་ཀྱི་རིར་ཉེ་ཞིང་། །མི་ཆེན་གདོལ་བའི་ཕྲུ་གུ་དར་ཟབ་ཀྱིས། །ཕང་ཕུང་མཛེས་པར་བྱས་ཏེ་མཐོན་པོའི་ཁྲིར། །བླུན་པོའི་འཁོར་ཚོགས་དབུས་ན་འགྱིང་བ་ཡི། །བ་མོས་ཐུབ་བསྟན་པད་ཚལ་བཅོམ་གྱི་དོགས། །ཆོས་སྤྱོད་བཅུ་ཡི་གྲུབ་པ་རྒྱབ་བོར་ནས། ཁ་གྲག་དཔུང་དང་རྒྱུ་ནོར་གཡོ་ཁྲམ་གྱིས། །འགྲོ་བའི་ཕན་བདེ་སྒྲུབ་པར་རློམ་བྱེད་ན། །ཀུན་མཁྱེན་ཤཱཀྱའི་གཙོ་དེ་འཁྲུལ་བར་ངེས། །རིགས་མཐུན་མཚན་མོའི་བྱ་དང་ལྷན་ཅིག་ཏུ། །གྲུབ་རྟགས་རྫུན་ཟོག་བྲག་ལ་གནས་བཅས་ཤིང་། །བླང་དོར་ལྟ་བའི་མིག་གཉིས་ཟུམ་གྱུར་པའི། །བསྟན་འཛིན་འབྱུང་པོའི་འདབ་ལྡན་ཆེས་ཆེར་མང་། །རྟོགས་པའི་ཡོན་ཏན་བརྗོད་བྱར་སྟོན་བྱེད་པའི། །ལུང་གི་བསྟན་བཅོས་འགའ་ཡང་མི་ཤེས་པར། །རྒྱལ་དང་རྒྱལ་བའི་སྲས་སུ་ཁས་ལེན་ན། །རྒྱུ་དང་འབྲས་བུའི་རྣམ་གཞག་ངེས་པར་རྫུན། །དབྱིག་གཉེན་ཞབས་ཀྱིས་བསྟན་བཅོས་འདི་མཛད་ཚེ། །དཔང་གྱུར་སྐྱེ་བོ་ཟད་ཅེས་ཐུགས་འབྱུང་ན། །དེང་དུས་བ་ལང་རྫི་འདྲ་མང་པོ་ཡིས། །འགྲོ་བའི་འདྲེན་པ་བྱེད་འདིར་ཅི་ཞིག་གསུང་། །དིང་སང་བཤད་དང་སྒྲུབ་པའི་བསྟན་པ་དག །ཆེས་ཆེར་ཉམས་ཤིང་ཕྱོགས་འདིར་གཞོལ་བའི་བློ། །འཛིན་པ་ཉུང་ཕྱིར་གཞན་ལ་ཕན་དཀའ་ཡང་། །རང་གི་ཡིད་ལ་བསྒོམ་ཕྱིར་ཅུང་ཟད་བཀོད། །ཟ་ཟིའི་ཚིག་གི་ཕྲེང་བའི་གླེགས་བམ་དང་། །གནད་འགག་འགོལ་སར་བཞག་པའི་དཀའ་འགྲེལ་དང་། །གཞན་གྱིས་བརྩམས་པར་རང་གི་སྦྱར་བྱང་དག །བརྒྱབ་པའི་བསྟན་བཅོས་རྣམས་དང་འདི་མི་འདྲ། སྔོན་རབས་རྒན་པོའི་ངག་སྒྲོས་ལྷུར་ལེན་དང་། །མཐའ་དཔྱོད་ཚིག་འགྲེལ་སྤངས་པའི་བཤད་ཡམས་དང་། །འབྲེལ་མེད་རང་བཟོའི་གཏམ་ཙམ་མ་བྱས་པར། །འཇམ་དབྱངས་བླ་མའི་གསུང་རྒྱུན་ཡི་གེར་བཀོད། །དགེ་འདིས་རྒྱལ་བའི་བསྟན་པ་རྟ་བདུན་ཅན། །ལུང་དང་རྟོགས་པའི་


GLG014_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་རབ་འཕགས་ཏེ། །ཕན་བདེའི་འདབ་སྟོང་ཆེས་ཆེར་རྒྱས་པ་ཡིས། །ཡེ་ཤེས་མཆོག་གི་སྦྲང་རྩིར་སྤྱོད་གྱུར་ཅིག །བློ་བཟང་འཇིགས་པ་མེད་པ་སེང་གེའི་རྒྱུད། །གྲགས་སྙན་ང་རོ་སྲིད་པའི་རྩེ་མོ་རུ། །ཆེས་ཆེར་བསྒྲགས་པས་རྒོལ་ངན་རི་དྭགས་ཚོགས། །འཇོམས་ཤིང་འཆད་རྩོད་རྩོམ་པ་རྒྱས་པར་ཤོག །ཆོས་མངོན་གཞུང་ལུགས་ཆུ་ཤེལ་དབང་པོ་དག །དཀའ་འགྲེལ་ཆ་ཤས་ཡོངས་སུ་འཕེལ་བ་ཡིས། །ཐོས་བསམ་སྒོམ་པའི་ཨུཏྤལ་དཀར་པོའི་ཚལ། །འཛུམ་ཞིང་སྣང་བའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་ཆོས་མངོན་པ་མཛོད་གསལ་བར་བྱེད་པ་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་འདི་ཡང་། འཇམ་དབྱངས་གཞོན་ནུ་མཐོན་མཐིང་རལ་པའི་ཟུར་ཕུད་དོར་ཏེ། ངུར་སྨྲིག་གི་བླ་གོས་ཀྱིས་མཛེས་པར་ཀླུབས་པའི་སློབ་དཔོན་རིན་པོ་ཆེ་དཀོན་མཆོག་ཆོས་འཕེལ་གྱིས། རང་ཕྱོགས་ཀྱི་བསྟན་པ་འདི་ལ་མངོན་པའི་སྐོར་མཐའ་ཆོད་པའི་ཡིག་ཆ་ཅུང་ཟད་དཀོན་པར་འདུག་པས་འདི་ལྟ་བུ་ཞིག་གྱིས་ཤིག་ཅེས་བཀའ་བསྩལ་པ་དང་། རྗེ་རྒྱལ་བ་གཉིས་པའི་ཆོས་ཀྱི་ཁྲིར་མངོན་པར་མཛེས་པའི་ཐུབ་བསྟན་ཡོངས་སུ་རྫོགས་པའི་བཤེས་གཉེན་ཆེན་པོ་ཆོས་རྒྱལ་བཀྲ་ཤིས་ཀྱི་གསུང་གིས་བསྐུལ་ཞིང་། རི་བོ་བདེ་ཆེན་གྱི་མཁན་ཆེན་འཇམ་དབྱངས་བཀྲ་ཤིས་པ་དང་། རིགས་ལམ་སྨྲ་བའི་འདུས་སྡེའི་ཁྱུ་མཆོག་མཁས་མང་བློ་གསལ་གླིང་གི་སློབ་དཔོན་དོན་མཐུན་གྱི་འཆད་ཉན་པ་དམ་ཆོས་རྣམ་རྒྱལ། ལེགས་བཤད་ཆོས་འཁོར་གླིང་གི་སློབ་དཔོན་བསྟན་འཛིན་འཕྲིན་ལས་དང་། རབ་འབྱམས་སྨྲ་བ་བློ་བཟང་ཆོས་གྲགས་གྲྭ་མང་རྣམས་ཀྱིས་བསྐུལ་བ་ལ་བརྟེན་ནས། དང་པོར་ཡོངས་འཛིན་དམ་པ་དཀོན་མཆོག་ཆོས་འཕེལ་གྱི་དྲུང་དུ། ཆོས་འདི་ལན་ཁ་ཡར་ཐོས་པ་དང་། རང་འགྲེལ་གཉིས་དགོངས་པ་བསྟུན་ཞིང་། རང་གཞན་གྱི་མཁས་པ་དུ་མའི་ཡིག་ཆ་ལ་ཞིབ་ཏུ་དཔྱད་དེ། གཞུང་དོན་རྣམས་མ་ལུས་པར་བཀྲལ་ཞིང་། སྤྱི་དོན་དང་མཐའ་དཔྱོད་ཀྱིས་བརྒྱན་དགོས་པ་རྣམས་ཀྱིས་སྤུད་དེ། མཐོ་རིས་ཀྱི་དགེ་མཚན་མཐའ་དག་གཅིག་ཏུ་འདུ་བའི་ཡུལ་ལྷོ་


GLG014_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྨན་ལྗོངས་ཡར་ཀླུངས་སུ། ཟ་ཧོར་གྱི་རིགས་ལས་སྐྱེས་པའི་ཆོས་མངོན་སྨྲ་བའི་བཙུན་པ་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེས། འཕགས་ཡུལ་པ་ཨ་ཀྵ་ཡ་ཞེས་པ་མི་ཟད་པར་འབོད་ཅིང་། རྒྱ་ནག་པ་བིན་ཟུ་ཞེས་མེ་ཁྱིར་བརྗོད་པའི་ཡོངས་གྲགས་ཀྱི་ཧོར་ཟླ་ལྔ་པ། འདུལ་མངོན་པའི་དུས་ཚིགས་ལ་བཞིར་ཕྱེ་བའི་དབྱར་ཟླ་གཉིས་པ་རྒྱལ་བ་གསུམ་པའི་ཚེས་ལ། གསུང་རབ་རྒྱ་མཚོའི་སྟི་གནས་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོར་གྲུབ་པར་བགྱིས་པའི་དགེ་ཚོགས་རྒྱ་མཚོའི་མཐུ་ལས། རྒྱལ་བ་འཇམ་དཔལ་སྙིང་པོའི་བསྟན་པ་རིན་པོ་ཆེ་རྒྱས་པར་གྱུར་ཅིག །ཤུ་བྷམ་སྟུ་སརྦྷ་ཛ་ག་ཏཾ། མངྒ་ལ། མཐའ་ཡས་ཤེས་བྱར་རྨོངས་མུན་ཀུན་སངས་ཏེ། །སྲིད་མཚོར་བྱིང་རྣམ་སྒྲོལ་བའི་ཐབས་ལ་མཁས། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་པོའི་གཏེར། །པད་དཀར་ལྟར་བསྔགས་འདྲེན་མཆོག་སྐྱབས་ཀྱི་ཕུལ། །གང་གསུང་རིམ་པ་དང་པོའི་ཆོས་འཁོར་དང་། །འབྲེལ་བའི་མངོན་པ་སྡེ་བདུན་བརྗོད་བྱའི་དོན། །ཡོངས་འདུས་ཆོས་མངོན་མཛོད་ཀྱི་བསྟན་བཅོས་ཆེ། །མཛད་པོ་སངས་རྒྱས་གཉིས་པའང་ཕྱག་གི་ཡུལ། །ཁམས་དང་དབང་པའི་རབ་དབྱེ་སོགས་པར། །རྨོངས་ཚེ་པྲ་ཞིབ་ལས་འབྲས་སེམས་པ་དང་། །སྲིད་རྩ་ཕྲ་རྒྱས་འབྲས་བཅས་མྱ་ངན་ལས། །འདས་པའི་འབྲས་ལམ་འཚོལ་བ་དཀའ་ཞེས་གསུངས། །ཆོས་མངོན་མཛོད་འདིར་ཚུལ་བཞིན་ཐོས་སོགས་ཀྱིས། །ཞུགས་ཚེ་འཁོར་འདས་སྐྱོན་ཡོན་ལ་སོགས་པའི། །ཆོས་ཀུན་རྣམ་པར་འབྱེད་པའི་ཤེས་རབ་ཀྱི། །མིག་རྙེད་ཐར་བའི་ལན་སྣ་ཟིན་པར་ངེས། །དེས་ན་བདག་ཅག་གངས་ཅད་འགྲོ་རྣམས་ཀྱི། །མགོན་དེས་འགྲོ་ཀུན་སྲིད་ཞིའི་རྒུད་པ་ལས། །སྒྲོལ་ཕྱིར་ཆོས་མངོན་མཛོད་ལས།


GLG014_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ནོར། །ཚེགས་མེད་འདྲེན་པའི་ཤིང་རྟ་ཆེ་ཞིག་བཅས། །དེར་བརྟེན་དང་སོགས་ནོར་ལྡན་གྲངས་མེད་དང་། །ད་དུང་གདུལ་བྱ་གང་དག་འཕགས་ནོར་གྱིས། །ཕྱུག་ཕྱིར་དེང་འདིར་ཕྱག་ན་པདྨོ་ཡིས། །ཀུན་ཁྱབ་འཕྲིན་ལས་སྒོ་འཕར་ཡངས་པོར་ཕྱས། །ཚུལ་འདིས་རྒྱལ་བའི་ཆོས་ཚུལ་མཐའ་དག་ལ། །རབ་ཏུ་རྣམ་འབྱེད་ཤེས་རབ་མཚོན་རྣོད་པོས། །ཀུན་གྱི་སྲིད་པའི་འཆིང་རྒྱ་གཅོད་པ་ལ། །ཆེས་ཆེར་དཔའ་བས་ནོར་འཛིན་ཁྱོན་ཁེངས་ཤོག དགའ་བུ་བརྒྱ་ལྡན་ཆབ་སྲིད་ཡར་ཟླར་འགྲན། །མི་མཐུན་དུས་ཀྱི་རྒུད་ཚོགས་རང་སར་ཞི། །དགེ་བཅུའི་ཁྲིམས་བཙན་འགྲོ་ཀུན་བདེ་དགེས་འཚོ། །མཐར་ཐུག་དོན་གཉིས་འབྲས་བཟང་ལྷུན་འགྲུབ་ཤོག །ཅེས་ཀུན་གཟིགས་ལྔ་པ་ཆེན་པོའི་གསུང་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་འདི་ཡང་སྔ་སོར་པར་བསྐྲུན་མཛད་པ། དེང་དུས་འགྲེས་སྐྱོན་ཆེ་བར་བརྟོན་༧གོང་ས་ལྷ་མིའི་རྣམ་འདྲེན་དམ་པ་མཆོག་ནས་མཛོད་འགྲེལ་འདི་བཞིན་པར་གསལ་བཞེངས་བགྱིད་དགོས་ཞེས་བཀའ་བཟང་སྤྱིའི་རྒྱན་དུ་ཕེབས་པར་སྲིད་སྐྱོང་ཡོངས་འཛིན་དེ་མེ་བ་བདག་ནས་ཀྱང་རབ་འགུས་དང་བས་ཁུར་ཨུ་གླངས་ཏེ་གཞུངས་མཆོག་ནས་པར་གསར་བརྐོས་མཛད་སྐབས་ ༧གོངས་ས་མཆོག་གི་བཀའ་དགོངས་ལྟར་པར་བྱང་སྨོན་ཚིགས་སུ་སྨྲས་པ་དགེ་ལེགས་འཕེལ། པར་ཡོན་སྤྲོད་ལེན་མི་ཆོག། །


previousམཛད་བྱང་།no next