Nitartha Digital Library
Tibetan
 
previousཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པ། next

ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པ།


DTG082_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རབ་ཏུ་སྤང་པའི་ཕྱིར་ཆོས་བསྟན་པར་བྱའོ་སྙམ་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དེ་དག་གིས་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་ལ་སྙོམས་པར་གཞོག་ཅིང་རྣམ་པར་ལྡང་བ་ཡང་འདི་ལྟ་སྟེ། ཉན་ཐོས་སམ། རང་སངས་རྒྱས་ཀྱི་སེམས་སམ། སེམས་བསྐྱེད་པ་གཞན་གྱི་གོ་མི་འབྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་འཛིན་པ་མེད་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་


DTG082_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་འཇུག་པ་དེ་དག་གིས་གནས་པ་ན་འདི་སྙམ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་ཆོས་སྟོན་ཏོ་སྙམ་དུ་སེམས་ཤིང་ཡིད་ལ་བྱེད་པ་དེ་དག་ལ་འདོད་པ་དང༌། བཟོད་པ་དང༌། ཉེ་བར་རྟོག་པ་དང༌། རྟོགས་པ་དང༌། ངེས་པར་སེམས་པར་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གིས་རྣམ་པར་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་ཀྱི་དོན་དང༌། ཕན་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱིར། བརྩོན་འགྲུས་མི་གཏོང་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་དང༌། གཟུགས་མེད་པ་ལ་སྙོམས་པར་འཇུག་ཀྱང༌། མི་དམིགས་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་བསམ་གཏན་དང་པོའི་ཡན་ལག་དང༌། བསམ་གཏན་གཉིས་པ་དང༌། གསུམ་པ་དང༌། བཞི་པའི་ཡན་ལག་རྣམས་ལ་མི་རྟག་པའི་རྣམ་པ་དང༌། སྡུག་བསྔལ་བའི་རྣམ་པ་དང༌། བདག་མེད་པའི་རྣམ་པ་དང༌། ཞི་བའི་རྣམ་པ་དང༌། སྟོང་པའི་རྣམ་པ་དང༌། མཚན་མ་མེད་པའི་རྣམ་པ་དང༌། སྨོན་པ་མེད་པའི་རྣམ་པར་རབ་ཏུ་རྟོགས་ཀྱང༌། བསམ་གཏན་དང༌། ཚད་མེད་པ་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་མི་དམིགས་ཤིང་དེ་དག་གིས་རློམ་སེམས་སུ་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཐེག་པ་ཆེན་པོའོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པ་ཡིན་ནོ། །


previousཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པ། next