Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
  expand section
  expand section


 
previousགླེང་གཞི། next

གླེང་གཞི།


GLG020_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་གཞི། གླེང་བར་བྱ་བ་ནི། ལུས་ཅན་མཐའ་དག་གི་འདྲེན་མཆོག་དམ་པ། བསྐལ་བ་བཟང་པོ་འདིའི་སངས་རྒྱས་ཀྱི་སྟོང་གི་ནང་ཚན། དཔལ་ལྡན་སྟོབས་བཅུའི་རྩལ་འཆང་བ་ཟས་གཙང་གི་སྲས་པོ་དེ་ཉིད་ཀྱིས་གདུལ་བྱའི་དབང་པོ་དང་འཚམ་པར་དམ་པའི་ཆོས་ཀྱི་བདུད་རྩིའི་སྒོ་འཕར་བརྒྱ་ཕྲག་ཕྱེ་སྟེ། མངོན་པར་མཐོ་བ་དང་ངེས་པར་ལེགས་པ་བླ་ན་མེད་པའི་གོ་འཕང་གི་སྲོག་འཚོ་བའི་འཇིགས་པའི་སྦྱིན་པ་རླབས་པོ་ཆེ་སྩལ་པའི་ནང་ཚན་གྱི་གཙོ་བོ་ནི་སྤྱི་རྒྱུད་ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམ་ཝཱ་རའི་མེ་ཏོག་ལྟར། །རྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཆོ་ག་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །ཞེས་གསུངས་པ་ལྟར། ཆེས་དཀོན་པ་ནམ་མཁའི་པདྨ་ལྟ་བུ་དང་། དོན་ཆེན་པོ་དང་ལྡན་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་མཚུངས་པ་ནི་ཟབ་མོ་རྡོ་རྗེ་ཐེག་པར་གྲགས་ལ། དེའི་ནང་ནས་ཀྱང་བཤད་རྒྱུད་རྡོ་རྗེ་འཕྲེང་བར། ཨེ་ནི་གསང་བ་མཁའ་དབྱིངས་དང་། །བྷ་ག་ཆོས་འབྱུང་པདྨ་དང་། །ཆོས་དབྱིངས་སེང་གེའི་ཁྲི་དང་ནི། །མཆོག་ཏུ་རྨད་བྱུང་རྗོད་པར་བྱེད། །ཝ་ནི་རྡོ་རྗེ་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་ཆེ། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ལ་སོགས་མཚན། །ཞེས་གསུངས་པའི་ཕྱི་མ་དང་པོའི་སངས་རྒྱས་ནི་རྩ་རྒྱུད་ལས། བྱ་རྒོད་ཕུང་པོའི་རི་ཆེན་པོར། །ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །ཞེས་དང་། མདོར་བསྡུས་(༣བ)


GLG020_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་བཤད་སྦྱར་སྙིང་པོའི་སྣང་བར་ཡང་། ཟླ་བ་བཟང་པོ་གྲོང་དགུ་བཅུ་རྩ་དྲུག་གི་རྒྱལ་པོ་དང་བཅས་པས་ཤམྦྷ་ལ་ནས་འབྲས་སྤུངས་སུ་འོངས་ཏེ་རྒྱུད་གསུང་བའི་དོན་དུ་གསོལ་བ་བཏབ་པར་བཤད་པ་ལྟར། འཕགས་ཡུལ་དབུས་གྱུར་འཆང་བཛྲཱ་ས་ན། བོད་སྐད་དུ་རྡོ་རྗེ་གདན་དུ་གྲགས་པའི་ལྷོ་ཕྱོགས། ཤྲི་དྷ་ན་ཀ་ཊ་ཀ་ཞེས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར། ལས་ལྡན་གྱི་ཆོས་རྒྱལ་ཟླ་བ་བཟང་པོ་ལ་དུས་ཀྱི་འཁོར་ལོའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་བཀའ་སྩལ་པའི་ལུགས་སྲོལ་དེ་ཉིད་བྱང་ཕྱོགས་ཀ་ལཱ་པའི་གྲོང་ཁྱེར་ཆེན་པོར་དར་བའི་རྩ་རྒྱུད་ལས་ཕྱུང་བའི་བསྡུས་རྒྱུད་དང་འགྲེལ་ཆེན་གཉིས་ཙི་ལུ་པ་དང་དུས་ཞབས་པའི་དྲིན་ལས་འཕགས་ཡུལ་དང་། དེ་ནས་རྭ་འབྲོ་ཤོང་གི་མཁྱེན་དཔྱོད་བརྩོན་པའི་བྱེད་པོས་བོད་གངས་ཅན་གྱི་ལྗོངས་འདིར་དར་ཏེ། ཐོས་བསམ་སྒོམ་པས་གཏན་ལ་འབེབས་པའི་རིང་ལུགས་ཆེས་ཆེར་འཕེལ་བར་གྱུར་པའི་ཟབ་མོ་རྡོ་རྗེའི་རྣལ་འབྱོར་འདི་ཉིད་ཚུལ་བཞིན་རྟོགས་པ་ལ་ཕྱི་ནང་གཞན་གསུམ་ཤེས་དགོས་པས། ཕྱི་རོལ་ཤེས་པའི་ཡན་ལག་སྐར་རྩིས་ཀྱི་གཞུང་ལུགས་འདི་ཉིད་མ་ཤེས་ན་སངས་རྒྱས་ཀྱང་ཐོབ་པར་མི་འགྱུར་རོ། །ཅིའི་ཕྱིར་ན། རྒྱལ་པོ་ཤིང་རྟ་ཅན་གྱིས་མ་ག་དྷའི་རྒྱལ་པོ་བྱེད་ཅིང་། སེནྡྷ་པས་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་འཛིན་པའི་ཚེ་དུས་ཞབས་པ་ཆུང་བ་བྱོན་ཏེ། ནཱ་ལནྡཿའི་སྒོ་གོང་ལ་རྣམ་བཅུ་དབང་ལྡན་དང་། དེའི་འོག་ཏུ། གང་གིས་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚམས་ཡང་དག་པར་རྗོད་པ་མི་ཤེས་ཞེས་པ་ནས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བ་སྟེ་འཁོར་བ་པའོ་ཞེས་པའི་བར་བྲིས་པས་སོ། །རྒྱ་ནག་གི་རྩིས་གཞུང་ཡང་འཕགས་པ་འཇམ་དཔལ་དབྱངས་ཀྱིས་རི་བོ་རྩེ་ལྔར་གསུངས་ནས། མ་ཧཱ་ཙི་ནའི་རྒྱལ་ཁམས་སུ་དར་བ་རྒྱ་མོ་བཟའ་ཀོང་ཇོས་ཐོག་མར་བོད་དུ་བསྣམས་(༤ན)


GLG020_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཆོག་དམན་ཀུན་གྱིས་སྤང་བླང་བྱ་བར་མེད་དུ་མི་རུང་བ་སྟེ། སྐར་ནག་རྩིས་ཀྱི་ཚུལ་གཉིས་ལས་བརྩམས་པའི་དྲི་བ་ཚིག་ཉུང་ཞིང་དོན་བརླིང་བ། མཁས་པའི་མགུལ་རྒྱན་དུ་གྲགས་པ་ཞིག་སྔོན་རྗེ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་དུས་དཔལ་ཨཽ་ཌྜི་ཡཱ་ནའི་སློབ་དཔོན་ཆེན་པོའི་པདྨའི་ཟབ་ཆོས་ཀྱི་བཀའ་བབས་སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོར་གྲགས་པའི་ཟུར་འུག་བྱ་ལུང་པའི་རིགས་ལས་ཉེ་བར་སོན་པ་འཁོར་ལོའི་མགོན་པོ་སྔགས་རམ་པ་དཔལ་འབྱོར་འཕྲིན་ལས་རབ་རྒྱས་ཀྱིས་མཛད་སྣང་བ། རིག་སྔགས་འཆང་བ་ཆེན་པོ་ཉིད་ཐོག་མར་སྔགས་རྙིང་མ་བཀའ་གཏེར་ལ་ཐོས་བསམ་སྒོམ་པ་མཐར་ཕྱིན་པར་མ་ཟད། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་རང་ཉིད་འདུ། །དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འདུ། །ཞེས་པ་ལྟར། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག །མཁས་པ་དང་གྲུབ་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ། རྒྱ་ཆེན་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་དཔལ་འབྱོར་ལྷུན་གྲུབ་ཀྱི་སྙན་གྲགས་ཀྱིས་ཐུགས་ཕྲོགས་ཏེ། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྒྲུབ་གནས་སྐྱིད་ཤོད་ཉང་བྲན་ཕ་བོང་ཁར་ཡུན་རིང་པོ་ཞབས་པད་བསྟེན་ནས་གསང་སྔགས་ཕྱི་འགྱུར་དང་ཐ་སྙད་ཀྱི་རིག་གནས་མཐའ་ཡས་པར་སྦྱང་པ་མཛད་དེ། གཙུག་ལག་མང་པོར་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོར་གྱུར་པས། དྲི་ཚིག་གི་དོན་འདི་ལ་སོམ་ཉི་ག་ལ་མངའ་ནའང་། དེང་སང་གི་དུས་འདིར་གདུང་རུས་ཆེ་ཆེ་མོ་དང་། སྐྱེ་བ་མང་པོ་བརྒྱུད་བརྒྱུད་པར་གྲགས་པའི་ཆེད་རློམ་མང་པོ་དང་། ལྔ་བསྡུས་མགྱོགས་རྩིས་གཟའ་འཛིན་གྱི་རི་མོ་བྲེ་གང་རྡེ་དྲུག་གི་ནག་རྩིས་ཙམ་ཤེས་པའི་མངོན་པའི་ང་རྒྱལ་ཅན་དང་། དགུ་མཐའ་ཙམ་ཡང་མི་ཤེས་པའི་དུས་འཁོར་མཁན་པོ་ངོ་མཚར་(༤བ)


GLG020_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ལ་ཅོ་འདྲི་ཤིང་། ལས་དང་པོ་པ་རྣམས་ལ་ཕན་པའི་ཆེད་དུ་མཛད་པར་གོར་མ་ཆག་ལ། རྩིས་རིགས་སྨྲ་བར་ཡིད་གཞུངས་པའི་གཟུར་གནས་ཀྱི་བློ་དང་ལྡན་པའི་དྲིས་ལན་དགོས་ཚུལ་ནན་ཏན་དུ་བྱུང་བ། དྲི་ཚིགས་ཐོག་མར། བླ་མ་དང་དུས་ཀྱི་འཁོར་ལོ་འཇམ་དཔལ་གཞོན་ནུའི་ཞབས་ལ་ལུས་ངག་ཡིད་གསུམ་ཕྱག་འཚལ་ལོ། །ལྷ་བཅས་འགྲོ་བའི་བླ་མ་ཟས་གཙང་སྲས། །དཔལ་ལྡན་བདེ་ཆེན་དུས་ཀྱི་འཁོར་ལོ་དང་། །མཁྱེན་དང་བརྩེ་བའི་བདག་ཉིད་འཇམ་དཔལ་དབྱངས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་གུས་བཏུད་ནས། །གནས་འདིའི་དཀར་ནག་རྩིས་ཀྱི་ལེགས་བཤད་ལ། ཚེ་རབས་སྔོན་ནས་སྦྱངས་པར་ཞལ་བཞེས་པའི། །མཁས་དབང་རྣམས་ལ་དྲི་བ་ཞུ་ཚིག་ལ། ཁོ་བོ་སྦྱངས་པ་ཆུང་ཞིང་བརྩོན་པ་ཞན། །ཤེས་རབ་དམན་པས་རྟོགས་དཀར་གྱུར་པ་ནི། །ཞེས་པའི་དོན་ལྟར་ན་ཚེ་རབས་མང་པོར་མཁས་པ་རིམ་པར་བརྒྱུད་པ། ཁྱད་པར་དུས་འཁོར་སོགས་ལ་སྦྱངས་པའི་སྔོན་གནས་རྗེས་དྲན་ཡོད་པ་ཞིག་འདྲི་བའི་ཡུལ་ཡིན་འདུག་པ། རིགས་པ་ནངས་པར་འཆི་ཡང་བསླབ་། །ཚེ་འདིར་མཁས་པར་མ་གྱུར་ཡང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་པ་ལྟར་ན། རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱི་ཡང་རྩེ་འཕགས་མཆོག་ཀླུ་སྒྲུབ་དང་། ཐམས་ཅད་མཁྱེན་པ་བུ་སྟོན་ལྟ་བུའི་སྐྱེ་བའོ་ཞེས་ཚེ་རབས་སྔོན་མའི་གནས་རྗེས་སུ་དྲན་པར་ཞལ་གྱིས་མཆེས་ཤིང་། མངོན་མཁྱེན་གྲུབ་རྟགས་སོགས་ཀྱང་ཐོག་མེད་དུ་ཡོད་པར་རློམ་པ་རྣམས་གཙུག་ལག་རྒྱ་མཚོར་གཟིགས་པར་དཀའ་བའི་གནས་སུ་མི་འགྱུར་སྙམས་པ་འདུག་ཀྱང་། དུས་སྙིགས་མ་བས་ཀྱང་ཆེས་ཆེར་སྙིགས་པར་གྱུར་བའི་སྐྱོན་ཡིན་ནམ། དམན་པ་སྤྱོད་པ་བཟང་གྱུར་ཀྱང་། །དེ་ནི་བཅོས་(༥ན)


GLG020_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྣམ་ཐར་ཡིན། །ཤེལ་ལ་ནོར་བུས་ཁ་བསྒྱུར་ཀྱང་། །ཆུ་དང་ཕྲད་ན་རང་མདོག་སྟོན། །ཞེས་པའི་དོན་མིན་ལས་ཆེ། །དེ་འདྲའི་རིགས་ཕལ་ཆེར་ནི་ལེགས་བཤད་སྨྲ་བའི་ལྗགས་ཐུང་ངུར་གྱུར་འདུག་པས་ན། ས་ཕྱོགས་དེ་ནས་ཙནྡན་འཁྲུང་རིགས་མིན་འདྲ་བས། ཡོན་ཏན་མེད་པའི་སྐྱེ་བོ་འགའ། །ཡོན་ཏན་ལྡན་ལ་ལྷག་པར་སྡང་། །གངས་ཀྱི་ཡུལ་དུ་དགུན་སྐྱེས་པའི། །ལོ་ཏོག་ལྟས་ངན་ཡིན་ཞེས་སྒྲོག །ཅེས་དང་། བརྒྱ་ཡི་ནང་ན་མཁས་པ་དཀོན། །སྟོང་གི་ནང་ན་དཔའ་བོ་དཀོན། །བརྒྱ་སྟོང་ལས་ཀྱང་ཆེས་དཀོན་པ། །ཚིག་གི་མདུད་འགྲོལ་རེ་རེ་ཙམ། ཞེས་པའི་དོན་དུ་མངོན་ནོ། །རང་ཉིད་ལ་དོགས་གནས་གྱུར་བ་འམ། གཞན་ལ་ཕན་སེམས་ཀྱིས་དྲི་བ་དང་། དཔྱད་པའི་གནད་ནི། །སློབ་དཔོན་ཉི་མ་སྦས་པས། གནམ་བསྐོས་རྒྱལ་པོའི་ཕོ་བྲང་དུ། །པཎ་ཆེན་ལྔ་བརྒྱ་འདུ་བའི་གནས། །ལེགས་བཤད་འཚོལ་དང་འདྲི་བ་དང་། །དཀའ་བའི་དོགས་སེལ་དེ་རུ་གྱིས། །ཞེས་པ་ལྟར་མཁས་པ་མང་པོ་ལ་འདྲི་བར་གསུངས་ནའང་། དུས་དབང་གིས་རིག་པའི་གནས་ལྔ་ཤེས་པའི་མཁས་པ་མང་པོ་གནས་གཅིག་ཏུ་ཚོགས་པ་ལྟ་ཅི་སྨོས། གཉིས་གསུམ་ཚོགས་པའང་དཀའ་བའི་ཕྱིར་ན། མཁས་པ་འཇམ་གསར་བས་རྨི་ལམ་གྱི་དགའ་མའི་དྲི་ལན་དུ། སྐབས་ཤིག་ཚོང་འདུས་ཆེན་པོའི་དུས་སྟོན་བལྟས། །སྐྱེ་བོ་ཕར་འགྲོ་བརྒྱ་དང་ཚུར་འོང་སྟོང་། །བློ་ལྡན་མཁས་པའི་གྲོགས་པོ་ཉིན་སྐར་ཙམ། །ཁོ་བོ་ཙུ་ཏའི་ཡུལ་ན་རྐང་གཉིས་པ། །དེ་ནས་གཞན་ཕོངས་འཇིགས་མེད་སེང་གེའི་སྒྲ། །སྔོན་དུ་བསྒྲགས་པའི་ཆོས་གྲྭ་ཆེན་པོར་སླེབ། །མི་བརྟགས་བཞག་ཚེ་བསོད་ནམས་རྒྱ་མཚོའི་ཞིང་། །བརྟགས་ན་ཆུ་ཤིང་ལྟ་བུའི་སྐྱེ་བོས་གང་། །ཞེས་པའི་དོན་ཐོག་ཏུ་བབས་པའི་དུས་ཚོད་འདིར་བདག་ལྟ་བུས་ཝ་(༥བ)


GLG020_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་སེང་གེར་བརྫུ་བའི་ཟོལ་གྱིས་དྲིས་ལན་ཅུང་ཟད་བགྱིས་པར་དཔྱོད་ལྡན་རྣམས་རྗེས་སུ་ཡི་རང་བར་མི་འགྱུར་བ་མ་ཡིན་ཏེ། ལྷ་མདོངས་ལོ་ཙཱ་བས་བལ་ཡུལ་གྱི་ལམ་ཡིག་ཏུ་འཇམ་དབྱངས་ཕྱག་གིས་སྩལ་བའི་པིར། །གང་གིས་བདེ་བར་འཛིན་པ་ཡི། །སྨན་ཐང་སྤྲུལ་སྐུ་འཇམ་དབྱངས་པས། །ལེགས་བཤད་སིལ་བུའི་གླེང་མོ་མཛད། །སྙོམ་ལས་མྱོས་ཆུས་ངོམས་པ་བདག་ལྟ་ཡིས། །རིག་གནས་མིང་ཙམ་ཡོད་པར་མི་ནུས་ཀྱང་། །ཅུང་ཟད་ཙམ་ལ་ལན་ལྡོན་ཅི་ནུས་ཕུལ། །ཕན་ཚུན་རྗེས་སུ་ཡི་རང་གནས་སུ་གྱུར། །ཅེས་པའི་དོན་དུ་སེམས། །འོན་ཀྱང་ཚེ་རབས་སྔ་མ་ནས་སྦྱངས་པའི་མཁས་པའི་སྐྱེ་བ་ཡིན་ནོ་ཞེས་ཁས་ལེན་ཅིང་དེར་རློམ་པ་ནི་མ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། བསྟན་པའི་མངའ་བདག་མཁན་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་དང་། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་གྱིས་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་སྐྱེ་བ་ཡིན་ནོ་ཞེས་ངོས་འཛིན་པར་གནང་བ་ནི་གཞན་ངོ་ཙམ་ལ་དགོངས་པར་སེམས། རང་ངོས་ནས་སྐྱེ་བ་དྲན་པ་དང་། མངོན་ཤེས་གྲུབ་རྟགས་སོགས་ནི་ལྟ་ཅི་སྨོས། རྨི་ལམ་བཟང་བ་ཙམ་ཡང་འོང་མ་མྱོང་བས། གོང་གི་འདྲི་ཡུལ་གྱི་ཁྲོད་དུ་ཚུད་པར་མ་གྱུར་ཀྱང་། ན་ཚོད་ཆུང་ངུ་ནས་བསྟན་པ་རིན་པོ་ཆེའི་སྒོར་ཞུགས། མཁས་པའི་དབང་ཕྱུག་མང་པོ་དང་མཇལ་ཏེ་ཐོས་བསམ་ཅུང་ཟད་བྱས་པས། བླུན་པོའི་དབུས་ན་དགའ་ཞིང་རྩེ། །མཁས་པའི་དབུས་ན་ཞུམ་ཞིང་བཟུང་། །ནོག་དང་ལྐོག་ཤལ་མེད་ན་ཡང་། །ཡ་སོ་ཅན་གྱི་བ་གླང་ཡིན། ཞེས་པའི་གྲལ་དུ་སྡོད་མ་དགོས་ཙམ་ཡོད་པ་དང་། ཡབ་རྒྱལ་པོ་ཟས་གཙང་གི་གསུང་ལས། ང་ཡི་བུ་ནི་རིགས་དག་དང་། །རུས་ལ་ངོ་མཚར་འཛིན་མ་ཡིན། །ཡོན་ཏན་བདེན་པ་ཆོས་ཀྱི་རྣམས། །དེ་ལ་འདི་ཡི་ཡིད་དགའ་བའོ། །ཞེས་དང་། ལུང་བར་མ་ལས། (༦ན)
མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མི་འགྲོ། །རྩ་བའམ་རྒྱ་སྤོས་ཙནྡན་ཡང་མ་ཡིན། །མཁས་རྣམས་དྲི་ནི་རྫི་ཕྱོགས་མིན་འགྲོ་སྟེ། །སྐྱེས་བུ་དམ་པ་ཕྱོགས་རྣམས་ཀུན་དུ་འགྲོ། །ཞེས་གསུངས་པ་ལྟར། ཐོས་བསམ་གྱི་ཆ་ལ། སྔོན་བྱོན་མཁས་པའི་རྣམ་ཐར་ལ་མིག་ཡར་ལྟའི་ལུགས་སུ་བྱས་ཤིང་། སེམས་ཅན་ལ་སངས་རྒྱས་ཀྱི་མིང་བཏགས་པའི་བླ་ཆེན་གྱི་གོ་སར་གནས་ཀྱང་། དེ་དག་གི་ཁྱུ་ཚོགས་སུ་སྤྱི་འདྲེ་མ་བྱས་པའི་རྒྱུ་མཚན་གྱིས། ལན་ཅུང་ཟད་སྤྲོ་བར་བྱའོ། །


previousགླེང་གཞི། next