Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 expand section
 expand section
collapse section
  
 
  
དྲི་བ་དང་པོ། སྐར་ནག་གཙུག་ལག་འདི་ཉིད་རིག་གནས་ལྔ་པོ་གང་གི་ཁོངས་སུ་གཏོགས་མིན་གྱི་དྲིས་ལན།
  
  
  
 expand section


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousདྲི་བ་དང་པོ། སྐར་ནག་གཙུག་ལག་འདི་ཉིད་རིག་གནས་ལྔ་པོ་གང་གི་ཁོངས་སུ་གཏོགས་མིན་གྱི་དྲིས་ལན།next

དྲི་བ་དང་པོ། སྐར་ནག་གཙུག་ལག་འདི་ཉིད་རིག་གནས་ལྔ་པོ་གང་གི་ཁོངས་སུ་གཏོགས་མིན་གྱི་དྲིས་ལན།


GLG020_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བ་དང་པོ།སྐར་ནག་གཙུག་ལག་འདི་ཉིད་རིག་གནས་ལྔ་པོ་གང་གི་ཁོངས་སུ་གཏོགས་མིན་གྱི་དྲིས་ལན།དེས་ན་དྲི་བ་དང་པོ་ནི། དེ་ཡང་དང་པོ་སྐར་ནག་གཙུག་ལག་འདི། །རིག་པའི་གནས་ལྔའི་ཁོངས་སུ་གཏོགས་དགོས་པས། །བཟོ་དང་གསོ་བ་སྒྲ་ཚད་ནང་དོན་ཏེ། །རིག་གནས་ལྔ་པོ་གང་གི་ཁོངས་སུ་གཏོགས། །དེ་རྣམས་གང་གི་ཁོངས་སུ་གཏོགས་མིན་ན། །ཡན་ལག་རིག་བྱེད་བཞི་ལ་གཏོགས་དགོས་པས། །སྙན་ངག་མཆོད་སྦྱིན་སྲིད་སྲུང་ངེས་རྗོད་ཀྱི། །རིག་བྱེད་བཞི་པོ་གང་གི་ཁོངས་སུ་གཏོགས། །དེར་ཡང་མ་གཏོགས་གཙུག་ལག་ཆོས་འདི་ཉིད། །རིག་གནས་ཁོལ་བུ་ཞིག་ཏུ་ཁས་ལེན་ན། །རིག་པའི་གནས་དྲུག་དག་ཏུ་འགྱུར་བའི་ཕྱིར། །རིག་གནས་ལྔ་རུ་བསྡུས་པ་དོན་མེད་དོ། །ཞེས་པ་ལ། སྤྱིར་མགོན་པོ་བྱམས་པས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་ཅི་སེམས་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། །དེ་ལྟ་བས་ན་གཞན་དག་ཚར་ཅད་རྗེས་གཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་སྨྲ་ངན་ཚར་གཅོད་པ་སྒྲ་ཚད། །བློ་ལྡན་རྗེས་སུ་འཛིན་པ་བཟོ་གསོ། །རང་ཉིད་ཀུན་ཤེས་པར་བྱེད་པ་ནང་རིག་པ་སྟེ། ལྔར་གསུངས་པ་ནི་སྤྱིར་བཏང་ལས་མཐའ་གཅིག་ཏུ་གྲངས་ངེས་སུ་གཟུང་བར་བྱ་མི་ནུས་ཏེ། དེ་ལས་སྤྲོ་བསྡུ་སྣ་(༦བ)


GLG020_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འབྱུང་བར་བསྒྲུབ་ནུས་པས་སོ། །རྒྱུ་མཚན་ཅིའི་ཕྱིར་ན། ཉུང་ངུར་བྱེད་ཚེ་རིག་གནས་ཐམས་ཅད་བཟོ་རིག་པའི་ཁོངས་སུ་བསྡུ་ནུས་ཏེ། བཟོ་རིག་པ་ལ་ལུས་བཟོ་ངག་བཟོ་ཡིད་ཀྱི་བཟོ་དང་གསུམ་དུ་བཤད་པའི་ཕྱིར། ལུས་བཟོ་མཆོག་ནི་བདེ་གཤེགས་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་ཡིན་ལ། དེ་ཡང་། དབྱངས་ཅན་མས་རྗེས་སུ་བཟུང་བའི་དཔལ་ལྡན་བློ་གྲོས་བཟང་པོས། རྒྱལ་བའི་སྐུ་གཟུགས་ཐལ་མོ་བཅུ་པ་ལ། །རྒྱལ་སྲས་རྣམས་ཀྱི་མཐོ་བཅུ་ཞན་པ་དང་། །རྒྱལ་ཡུམ་སོགས་ཀྱི་ཞལ་ཚད་དགུ་པ་དང་། །རྒྱལ་དབང་ཁྲོས་པ་རྣམས་ལ་གདོང་བརྒྱད་དང་། །མིའུ་ཐུང་ལ་ལུས་ཚད་མཐོ་དྲུག་གོ །ཞེས་སོགས་སྐུའི་ཕྱག་ཚད་གསལ་བར་གསུངས་པའི་ཁུངས། དུས་འཁོར་སམ་བུ་ཊི། སྡོམ་འབྱུང་སོགས་རྒྱུད་སྡེ་མང་པོ་དང་། ཤཱ་རིའི་བུས་ཞུས་པ་སོགས་མདོ་ལས་བྱུང་བའི་ཕྱག་ཚད་རྣམས་ཡིན་ཞིང་། མཐོ་ཚད་རེ་རེར་སོར་ཕྱེད་བཅུ་གསུམ་དུ་བཤད་པའི། གཙུག་ཏོར་ནས་གསར་གནས་ཀྱི་བར་ལ་མཐོ་ལྔ། གསང་གནས་ནས་རྟིང་པའི་བར་ལ་སྟེ། བསྡོམས་པས་སོར་བརྒྱ་ཉེར་ལྔར་བཤད་ལ། དེ་ཡང་དུས་འཁོར་གྱི་ལུགས་ལ། སྤྲུལ་སྐུའི་ཆ་ཚད་རགས་པར་སོར་མོ་བརྒྱ་དང་བཅུ་གཉིས་སུ་བཤད་པ་དང་། མདོ་ཕྱོགས་དང་རྒྱུད་སྡེ་འགར་ཡང་། རྡོ་རྗེ་སེམས་དཔའ་བཞེངས་པའི་ཚད། །གདོང་པ་དགུ་ལས་འགྱུར་བ་མེད། ཅེས་གསུངསས་པ་ནི་ཕྲ་རགས་ཀྱི་དབྱེ་བ་དང་མདོ་སྡེ་སྔགས་ཀྱི་ཁྱད་པར་མི་འདྲ་བའི་དབང་དུ་བྱས་པ་ཡིན་ཏེ། ཕར་ཕྱིན་ཐེག་པའི་སྐབས་སུ། ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་མ་ཐག་ཏུ་འཕོ་རླུང་སྟོང་བརྒྱད་བརྒྱ་པ་ཕྲ་རགས་བཅུ་འགགས། ས་བཅུ་པ་དེ་ཉིད་མཐར་ཕྱིན་ཕྱིན་གྱི་བར་དུ། འཕོ་རླུང་སྟོང་བརྒྱད་བརྒྱ་པ་ཕྲག་གཉིས་འགགས་ནས། མདོ་ལུགས་ཀྱི་ལོངས་(༧ན)


GLG020_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་འཐོབ་པར་འདོད་ནའང་། གསང་སྔགས་ལ། ད་དུང་འཕོ་བའི་བག་ཆགས་བེམ་ཆོས་ཕྲ་མོ་སྟོང་བརྒྱད་བརྒྱ་པ་ཕྲག་བཅུ་གཉིས་ལུས་པ། ཀུན་དུ་འོད་ལ་སོགས་པའི་ས་བཅུ་གཉིས་ཀྱིས་སྤོང་ཞིང་། སྤང་བྱ་དེ་ཉིད་ཕར་ཕྱིན་ཐེག་པའི་ལུགས་ཀྱི་རྟོགས་པའི་སངས་རྒྱས་ཀྱི་སྤངས་བྱར་དོན་གྱིས་འགྲོ་བས། དེ་ལྟ་བུའི་སྤང་རྟོགས་ཡོངས་སུ་རྫོགས་པ་ན་ལོངས་སྐུ་འཐོབ་པས། གནད་འདི་ལ་བརྟེན་ནས་ལུས་ཚད་ཆེ་ཆུང་གི་རྣམ་གཞག་འབྱུང་ནའང་། སྔགས་ཀྱི་ཁྱད་འཕགས་ཀྱི་ས་ཀུན་ཏུ་འོད་སོགས་བཅུ་གཅིག་པོ་དུས་ཡུན་རིང་པོར་མི་འགོར་བར་རྫོགས་འགྲོ་བའི་ཕྱིར་ཕྲ་བའི་གནད་དེ་དང་བསྟུན་པའི་ལུས་ཚད་འཇོག་པར་དཀའོ། །ཚུལ་འདི་དག་ལ། གྲགས་པ་དོན་ལྡན་གྱི་མཁས་པ་སྟག་ཚང་ལོ་ཙཱ་བས། མདོ་སྔགས་ཀྱི་ལོངས་སྤྲུལ་ལ་སོར་གྱི་དབྱེ་བར་གསུངས་པ་ནི། གནད་དེ་དག་ལ་དགོངས་པ་ཡིན་གྱི། དེང་སང་ལག་ལེན་གྱི་སྐབས། པིར་ཐོགས་དབང་པོ་སྨན་བླ་དོན་གྲུབ་པས་མཛད་པའི་ཆ་ཚད་གྱི་ཡི་གེ་ཆེན་མོ་དང་། དེའི་རྗེས་འཇུག་དབྱངས་ཅན་ལྷ་མོས་རྗེས་སུ་བཟུང་བ་སྤྲུལ་སྐུ་རིང་མཁར་བ་སོགས་མཁས་པ་རྣམས་ཀྱིས་མཛད་པའི་ཡི་གེ་དང་ཕྱག་ལེན་གྱི་དཀྱུས་སུ། དེ་བཞིན་གཤེགས་པའི་སྐུ་ལ་སོར་བརྒྱ་ཉེར་ལྔ་འབྱུང་བ་དེ་ལས་གཞན་པའི་རིང་ཐུང་གི་དབྱེ་བ་མི་མཛད་ཅིང་། ཞལ་ཚད་བཅུ་དང་། དེ་ལས་ཅུང་ཟད་ཐུང་བའང་། གཙོ་འཁོར་ལྟ་བུ་གཞི་གཅིག་ལ་བརྟེན་པའི་བལྟོས་ས་ལྟོས་འཇོག་དགོས་པར་མངོན་ནོ། །ད་ལྟ་ཡོངས་གྲགས་ཀྱི་ལོངས་སྤྲུལ་ནི། རྡོ་རྗེ་འཆང་ལྟ་བུ་ལོངས་སྐུ་དང་། ཤཱཀྱ་ཐུབ་པ་ལྟ་བུ་སྤྲུལ་སྐུར་ངོས་འཛིན་པ་མང་ཡང་། གསང་སྔགས་ཀྱི་དཀྱིལ་འཁོར་རྟེན་བརྟེན་པ་རྣམས་ནི་གང་ལ་གང་འདུལ་དུ་སོ་སོར་སྤྲུལ་པས་སྤྲུལ་སྐུར་ངོས་འཛིན་དགོས་པས་དྲི་(༧བ)


GLG020_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཟའི་རྒྱལ་པོ་རབ་དགའ་འདུལ་ཕྱིར་དྲི་ཟའི་ཆ་བྱད་དུ་བསྟན་པ་ནི་བཟོ་བོ་སྤྲུལ་སྐུ། འཁོར་ལོས་སྒྱུར་རྒྱལ། ཁྱིའུ། བུ་མོ། གྲུ་ཟམ་སོགས་སུ་སྤྲུལ་པ་ནི་སྐྱེ་བ་སྤྲུལ་སྐུ། བྱང་ཆུབ་མཆོག་མངོན་དུ་མཛད་པའི་ཚུལ་སྟོན་པ་མཆོག་གི་སྤྲུལ་སྐུར་བཤད་པ་ལྟར་རོ། །གསུང་རྟེན་ནི་ཡི་གེ་སྟེ། ཇི་སྐད་དུ། ངོ་བོ་གཟུགས་དང་བྱེད་ལས་དང་། །ངེས་ཚིག་དབྱེ་བསྡུ་རྒྱུ་ཀློག་ཚུལ། །ཞེས་གསུངས་པའི་ཡི་གེའི་ངོ་བོ་ནི། སྤང་ལོ་ཆེན་པོས། བརྗོད་འདོད་དབང་གིས་རླུང་གིས་རླུང་གཡོས་ཤིང་། །དེ་ཡིས་གནས་དང་བྱེད་པ་དང་། །རྩོལ་པ་བསྐྱེད་དེ་དབུགས་འབྱུང་དང་། །ལྷན་ཅིག་ཡི་གེའི་གདངས་རྣམས་སྐྱེ། །ཞེས། གནས་དང་བྱེད་པ་དང་རྩོལ་བ་རྣམས་ལས་ཡི་གེ་འབྱུང་བའི་གཟུགས་ཀྱི་དབྱེ་བ་ནི། ཚངས་པའི་ཡི་གེ་ལཱཉྩ་ན། དེ་དང་ཆ་མཐུན་པ་དྷ་རི། དེའི་མགོ་གྱེན་དུ་བཟེད་པ་ན་ག་ར། དེའི་མགོ་ཐུར་དུ་བཀུག་པ་ཝ་རྟུ་ལ། འདྲ་མིན་ཤས་ཆེ་བ་ཀསྨཱི་ར། གཞན་ཡང་། གཽ་ཌ། ག་འུ་ར། རྒྱ་མཚོ་མཐའི་ཡི་གེ་སིན་དྷུ། བྲུ་ཤ །རྒྱ་དང་བོད་ལ་སོགས་པའི་ཡི་གེའི་གཟུགས་རྣམས་ཡོད་དོ། །མདོ་རྒྱ་ཆེ་རོལ་པར་ཡང་ཚངས་པའི་ཡི་གེ་དང་ཞེས་སོགས་ཡིག་རིགས་དྲུག་ཅུ་རྩ་བཞི་ཙམ་བཤད་དེ། ཚངས་པའི་ཡི་གེ་དང་། ཁ་རོ་ཥྚའི་ཡི་གེ་དང་། པདྨའི་སྙིང་པོའི་ཡི་གེ་དང་། ཨངྒཱའི་ཡི་གེ་དང་། བངྒིའི་ཡི་གེ་དང་། མ་ག་དྷའི་ཡི་གེ་དང་། བཀྲ་ཤིས་པའི་ཡི་གེ་དང་། སོར་གདུམ་གྱི་ཡི་གེ་དང་། ས་ཀཱ་ནཱིའི་ཡི་གེ་དང་། སཱ་དྷ་ནཱིའི་ཡི་གེ་དང་། ཨཱ་ཧུ་བའི་ཡི་གེ་དང་། རྩུབ་མོའི་ཡི་གེ་དང་། འགྲོ་ལྡིང་བའི་ཡི་གེ་དང་། མོན་ཡུལ་གྱི་ཡི་གེ་དང་། ལྷོ་ཕྱོགས་པའི་ཡི་གེ་དང་། དྲག་པོའི་ཡི་གེ་དང་། གྲངས་ཀྱི་ཡི་གེ་དང་། སྤྱིའུ་ཚུགས་ཀྱི་ཡི་གེ་དང་། རྗེས་སུ་མཐུན་པའི་ཡི་གེ་དང་། བྷ་ར་དའི་ཡི་གེ་དང་། ཁྱཱ་སྱའི་ཡི་གེ་དང་། རྒྱ་ནག་གི་ཡི་གེ་དང་། ཧཱུ་ནའི་ཡི་གེ་དང་། དབུས་ཀྱི་ཡི་གེ་དང་།


GLG020_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་གྱི་ཡི་གེ་དང་། ལྷའི་ཡི་གེ་དང་། ཀླུའི་ཡི་གེ་དང་། གནོད་སྦྱིན་གྱི་ཡི་གེ་དང་། དྲི་ཟའི་ཡི་གེ་དང་། མི་འམ་ཅིའི་ཡི་གེ་དང་། ལྟོ་འཕྱེ་ཆེན་པོའི་ཡི་གེ་དང་། ལྷ་མ་མིན་གྱི་ཡི་གེ་དང་། ནམ་མཁའ་ལྡིང་གི་ཡི་གེ་དང་། རི་དྭགས་འཁོར་ལོའི་ཡི་གེ་དང་། བྱ་རོག་སྐད་ཀྱི་ཡི་གེ་དང་། སའི་ལྷའི་ཡི་གེ་དང་། བར་སྣང་གི་ལྷའི་ཡི་གེ་དང་། བྱང་སྒྲ་མི་རྙན་གྱི་ཡི་གེ་དང་། ནུབ་བ་གླང་སྤྱོད་ཀྱི་ཡི་གེ་དང་། ཤར་ལུས་འཕགས་པོའི་ཡི་གེ་དང་། འདེགས་པའི་ཡི་གེ་དང་། བཞག་པའི་ཡི་གེ་དང་། རབ་ཏུ་བཞག་པའི་ཡི་གེ་དང་། རྒྱ་མཚོའི་ཡི་གེ་དང་། རྡོ་རྗེའི་ཡི་གེ་དང་འཕྲིན་ཡིག་རབ་ཏུ་སྤྲིང་པའི་ཡི་གེ་དང་། རྣམ་པར་བཞག་པའི་ཡི་གེ་དང་། ཆུང་ངུ་མ་ཡིན་པའི་ཡི་གེ་དང་། བསྟན་བཅོས་བསྐོར་བའི་ཡི་གེ་དང་། རྩིས་བསྐོར་བའི་ཡི་གེ་དང་། འདེགས་པ་བསྐོར་བའི་ཡི་གེ་དང་། རྐང་པས་བྲིས་པའི་ཡི་གེ་དང་། ཚིག་ཕྱི་མ་གཉིས་གྲུབ་པའི་ཡི་གེ་དང་། ཇི་སྲིད་ཚིག་ཕྱི་མ་བཅུ་གྲུབ་བྱའི་ཡི་གེ་དང་། བར་མ་སྒྲུབ་པའི་ཡི་གེ་དང་། སྒྲ་ཐམས་ཅད་ཀུན་བསྡུས་པའི་ཡི་གེ་དང་། རིག་པ་དང་རྗེས་སུ་མཐུན་པའི་ཡི་གེ་དང་། རྣམ་པར་བསྲེས་པའི་ཡི་གེ་དང་། དྲང་སྲོང་དཀའ་ཐུབ་ཀྱིས་གདུངས་པའི་ཡི་གེ་དང་། གསལ་བའི་ཡི་གེ་དང་། ས་རབ་ཏུ་ལྟ་བའི་ཡི་གེ་དང་། སྨན་ཐམས་ཅད་ཀྱི་རྒྱུ་མཐུན་པའི་ཡི་གེ་དང་། སྙིང་པོ་ཐམས་ཅད་ཀུན་བསྡུས་པའི་ཡི་གེ་རྣམས་ཏེ། ཡི་གེ་དྲུག་ཅུ་རྩ་བཞིའོ། །ཐུགས་ཀྱི་རྟེན་ནི། ཐུབ་དབང་སྐུ་བལྟམས་ཚེ་སེར་སྐྱར་བཀྲ་ཤིས་སྒོ་མང་གི་མཆོད་རྟེན། མ་ག་དྷར་སངས་རྒྱས་ཚེ་བྱང་ཆུབ་མཆོད་རྟེན། ཝ་ར་ནཱ་སིར་ཆོས་བསྟན་ཚེ་བདུད་འདུལ་མཆོད་རྟེན་ནམ་ཆོས་འཁོར་མཆོད་རྟེན། སུམ་ཅུ་རྩ་གསུམ་དུ་ཡུམ་བདེན་པ་ལ་བཀོད་ཚེ་ལྷ་བབས་མཆོད་(༨བ)


GLG020_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན། མཉན་ཡོད་དུ་མུ་སྟེགས་བཏུལ་ཚེ་པདྨ་སྤུངས་པའི་ཆོ་འཕྲུལ་མཆོད་རྟེན། རྒྱལ་པོའི་ཁབ་ཏུ་དགེ་འདུན་གྱི་དབེན་བཟླུམས་པའི་ཚེ་དབྱེན་བཟླུམས་མཆོད་རྟེན། ཡངས་པ་ཅན་དུ་སྐུ་ཚེ་བྱིན་གྱིས་བརླབས་པའི་ཚེ་རྣམ་རྒྱལ་མཆོད་རྟེན། རྩ་མཆོག་གྲོང་དུ་མྱ་ངན་ལས་འདས་ཚེ་མྱང་འདས་མཆོད་རྟེན་ནོ། །མདོར་ན་བློས་སླངས་དང་། དཀྱིལ་འཁོར་དྲི་ཐིག །དུས་འཁོར། མཁའ་འགྲོ་མ་རྡོ་རྗེ་གུར། ཡོ་ག །འཕྲེང་བ་སོགས་ནས་བཤད་པའི་ས་གར། མཆོད་གར། ཞི་ཁྲོ་སྒྱུ་འཁྲུལ། སྒྲུབ་པ་བཀའ་བརྒྱད། དཔལ་ཆེན་ཕུར་པ་སོགས་རྩ་འཆམས། འབྲུབ་འཆམས་ཇི་སྙེད་པ་སྣང་ངོ་། །ལུས་བཟོ་ཕལ་པ་ནི། རྒྱ་མཚོ་ཆེན་པོར་བགྲོད་པའི་གྲུ་གཟིངས་ཆེན་པོ། རྒྱ་གར་བལ་པོ་རྒྱ་ནག་སོགས་ཀྱི་ཆུ་ལ་བགྲོད་པའི་གྲུ་ཆུང་། ཁང་ཁྱིམ། ཁང་བརྩེགས། ཁང་མིག་ལྔ་བརྒྱ་པ། བཟའ་བཏུང་གི་གཡོས། གོས་རྒྱན་གྱི་ཁྱད་པར། གཞན་ཡང་བསྡུས་རྒྱུད་ལས། གཡུལ་དུ་ཕམ་པའི་དགྲ་བོ་དག་ནི་གལ་ཏེ་འཕྲལ་ལ་རྫོང་གི་ནང་དུ་ཞུགས་པར་གྱུར་པ་ན། ཕྱི་རོལ་ཏུ་ནི་འཁྲུལ་འཁོར་བྱ་སྟེ་རྒྱུན་ཆད་མེད་པར་རྡོ་དང་མེ་མདའ་རབ་ཏུ་བབ་པ་དང་། རལ་གྲི་ལ་སོགས་གཅོད་པའི་འཁྲུལ་འཁོར་དག་དང་ས་གཞིའི་གནས་ལ་གུར་དང་གོ་ནི་དབྱེ་བ་ཡིས། དེ་ཡི་རྫོང་ནི་ཕྱེ་མར་བྱས་ཏེ་ཉིན་ཞག་ཅུང་ཟད་དག་གིས་གདུག་པ་དེ་ནི་བསྒྲུབ་པར་བྱ། ཞེས། ངོ་མཚར་བའི་སྦྱོར་བ་ཐང་རྫོང་གཞིག་པ་རྡོའི་འཁྲུལ་འཁོར་ཏེ་མགྱོགས་ཆུ་རྫོང་འཇོམས་པ་གྲུའི་འཁྲུལ་འཁོར། རི་རྫོང་འཇོམས་པ་མེའི་འཁྲུལ་འཁོར། རལ་གྲི་འཁོར་བ་གྲི་གུག་གི་འཁྲུལ་འཁོར། རྩེ་མོ་འབྱེད་པ་རླུང་གི་འཁྲུལ་འཁོར། རྩིག་པ་འཇིག་པ་གུར་གྱི་འཁྲུལ་འཁོར་ཏེ་གོ་ཆ་འཇིགས་པ་ལྕགས་མདའི་འཁྲུལ་འཁོར་རྣམས་དང་། རང་(༩ན)


GLG020_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སྲུང་བ་རལ་གྲིའི་འཁྲུལ་འཁོར། རྒྱལ་རིགས་འཐབ་པ་ཤིང་རྟའི་ཚད། ལྟད་མོ་ལ་འགྲོ་བའི་དོན་དུ་ཁང་བཟང་གི་མཚན་ཉིད། དགའ་སྟོན་གྱི་དོན་དུ་ཁྱོགས་ཀྱི་མཚན་ཉིད་དོ་ལྡུམ་ར་བཅུ་པའི་དོན་དུ་ཆུ་གྱེན་དུ་འདྲེན་པའི་འཁྲུལ་འཁོར་སོགས་དུས་འཁོར་ལས་གསུངས་པ་དང་། ངག་བཟོའི་གཙོ་བོ་ནི། ལོ་ཆེན་རིན་ཆེན་བཟང་པོ་སོགས་ནས་དར་བའི་ཡོ་ག་དང་། གཞན་ཡང་སྔགས་གསར་མའི་ཡི་དམ་ཆོས་སྐྱོངས་ལ་བརྟེན་པའི་གདངས་དབྱངས་དང་། སྔགས་རྙིང་མའི་གྱེར་དབྱངས་ལ། འགྱུར་ཁུག་འདེགས་འཇོག་སྦོམ་ཕྲ་སྟེ་དྲུག་ལྡན་སྙན་བརྗིད་རྔམས་པ་སོགས་མ་འདྲེས་པའི་རིགས་དང་། དཀོན་མཆོག་མཆོད་པའི་ཆེད་དུ་རོལ་མོའི་སྐད་ཀྱི་གདངས་སྣ་ཚོགས་སུ་ཁྲོལ་བ། ངག་བཟོ་ཕལ་པ་ནི། དུས་ཀྱི་དགའ་སྟོན་གྱི་ཚེ་སྐྱེ་བོ་མང་པོའི་དབུས་སུ་གླུ་ལེན་པ། པི་ཝང་སོགས་རྡུང་བ་ཇི་སྙེད་པ། ཡིད་བཟོའི་གཙོ་བོ་ནི། ལུས་ངག་གི་བཟོར་མི་གཏོགས་པའི་གཙུག་ལག་ལ་ཐོས་བསམ་སྒོམ་པ་ཐམས་ཅད་དང་། ཕལ་པ་ནི། ས་གཞི་དང་། རིན་པོ་ཆེ་དང་། ལྗོན་ཤིང་དང་། གོས་དང་། གླང་པོ་ཆེ་དང་། རྟ་དང་། སྐྱེས་པ་དང་། བུད་མེད་བརྟག་པ་སོགས་ཏེ། སེམས་ལྡན་དང་སེམས་མེད་ཀྱི་དཔྱད་དོན་གྱི་རིམ་པ་རྣམས་ཡིན་པས། དོན་དྲིལ་ན། དམན་པའི་ལས་རྫ་བཟོ་ནས་བཟུང་སྟེ། སྙིང་པོའི་མཆོག་ཟབ་མོ་རྡོ་རྗེ་རྣལ་འབྱོར་ལ་བརྟེན་ནས་ཚེ་གཅིག་ལ་འཚང་རྒྱ་བའི་ལམ་སྒྲུབ་པའི་བར་ཐམས་ཅད་བཟོ་རིག་ཏུ་བསྡུ་ནུས་པའི་ཕྱིར་ན། དཔལ་དུས་ཀྱི་འཁོར་ལོ་ནས་གསུངས་པའི། ལྔ་བསྡུས། སྒྲ་གཅན། ལོ་འཕོ། ཟླ་འཕོ། གཟའ་འཛིན། གཟའ་ལྔ། དུས་སྦྱོར། ཞག་གསུམ་གྱི་རྣམ་པར་དབྱེ་བའི་སྐོར་སོགས་སྐར་རྩིས་དང་། དབང་ཕྱུག་ཆེན་པོས་ལྷ་མོ་དབུ་མ་ལ་གསུངས་པའི་(༩ན)


GLG020_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལྟ་བུ་ལ་དབྱངས་གསལ་འཆར་ཚུལ། ཚེ་ཚད། འཆི་བ་བརྟགས་པ། བློན་པོ་ལྟ་བུ་ལ། པདྨའི་འཁོར་ལོ། བུམ་པའི་འཁོར་ལོ། རལ་གྲིའི་འཁོར་ལོ། མདའ་གཞུའི་འཁོར་ལོ་སོགས་བེམ་པོའི་རིགས་དང་། སྦྲུལ་གྱི་འཁོར་ལོ། སྡེ་རྒྱད་ཀྱི་འཁོར་ལོ། འདབས་ཆགས་ཀྱི་འཁོར་ལོ། དགྲ་གཤེད་ཀྱི་འཁོར་ལོ། རུས་སྦལ་གྱི་འཁོར་ལོ། བྱ་ཁྱུང་གི་འཁོར་ལོ་སོགས་སྲོག་ཆགས་ལ་བརྟེན་པ། བག་རྩིས་ཁྱོ་ཤུག་རིགས་གསུམ་སོགས་རང་རིགས་ཀྱི་འཁོར་ལོ། དམག་མི་ལྟ་བུ་ལ་གླང་ཆེན་མཆེ་བའི་འཁོར་ལོ། རྐང་པ་བརྒྱད་པའི་འཁོར་ལོ། རྐང་པ་བརྒྱད་ཅུ་རྩ་གཅིག་པའི་འཁོར་ལོ། རུས་སྦལ་གྱི་འཁོར་ལོ། སེང་གེ་ལྡན་གྱི་འཁོར་ལོ། གདུགས་ཀྱི་འཁོར་ལོ། མཚོན་ཆ་ལྟ་བུ་ལ། སྒྲ་ཅན་རྩ་བའི་འཁོར་ལོ། དཀར་ཕྱོགས་དང་ནག་ཕྱོགས་ཀྱི་ཚེས་ལ་འཆར་བའི་སྒྲ་ཅན་གྱི་འཁོར་ལོ། ཡུད་ཙམ་ར་ཧུའི་འཁོར་ལོ་གཉིས། ཟླ་ཕྱེད་ར་ཧུའི་འཁོར་ལོ། ཐུན་ཆེད་ར་ཧུའི་འཁོར་ལོ། མདུང་རྩེ་བཅུ་གཉིས་ཀྱི་ར་ཧུའི་འཁོར་ལོ། བི་ཥྚིའི་འཁོར་ལོ། ཐུན་འཚམས་བརྒྱད་ཀྱི་ར་ཧུའི་འཁོར་ལོ་སྟེ་ར་ཧུའི་འཁོར་ལོ་བཅུ། ཕྱོགས་མཚམས་གཟའ་བརྒྱད་ཀྱི་འཁོར་ལོ། རྣལ་འབྱོར་མ་བརྒྱད་ཀྱི་འཁོར་ལོ། དུས་སྦྱོར་ཕྱེད་པའི་འཁོར་ལོ། ཐུན་ཕྱེད་ཀྱི་འཁོར་ལོ། བདུད་རྩིའི་ཐུན་མཚམས་ཀྱི་འཁོར་ལོ། རིགས་ལྡན་འཆར་ཚུལ་གྱི་འཁོར་ལོ། བཙུན་མོ་ལྟ་བུ་ལ། ཏཏྐ་ལའི་དུས་སྦྱོར་ལ་འཁོར་ལོ་བརྒྱད་ཅུ་ལྷག་བཅས་འཁོར་གཡོག་ལྟ་བུ་ལ་མིང་སྐར་སྐྱེས་སྐར་འཚོལ་ཐབས། དཀར་པོའི་འཁོར་ལོ་མཛེས་མ་དབང་སྡུད། དམར་པོའི་འཁོར་ལོ་རི་དྭགས་གཤོར་བ། ནག་པོའི་འཁོར་ལོ་དགྲ་བགེགས་སྒྲོལ་བ་སོགས་དཔལ་གཡུལ་ལས་རྣམ་པར་(༡༠ན)


GLG020_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་རྩིས་དང་། འཕགས་པ་འཇམ་དཔལ་གྱིས་ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་ལ་གནང་བའི་ལོ་ཟླ་ཞག་དུས་ཚོད། སྲོག་ལུས་དབང་ཐང་རླུང་རྟ་སྤར་རྨེ་སོགས་རྩིས་གཞིར་བཟུང་ནས། གསོན་རྩིས་ལ་མི་འགྱུར་རྩ་བའི་རྡེའུ་དྲུག །གཅོད་དྲལ་གྱི་རྡེའུ་ཉི་ཤུ་རྩ་གཅིག །རྡེའུ་ཞེ་བདུན་མ་བཅུ་བཞི་མ། བརྒྱད་མ། ནད་རྩིས་ལ། ཐང་ཤིང་གི་རྩིས། ཚེ་རྩིས་ལ། རྒྱ་མ་ཕ། ངག་གི་རྩིས། གཟའ་བཞི་མ་ཀླུང་གི་རྩིས། ལྷ་དཔལ་ཆེ་གསུམ་གྱི་རྩིས། གིང་གོང་གཉེར་སྦྱོར་གྱི་རྩིས། གཤིན་རྩིས་ལ། ཟང་འཁྱམ་རྣམ་གྲངས་མི་འདྲ་བ་བཅུ་གསུམ་སོགས་རྒྱ་ནག་གཙུག་ལག་གི་རྩིས་རྣམས་ཀྱང་གོང་དུ་བཤད་པ་ལྟར་ཡིད་བཟོར་བསྡུ་ནུས་སོ། །འོན་ཀྱང་དེང་སང་རིག་པའི་གནས་ལྔར་ཡོངས་སུ་གྲགས་པ་ལྟར་ན། བཟོ་གསོ་སྒྲ་ཚད་ནང་རིག་ལྔ་པོ་རིག་གནས་ཆེ་བ་ལྔ་ཡིན་པས་འདི་ལྔ་ཤེས་པ་ལ་རྒྱ་གར་འཕགས་པའི་ཡུལ་དུ་མ་ཧཱ་པཎྜི་ཏ་ཞེས་ལྔ་རིག་པ་ཆེན་པོ་འམ་མཁས་པ་ཆེན་པོར་གྲགས་ལ། རང་ཅག་བོད་ཡུལ་འདིར་མཁས་བླུན་དབྱེ་བ་མེད་པས་རིག་གནས་ཕྱོགས་རེ་ཙམ་ཤེས་པ་ལའང་ཐམས་ཅད་མཁྱེན་པ། ཀུན་མཁྱེན། པཎྜི་ཏ། མཁས་པའི་དབང་པོ་སོགས་མིང་སྙན་པོར་འབོད་པ་ནི། བྱ་བ་འགའ་ལ་མཁས་པ་ཡིས། །གཞན་དག་ཤེས་པའི་ངེས་པ་མེད། །ཆུ་ལས་འོ་མ་འབྱེད་ཤེས་པའི། །ངང་པས་གཟུགས་བརྙན་ཟས་སུ་སྒོམ། །ཞེས་པའི་དོན་ལྟར་རོ། །ལྔ་པོ་དེའི་བྱེ་བྲག་པ་སྒྲ་རིག་པ་རྗོད་བྱེད་ཀུན་གྱི་གཞིར་བཟུང་ནས། དེ་ཉིད་ལས་འཕྲོས་པའི་རིག་གནས་ཆུང་བ་ལྔ་ནི། སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས། སྐར་རྩིས་ཤེས་ན་བླང་དོར་(༡༠བ)


GLG020_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་རྨོངས་པས་དོན་དེ་ལ་དགོངས་ནས། འཇིག་རྟེན་གྱི་མིག་གཅིག་པུ་ལོ་ཆེན་ཐམས་ཅད་མཁྱེན་པའི་ཞལ་ནས། སྐར་རྩིས་སྙན་ངག་སྡེབ་སྦྱོར་དང་། །མངོན་རྗོད་ཟློས་གར་འདི་ལྔ་ལ། །རིག་གནས་ལྔ་ཞེས་འཕགས་ཡུལ་ན། །གྲགས་པའི་བ་དན་རླུང་ལྟར་སྒྲོག །ཅེས་སོ། །འཇམ་དབྱངས་ཁ་ཆེ། སྣ་ཐང་པཎ་ཆེན་སཾགྷ་ཤྲཱི། རིན་སྤུངས་ངག་དབང་འཇིགས་གྲགས་སོགས་ཀྱིས་སྒྲ་ཐེ་བའི་རིག་གནས་ཆུང་བ་ལྔར་མཛད་པ། རིག་གནས་བཅུ་ཕྲག་ཏུ་བཤད་པར་དགུ་ལས་མི་འབྱུང་བའི་སྐྱོན་འཇུག་གམ་སྙམ་མོད། །དེ་དག་ནི་གྲགས་པ་དོན་ལྡན་གྱིམ་ཁས་པར་བདའ་བས། བབ་ཅོལ་མིན་པའིཁུངས་ཤིག་ཡོད་ངེས་ཏེ། ཤེས་རབ་ལྡན་པས་ཉེས་པ་དག །སེལ་བར་ནུས་ཀྱི་བླུན་པོས་མིན། །ནམ་མཁའ་ལྡིང་གིས་དུག་ཅན་སྦྲུལ། །གསད་པར་ནུས་ཀྱི་ཁྭ་ཏས་མིན། །ཞེས་པ་ལྟར་རོ། །དེ་ལྟ་བུའི་རིག་གནས་ལྔ་ལ་རིག་པའི་གནས་ཆུང་བ་ལྔའི་ཐ་སྙད་བྱེད་པས། དེ་ལྔ་ཤེས་པ་ལ་ཨལྤ་པཎྜི་ཏ་ཞེས་པཎ་ཆུང་གི་མིང་ངོ་། །མཁས་པ་ཟུར་མཁར་བློ་གྲོས་རྒྱལ་པོས་ཀྱང་། རིག་གནས་བཅུ་ཕྲག་གཅིག་ལ་སྤུངས་པའི་མཐུས། །མཁས་པའི་བྱ་བ་འཆད་རྩོད་རྩོམ་པ་གསུམ། །མཁས་པ་མང་པོ་ཚོགས་པའི་མདུན་སར་ཡང་། །མཁས་རྣམས་ཁྲེལ་བའི་གཏམ་ནི་སྨྲ་མི་མྱོང་། །ཞེས་གསུང་པ་རང་ཉིད་མཁས་པའི་གོ་འཕང་ཐོབ་པ་ལ་བྲོད་ཁ་རྙེད་པའི་གཟེངས་བསྟོད་པར་སྣང་ཡང་། དུས་དེར་སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་བློ་གྲོས་ངོ་མཚར་བྱེ་བའི་གཏེར་མཛོད། དཔལ་ཁང་ལོ་ཙཱ་བ་དབྱངས་ཅན་བསྙེམས་པའི་སྡེ། ལྷ་མདོངས་ལོ་ཙཱ་བ་བཤེས་གཉེན་རྣམ་རྒྱལ། འབྲུག་པ་ལོ་ཙཱ་བ་ངག་དབང་གྲགས་པ་སོགས་མཁས་པ་མང་པོའི་བསྒང་(༡༡ན)


GLG020_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་སྒང་རྒན་འོད་ཟེར་རྒྱལ་མཚན། གྲངས་ཆེན་རབ་འབྱམས་པ་འཇམ་དཔལ་རྡོ་རྗེ། སྐད་གཉིས་སྨྲ་བ་སངས་རྒྱས་དཔལ་བཟང་། སྨོན་འགྲོ་པཎྜི་ཏ་རིག་གནས་རྒྱ་མཚོ་པ་ཚེ་དབང་དོན་གྲུབ་སོགས་མཁས་པ་མང་པོ་ཆུ་གཉེར་ལྟར་གཅིག་རྗེས་གཅོག་ནོན་དུ་འབྱུང་བར་མངོན་དུ་ཕྱོགས་པའི་དུས་སྐབས་བཟང་པོར་སོང་བས་མཁས་པ་མཁས་པའི་དྲུང་ན་མཛེས་པར་སྣང་། དེང་སང་ནི་ཟུར་མཁར་བ་རང་བཞུགས་ཀྱང་། བླུན་པོའི་དྲུང་ན་མཁས་པ་བས། །སྤྲེའུ་འཛིན་པ་ཁྱད་པར་འཕགས། །སྤྲེ་འཛིན་ཟས་དང་ནོར་གྱིས་མཆོད། །མཁས་པ་ལག་པ་སྟོང་པར་འགྲོ། །ཞེས་པའི་དོན་ཐོག་ཏུ་བབས་པའི་དུས་ཀྱི་དབང་ལས་ཏེ། སྔོན་བྱོན་མཁས་པའི་རྗེས་སུ་འཇུག་པའང་ཉིན་སྐར་ལྟ་བུར་གྱུར་ཅིང་། རིག་གནས་བཅུ་ཕྲག་ཕྱོགས་ཙམ་ཤེས་པ་བྱུང་སྲིད་ནའང་ཆོ་ག་ཉམས་པར་བྱེད་པ་རྣམས། ཆོ་ག་ཚང་བར་བྱེད་ལ་བརྙས། །ཙཱུ་ཏའི་ཡུལ་དུ་ཕྱིན་པ་ན། །རྐང་གཉིས་པ་ལ་མིར་མི་རྩི། །ཞེས་པའི་དཔེ་དང་མཚུངས་པར་མངོན་ནོ། །སྤྱིར་རིག་གནས་ཀྱི་དབྱེ་བ་ལ་མདོ་རྒྱུད་དང་མཁས་པས་བཤད་ཚུལ་མང་བས་མཐའ་གཅིག་ཏུ་གྲངས་འདི་ཙམ་མོ་ཞེས་བཟུང་མི་ནུས་ཏེ། འདུལ་བ་ལུང་དུ་བྲམ་ཟེ་རྣམས་ཀྱི་ལས། གསང་སྔགས་ཀྱི་རྒྱུད་དང་། ཆོ་ག་ཞིབ་མོ་དང་། གཏན་ཚིགས་རིགས་པ་དང་། རིག་བྱེད་དང་། བརྡ་སྤྲོད་པ་དང་། སྒྲ་ངེས་པར་སྦྱོར་བ་དང་། ཤེས་གསལ་དང་། ངེས་པའི་ཚིག་དང་། སྡེབ་སྦྱོར་བསྡུས་པ་དང་། སྐར་མའི་རིག་པ་དང་། རྟོག་བྱེད་ཀྱི་རིག་པ་དང་། ཆུར་ལྷུང་གི་རིག་པ་དང་། ཆེར་སྤྱོད་ཀྱི་རིག་པ་དང་། འཇིག་རྟེན་རྒྱང་འཕེན་པའི་རིག་པ་དང་། བྱེ་བྲག་པའི་རིག་པ་དང་། རྒྱུད་དྲུག་ཅུ་པ་དང་། ཁྱུར་མིད་ཀྱི་རིག་པ་དང་། གནས་འདུག་གི་རིག་པ་སྟེ་བཅོ་(༡༡བ)


GLG020_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་གསུངས་པ་ལྟ་བུས་མཚོན་ནུས་སོ། །གཞན་ཡང་སྙན་ངག་མེ་ལོང་དུ། འདི་ལྟར་རྒྱུ་རྩལ་དྲུག་ཅུ་བཞིར། །ཞེས་པ་ལྟར། བཟོ་ལ་སོགས་པར་གཏོགས་པ་སུམ་ཅུ། རོལ་མོའི་བྲེ་བྲག་བཅོ་བརྒྱད། གླུ་དབྱངས་ཀྱི་ངེས་པ་བདུན། གར་གྱི་ཆ་བྱད་དགུའོ། །དང་པོ་བཟོ་ལ་སོགས་པར་གཏོགས་པ་སུམ་ཅུ་ནི། ཡི་གེ །ལག་རྩིས། གྲངས། རྩིས་ཆེན། ཐོད་ཚུགས། གོམ་སྟབས། ལྕགས་ཀྱུས་སྒྱུར་ཐབས། རལ་གྲིའི་ཐབས། ཞགས་པ་གདབ་པ། མདའ་བོ་ཆེ་འཕེན་པ། མདུན་དུ་བསྣུར་བ། ཕྱིར་བསྣུར་བ། གཅད་པ། དྲལ་བ། དབུག་པ། རྒྱང་ནས་འཕོག་པ། སྒྲ་དྲག་པར་འཕོག་པ། གནད་དུ་འཕོག་པ། མི་ཚོར་བར་འཕོག་པ། ཚབས་ཆེ་བར་འཕོག་པ། མཆོངས་པ། གྱད་ཀྱི་འཛིང་སྟངས། བང་རྐྱལ། བརྒལ་བ། གླང་པོ་ཆེའི་གཉར་ཞོན་པ། རྟ་ལ་ཞོན་པ། ཤིང་རྟའི་བཟོ་ཐབས། མདའ་གཞུའི་བཟོ་ཐབས། འགྱེད་སྟོབས་དང་སུམ་ཅུའོ། །རོལ་མོའི་བྱེ་བྲག་བཅོ་བརྒྱད་ནི། །བྲོ། རྔ་བོ་ཆེ། རྫ་རྔ། རྔ་ཕྲན། རྫ་རྔ་ཆེན་པོ། འཁར་རྔ། པི་ཝང་རྒྱུད་གཅིག་པ། རྫ་རྔ་ཁ་གཅིག་པ། ལྕགས་ཀྱི་སིལ་ཁྲོལ། འཁར་བའི་སིལ་འཁྲོལ། པི་ཝང་རྒྱུད་གསུམ་པ། རྔ་མུ་ཀུནྡ། སིལ་སྙན་གླུ་དབྱངས་དང་བསྟུན་པ། ཕེག་རྡོབ་རོལ་མོའི་སྒྲ་པི་ཝང་གླིང་བུ་དང་བཅོ་བརྒྱད་དོ། །གླུ་དབྱངས་ཀྱི་ངེས་པ་མདུན་ནི། བར་མ་པ། དྲང་སྲོང་བ། ས་འཛིན་པ། དྲུག་ལྡན། ལྔ་པ། བློ་གསལ། འཁོར་ཉན་དང་བདུན་ནོ། །གར་གྱི་ཆ་བྱད་དགུ་ནི། སྒེག་པ། དཔའ་བ། མི་སྡུག་པ། དྲག་ཤུལ། བཞད་གད། འཇིགས་རུང་བ། སྙིང་རྗེ། དམ་པ། ཞི་བ་དང་དགུའོ། །གཞན་ཡང་། ཐེབ་ཀྱི་ཤ་ནོན་པ། རྐྱལ་གྱིས་ཆུ་ཆེན་ཆོད་པ། ཡང་རྩལ་བྱ་ལྟ་བུ་སྟེ་ལུས་རྩལ་གསུམ། ལོ་རྒྱུས་ཀྱིས་དགེ་འཐོན་པ། གཏམ་གྱིས་བཞད་གད་འཐོན་པ། གཤགས་ཀྱིས་ཕ་རོལ་གནོན་པ་སྟེ་ངག་གི་རྩལ་གསུམ། མཛངས་ལ་བློ་འགྱུ་བ། དཔའ་ལ་བསྲན་ཚུགས་པ། ཁ་གསལ་ཞིང་(༡༢ན)
གཏིང་མི་རྟོགས་པ་སྟེ་ཡིད་ཀྱི་རྩལ་གསུམ་བཅས་པའི་ཕོ་རྩལ་སྣ་དགུ་དང་། གཏམ་ཡིག་རྩིས་གསུམ། མདའ་རྡོ་མཆོངས་གསུམ། བང་རྐྱལ་སྦེ་གསུམ་སྟེ་ཕོ་རྩེད་སྣ་དགུ་སོགས་རྒྱུ་རྩལ་དང་རིག་གནས་ཀྱི་དབྱེ་བ་ནི་བགྲང་ཡས་པའི་ཕྱིར་མཐའ་དག་སྤྲོ་བར་ག་ལ་ནུས་སོ། །


previousདྲི་བ་དང་པོ། སྐར་ནག་གཙུག་ལག་འདི་ཉིད་རིག་གནས་ལྔ་པོ་གང་གི་ཁོངས་སུ་གཏོགས་མིན་གྱི་དྲིས་ལན།next