Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 expand section
 expand section
collapse section
  
 
  
  
དྲི་བ་གཉིས་པ། ཟླ་བཤོལ་ཇི་ལྟར་འདོན་ལུགས་སོགས་ཀྱི་དྲིས་ལན།
  
  
 expand section


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousདྲི་བ་གཉིས་པ། ཟླ་བཤོལ་ཇི་ལྟར་འདོན་ལུགས་སོགས་ཀྱི་དྲིས་ལན།next

དྲི་བ་གཉིས་པ། ཟླ་བཤོལ་ཇི་ལྟར་འདོན་ལུགས་སོགས་ཀྱི་དྲིས་ལན།


GLG020_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བ་གཉིས་པ།ཟླ་བཤོལ་ཇི་ལྟར་འདོན་ལུགས་སོགས་ཀྱི་དྲིས་ལན།དྲི་བ་གཉིས་པ་ནི། གཉིས་པ་དེང་སང་ཟླ་བཤོལ་འདོན་པ་ལ། །བཞེད་ལུགས་མཚན་མོའི་སྐར་ཚོགས་ལྟར་མང་བའི། །ལ་ལ་དབུགས་ཐོབ་བསྒང་ཚད་གཙོ་ཆེ་ཟེར། །ལ་ལ་ཟླ་དགའ་འབར་བ་ཡིན་ནོ་སྐད། །རྒྱ་ནག་རྩིས་དང་གསོ་དཔྱད་གཞུང་ལུགས་སོགས། །བགྲང་ཡས་དཔག་མེད་བཞེད་ལུགས་འདུག་མོད་ཀྱང་། །དུས་འཁོར་རྒྱུད་ཀྱི་རི་མོའི་ངེས་པ་འདི། །གཙོ་ཆེར་གོ་བས་རེ་ཞིག་བརྟག་པར་བྱ། །དེ་ཡང་ཁྱིམ་ཟླ་འདི་ཡིས་སྟོན་པའི་ཕྱིར། །ཁྱིམ་ཟླ་གནས་གཉིས་བཞག་པའི་འོག་མ་ནི། །ལྷག་པ་འཚོལ་བའི་བཞི་རུ་གསུངས་འདུག་པས། །དབུགས་འདི་ཞག་ཏུ་ལོངས་ཚུལ་ཇི་ལྟར་ཡིན། །དེ་བསགས་ཟླ་བ་ཕྱེད་བཅས་སོ་གཉིས་ནས། །ཟླ་བཤོལ་གཉིས་སུ་ལོངས་པར་ཁས་ལེན་ནམ། །ཟླ་རོས་བགོས་པའི་ལྷག་མ་དེ་ཡིས་ཀྱང་། །གཉིས་སོགས་བྱུང་ན་ཕྱེད་ཟླར་གསུངས་འདུག་པ། །སྔ་མའི་ཕྱེད་དམ་རྗེས་མའི་ཕྱེད་གང་ཡིན། །དེ་ལྟར་དབུགས་སོགས་སྔ་མ་བསགས་པ་ཡིས། །ཕྱི་མ་ཕྱི་མའི་ཟླ་བཤོལ་འབྱུང་འགྱུར་ན། །བཅུ་གཉིས་ལོན་ཚེ་ལོ་བཤོལ་འབྱུང་ངམ་ཅི། །དེ་ལྟར་ཡིན་ན་ཟླ་བཤོལ་འདི་ཉིད་ཀྱང་། །འདོན་པར་རིགས་མི་འགྱུར་ཏེ་དབུགས་སོགས་ཀྱི། །བཤོལ་བསགས་ཞག་ཏུ་ལོངས་ཚེ་དོར་ཟིན་པས། །དེ་བསགས་ཟླ་བཤོལ་འབྱུང་དོན་མེད་པར་འདོད། །འདི་དོན་རྒྱས་པ་ལུང་རིགས་འཐད་ངོས་ནས། །ཐེ་ཚོམ་མེད་པར་མྱུར་དུ་སྩལ་ཏུ་གསོལ། ཁོ་བོ་བླུན་རྨོངས་གནས་སུ་གྱུར་པས་ན། །ལུང་ཡང་བསྡུས་རྒྱུད་རྩ་(༡༢བ)


GLG020_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཁོ་ན་འདོད། །ཅེས་པ་སྤྱིར་ཟླ་བཤོལ་འདི་མདོ་རྒྱུད་ཐ་སྙད་ཀྱི་གཙུག་ལག་མང་པོ་ནས་གསུངས་ལ། དེའང་ཕྲ་མོ་ནས་བརྩིས་ཏེ་ལོ་ཟླ་འཇོག་དགོས་པས། དམ་པའི་ཆོས་འདུལ་བའི་ལུགས་ལ། མཛོད་ལས། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང་། །དྲུག་ཅུ་ལ་ནི་ཐང་གཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུར་འགྱུར། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས། སྐྱེས་བུ་དར་བབ་ཀྱི་སེ་གོལ་གཅིག་པ་ལ་དྲུག་ཅུ་རྩ་བཞིར་ཕྱེ་བའི་གཅིག་ལ་དུས་མཐའི་སྐད་ཅིག་མ། དེ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ། དེ་འདྲ་དྲུག་ཅུ་ལ་ཐང་གཅིག །དེ་སུམ་ཅུ་ལ་ཡུད་ཙམ། དེ་སུམ་ཅུ་ལ་ཉིན་ཞག །དེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བཤད་ཅིང་། འཇིག་རྟེན་ལ་ལོ་རེ་ལ་སྟོན་ཐོག་རེ་ལས་མི་འོང་བས། ལོ་ལེགས་ཉེས་ཞེས་རྗོད་པར་བྱེད་ལ། ལོའི་སྐད་དོད་ཝ་ཎ་ཞེས་པ་ངེས་ཚིག་གིས་བཤད་ན། ཡོངས་བགྲང་། བགྲང་གཞི། རང་སྐྱོབ། འདོར་བྱེད་དུ་གྲགས་པས་འཆི་མེད་མཛོད་ལས། ཡོངས་བགྲང་བགྲང་གཞི་རང་སྐྱོབ་དང་། །འདོར་བྱེད་ཅེས་བྱ་ལོ་ཡི་མིང་། །ཞེས་སོ། །ལོ་དེ་ལ་དུས་ཚིགས་འབྱེད་ཚུལ་མང་དུ་ཡོད་པ་ལས། དགུན་དཔྱིད་དབྱར་གསུམ་བསྡུས་ནས། དུས་ཚིགས་གསུམ་དུ་བཤད་པའི་དགོས་པ་ཕྱག་དར་ཁྲོད་པའི་གོས་དེ་ཁྱིམ་པས་ཟླ་བ་བཞིར་ལོངས་སྤྱད་ནས་འཇོག་ལ། དེ་རྟོགས་པའི་ཕྱིར་གསུངས་པས། དགྲ་བཅོམ་པ་ས་ག་ལྷས་ཟླ་བཞི་ལ་སོགས་ལོངས་སྤྱད་པའི། གོས་དེ་སྡོམ་བརྩོན་གྱིས་རྟོག་ན། ཞེས་སོ། །དུས་ཚིགས་བཞིར་ཕྱེ་བ་ནི། དཔྱིད་དབྱར་སྟོན་དགུན་ཏེ་དུས་བཞིར་འཇིག་རྟེན་ན་གྲགས་པ་དང་མཐུན་པའི་ཆེད་ཡིན་ལ། འོན་ཀྱང་རྒྱ་གར་ན་དབྱར་སྟོན་དགུན་དཔྱིད་ཀྱི་ཐ་སྙད་ཡོད་ཀྱང་། རབ(༡༣ན)


GLG020_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་ཐ་ཆུང་གི་ཐ་སྙད་མེད་པས། རྒྱ་དཔེར་མགོ་ཟླ་བ་ལ་མཱརྒ་ཤིཪྵི་ཞེས་པ་ལས་ར་བའི་སྐད་དོད་མེད་དོ། །དུས་ཚིགས་ལྔར་ཕྱེ་བ་ནི། དབྱར་ཕྱི་མ་ཁས་ལེན་པ་ལ་དབྱར་ཐུང་ངུ་ཤེས་པའི་ཆེད་དེ། རྒྱ་ཆེར་འགྲེལ་ལས། དེ་ནི་ཉིན་ཞག་གཅིག་སྟེ། དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་གོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པས། དབྱར་སྔ་མ་ཁས་མ་བླངས་པ་ཞིག་ལ། ཟླ་བ་བདུན་པར་དབྱར་ཟླ་ཐ་ཆུང་དུ་བྱས་པའི་ཚེས་བཅུ་དྲུག་ལ་དབྱར་ཁས་མ་བླངས་ན་ལོ་གཅིག་བུ་དེར་དབྱར་གནས་མི་འཆགས་པས་ཤི་ཟླ་དང་འདྲ་བའི་ཐ་སྙད་ཀྱང་བཏགས་སོ། །དུས་ཚིགས་དྲུག་ཏུ་ཕྱེ་བ་ནི། ཞག་མི་ཐུབ་ཤེས་པའི་ཆེད་ཡིན་ཏེ། ཚེས་ཞག་ལས་ཡུད་ཙམ་ཕྱེད་ཕྱེད་ཀྱིས་ཉིན་ཞག་རིང་བས། ཟླ་བ་ཕྱེད་དང་གཉིས་ནས་ཞག་མི་ཐུབ་ཀྱི་གསོ་སྦྱོང་འོང་བའི་ཕྱིར། ལོ་དྲི་བ་ལས། རྒྱལ་དང་དབོ་དང་ས་ག་ཅན། །ཆུ་སྟོད་འཁྲུམས་སྨད་སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། །ཞེས་སོ། །དེ་ལ་བརྟེན་ནས་ལོ་རེ་ལ་ཟླ་བ་བཅུ་གཉིས། དེ་རེ་རེ་ཞག་སུམ་ཅུར་བྱས་པའི་ཟླ་བ་བཅུ་གཉིས་པོ་དེས་ཀྱང་མི་ཆོག་གི །ཞག་མི་ཐུབ་ཀྱི་ཞག་དྲུག་དང་བཅས་ཞག་སུམ་བརྒྱ་རེ་དྲུག་རེ་རྫོགས་པའི་དབང་དུ་བཏང་ནས། ལྷག་པར་འགྱུར་བ་དེ་བསགས་པ་ན་ཟླ་བཤོལ་འགྱུར་ཏེ། འདུལ་བ་ལུང་ལས། བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས་པའི་ཚེ་ན་དགེ་སློང་རྣམས་ལ། ལོ་ལྔ་ལྔ་ན་བཤོལ་དོར་ཅིག་བཀའ་སྩལ་པས་དགེ་སློང་རྣམས་ལོ་ལྔ་ན་བཤོལ་འདོར་པར་བྱེད་ཅེས་གསུངས་ལ། རྒྱལ་པོའི་ལུགས་དང་མ་མཐུན་པར་འཕྱ་བ་ན་མདོ་ལས་བློན་པོ་རྣམས་ཡུས་ཏེ། དེ་ལྟར་ན་རྒྱལ་པོའི་གཞུང་བཞིན་དུའང་གྱིས་ཤིག །ཅེས་དང་།(༡༣བ)


GLG020_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་ལས། ཟླ་བའི་བཤོལ་འདོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བས་ཤེས་པར་བྱའོ་ཞེས་གསུངས་སོ། །འོན་ཀྱང་འདུལ་བ་འཛིན་པ་ཕལ་ཆེར་གྱིས་བཤད་པའི་སྐོར་རྣམས་རགས་བརྩིས་སུ་འདུག་པས་དཔྱད་ནས་ཞག་གསུམ་གྱི་རྣམ་དབྱེ་མ་དགོངས་པའི་སྐྱོན་ཅུང་ཟད་ཡོད་པར་སྣང་། མཁས་པ་ལ་ལ། རྟ་བྱ་བྱི་བ་ཡོས་ལ་བཤོལ། །སྟོན་དགུན་དཔྱིད་དབྱར་འབྲིང་པོ་གཉིས། །ཞེས་རྟ་ལོ་ལ་སྟོན་དང་། བྱ་ལོ་དགུན་འབྲིང་བཤོལ་ན་ཟླ་བ་ཉི་ཤུ་རྩ་བརྒྱད་ལ་བཤོལ་འོང་བར་འདུག་པས་རྩིང་པོའི་བློ་ཅན་ཏེ། འདུལ་མངོན་དང་། དུས་འཁོར་གང་གི་རྗེས་སུ་འབྲང་ཡང་ལེགས་པར་མ་མཐོང་ངོ་། །རྒྱ་ནག་གི་ལུགས་ལ། ཀོང་རྩེའི་ཞུ་ལན་དུ། དུག་པ་ཅན་གྱི་ལོ་དག་ལ། །དུག་པ་ཅན་གྱི་ཟླ་བ་གདོན། །ཞེས། སྟག་རི་མོ་མ་ཡལ་བས་ཟླ་གཅིག་ཤོལ། སྦྲུལ་ཤུན་ལྤགས་མ་རྗེས་པས་ཟླ་བ་གཅིག་བཤོལ། སྤྲེའུ་ཤིང་ཐོག་མ་སྨིན་པས་ཟླ་གཅིག་བཤོལ། ཕག་ངུར་སྒྲ་མ་ཡལ་བས་ཟླ་གཅིག་བཤོལ་བར་བཤད་པས། དཔེར་ན་སྟག་གི་ལོ་ལ་སྟག་གི་ཟླ་བ་བཤོལ་བས་མཚོན་ནུས་སོ། །དོན་གྱི་སྙིང་པོ། དུས་འཁོར་དང་དབྱངས་འཆར་སོགས་ཀྱི་དགོངས་པ་སྐར་རྩིས་འདི་རིགས་རྩིས་ལ་མ་བལྟོས་པར་ཕྲ་མོ་ནས་དཔྱད་པའི་རྩིས་ཡིན་པས། མཁས་པ་མགུ་བ་སྐྱེ་བའི་གནས་ཁོ་ནར་སྣང་ཞིང་། དྲི་བའི་སྙིང་པོར་ཡང་འདུག་པས་ཅུང་ཟད་བརྗོད་པར་སེམས་ཀྱང་། རིག་པ་གླེགས་བམ་ནང་གནས་དང་། །མ་བསྒྲུབས་པ་ཡི་གསང་སྔགས་དང་། །བརྗེད་ངས་ཅན་གྱིས་བསླབས་པ་རྣམས། །དགོས་པའི་ཚེ་ན་སླུ་བ་མང་། །ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས། མཁས་པའི་མདུན་སར་ཅི་བརྟོལ་གྱིས། །སྨྲ་བྱེད་དུད་འགྲོའི་གདོལ་ཐབས་ཡིན། །ཉིན་པར་ཨཱུ་ལུ་ཀ་ཡི་སྒྲ། (༡༤ན)


GLG020_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

།ངོ་མཚར་རྩིས་སུ་སུ་ཞིག་བྱེད། །དུད་འགྲོའི་སྐད་གསང་ཕྱུགས་དཀྱིལ་དུ། །འབྱིན་ན་ཤིན་ཏུ་མཛེས་པ་ཡིན། །བློ་ལྡན་སྐྱེ་བོའི་ཁྲོད་ནང་དུ། །འབྱིན་ལ་ངོ་མཚར་སུ་ཞིག་འཛིན། །ཞེས་གསུངས་པ་ལྟར། ཁོ་བོ་བརྩོན་པ་ཆུང་བ་དང་སྦྱངས་པ་ཞན་ལ་ཤེས་རབ་དམན་པས། ཕྲ་མོའི་གནད་འདི་དག་ཚུལ་བཞིན་སྨྲ་བའི་སྤོབས་པ་ཐོབ་པར་མ་གྱུར་ཅིང་། ཁྱད་པར་དུས་འཁོར་མཁན་པོར་རློམ་པ་འགས་གླེགས་བམ་ཆེན་པོ་རྩོམ་པ་ན་ཞིབ་རྩིས་མ་འགྲིག་པས་འབྱོལ་ཐབས་ལྷུར་ལེན་པའི་ཚིག་འདྲི་བ་དང་། རྗེས་འཇུག་གིས་རྐང་རྗེས་ལག་སུབ་བྱེད་པ་མཐོང་ཚེ། བློ་དམན་བདག་འདྲས་དཔྱོད་ལྡན་རྣམས་དགྱེས་པ་སྐྱེད་མི་ནུས་པར་མ་ཟད་བླུན་གཏམ་ཅི་བརྟོལ་དུ་སྨྲས་པར་གྱུར་དོགས་མོད། འོན་ཀྱང་། གང་ཞིག་གསེར་གྱི་རི་ལ་གནས་བཅས་པ། །དེ་ཡི་འདབ་ཆགས་རྣམས་ཀྱང་གསེར་དུ་འགྱུར། །ཞེས་པའི་དཔེ་ལྟར། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། དུས་ཞབས་པ་ཆེན་པོ་ཆོས་ཀྱི་གྲགས་པ། ཐམས་ཅད་མཁྱེན་པ་ནོར་བཟང་རྒྱ་མཚོ། མཁས་པའི་དབང་པོ་ཕུག་པ་ལྷུན་གྲུབ་རྒྱ་མཚོ། དཔལ་མགོན་འཕྲིན་ལས་ཞབས་རྣམས་ཀྱི་ལེགས་བཤད་ལ་ཅུང་ཟད་ཐོས་པ་བྱས་པའི་བྱེད་པོས། མཁས་པ་རྣམས་ཁྲེལ་བའི་གནས་སུ་མི་འགྱུར་ཙམ་ཞིག་གི་རྒྱུ་མཚན་གླེང་ན། ཞིབ་རྩིས་ཚད་ལྡན་ཞིག་བྱེད་པར། ཐམས་ཅད་མཁྱེན་པ་བུ་སྟོན་ཞབས་ཀྱི་མཁས་པ་དགའ་བྱེད་དང་། དུས་ཞབས་པ་ཆེན་པོ་ལྷུན་གྲུབ་རྒྱ་མཚོའི་པད་དཀར་ཞལ་ལུང་ལྟ་བུ་ཞིག་གི་རྒྱུ་མཚན་རྩིས་ལ་སྦྱང་དགོས་ཤིང་། བྱེ་བྲག་བཤོལ་སོགས་ལ་ཞག་གསུམ་གྱི་རྣམ་པར་དབྱེ་བའི་རྣམ་གཞག་ལ་བརྟེན་དགོས་ནའང་། དེང་སང་ནི། རྨིག་རྗེས་སུ་ཆུ་ཡིས་དགང་སླ་སྟེ། །མཛོད་ཆུང་ནོར་གྱིས་དགང་བ་སླ། །ཞིང་ཆུང་ས་བོན་གདབ་སླ་(༡༤བ)


GLG020_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །བློ་ཆུང་རིག་པས་མགུ་བ་སླ། །ཞེས་པ་ལྟར། དུས་འཁོར་ཤེས་པར་ཁས་འཆེ་བ་དགུ་མཐའ་ཙམ་ཡང་སློབ་མ་མྱོང་པའི་མུན་ནག་འདོམ་འཇལ་གྱི་རིགས་མཐའ་ཀླས་ཤིང་། ལྔ་བསྡུས་གཟའ་འཛིན་ཙམ་ཤེས་པས་རྩིས་པ་ཆེན་པོ་སྲིད་སྒྲུབ་གཉིས་པ་ལྟ་བུར་རློམ་པ་མང་ལ། ཞག་གསུམ་རྣམ་དབྱེ་རྣ་བའི་ཁུང་བུར་སོན་པ་ཉུང་བར་སྣང་། རང་ལུགས་པདྨ་དཀར་པོའི་ཞལ་ལུང་གི་དགོངས་པ་གཙོ་བོར་བྱས་ཏེ་བཤད་ན། ལོ་གཅིག་བུ་དེ་མཁའ་དུས་མེས་བསྒྱུར་བས། སུམ་བརྒྱ་དྲུག་བཅུ་བྱུང་བ་དེས་ཁྱིམ་ལོའི་ཞག་གྲངས་བསྟན་པ་ཡིན་ལ། ཁྱིམ་ལོའི་དོན་ཉི་མས་ལུགས་སོགས་ཁྱིམ་བཅུ་གཅིག་ལ་རྫོགས་པར་སྤྱོད་པའི་ཡུན་ཚད་དོ། །བཤད་མ་ཐག་པའི་ཞག་གྲངས་དེ་གནས་གཉིས་སུ་བྱས་པའི་འོག་མ་མིག་གིས་བསྒྱུར། མདའ་རོས་སྟེང་དུ་བགོས་པས་སུམ་བརྒྱ་དོན་གཅིག་བྱུང་བ་དེ་ཚེས་ཞག་གི་གྲངས་ཡིན་ལ། ཟླ་བ་འཕེལ་འགྲིབ་ཀྱི་དབང་གིས་ཚེས་ལོངས་ལ་བརྟེན་ནས་བཞག་པ་ཡིན་ནོ། །ཞལ་ལུང་གི་དགོངས་པ་ལྟར་ཆུ་ཚོད་སོགས་ལག་ལེན་ཞིབ་ཏུ་བྱས་ན། ཚེས་དཀྱིལ་ཆུ་ཚོད་བཞི། ཆུ་སྲང་སོ་དྲུག །དབུགས་ལྔ། ཆ་ཤས་བདུན་ཡོད་པས། དཀྱིལ་འཁོར་སུམ་བརྒྱ་དོན་གཅིག་པོ་མཁའ་རོས་བསྒྱུར། ཆུ་ཚོད་བཅུག །དེ་བཞིན་དུ་རང་རང་འཁོར་ལོས་བསྒྱུར་ལ། ཆ་ཤས་ཀྱི་བང་རིམ་བཞིན་བཅུག །དེ་རི་མཁའ་རིས་བསྒྱུར་བས་ཐེར་འབུམ་ཆེན་པོ་བདུན། ཐེར་འབུམ་གསུམ། དུང་འཕྱུར་དྲུག །བྱེ་བ་དྲུག །ས་ཡ་བརྒྱད། འབུམ་ཕྲག་གཉིས། ཁྲི་ཕྲག་དྲུག །སྟོང་ཕྲག་བརྒྱད། བརྒྱད་བརྒྱ་རྣམས་བྱུང་བ་གནས་གསུམ་དུ་བཞག །འོག་མར་མཁའ་རིས་བགོས། བར་མར་སྦྱིན། དེ་ལ་མཚོ་རོས་བགོས་སྟེ་མར་ཕྲི་བའི་ལྷག་མ་རིམ་པ་བཞིན། རི་མཁའ་རི། འདོད་པ། རོ། མཁའ་རོ། མཁའ་རོ་རྣམས་ཀྱིས་བགོས་ལྷག་སུམ་(༡༥ན)


GLG020_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དྲུག་ཅུ་རྩ་ལྔ་བྱུང་བ་ནི་ཉིན་ཞག་གི་དཀྱིལ་འཁོར་ཏེ། ཆུ་ཚོད་བཅུ་དྲུག །ཆུ་སྲང་བཅུ་བཞི། དབུགས་གཅིག །འདོད་ཆ་བཅུ་གཉིས། རི་མཁའ་རིའི་ཆ་བརྒྱ་ཉེར་གཅིག་ཡོད་དོ། །ཚེས་ཞག་གི་ཡུན་ཚད་ནི། ཟླ་རྐང་ལས་བྱུང་བའི་ལོངས་སྤྱོད་ལ་རག་ལུས་པས། རིམ་པའི་སྔ་རྐང་དུ་རྒྱུན་དང་ཞག་གཉི་ཀ་ལ་ནོར། ཕྱི་རྐང་དུ་རྒྱུན་ལ་ནོར་དང་། ཞག་ལ་བུ་ལོན། རིམ་མིན་གྱི་སྔ་རྐང་དུ་རྒྱུན་དང་ཞག་གཉིས་ཀ་ལ་བུ་ལོན། ཕྱི་རྐང་དུ་རྒྱུན་ལ་བུ་ལོན་དང་ཞག་ལ་ནོར་དུ་འགྲོ་བ་ཡིན་པས་ལོངས་སྤྱོད་དེ་རྣམས་གཟའི་ཆུ་ཚོད་མན་ཆད་དུ་བསྣན་པའི་ཚེ། ཚེས་འཕེལ་དུ་ཆུ་ཚོད་རེ་བཞིའི་བར་དུ་འབྱུང་ཡང་ཚེས་འགྲིབ་དུས་ཆུ་ཚོད་ང་བཞིའི་བར་དུ་འོང་བས། རྐང་པ་ལུགས་འབྱུང་དུ་སྤྱོད་དུས་ཚེས་འཕེལ་པས་ཟླ་བའི་འཕེལ་གྲིབ་བུལ་ལ། རྐང་པ་ལུགས་ལྡོག་གི་དུས་སུ་ཚེས་འགྲིབ་པས་ཟླ་བའི་འཕེལ་འགྲིབ་མགྱོགས་པའི་དོན་གྱིས་ཚེས་ཞག་དེ་རྣམས་ཟླ་བའི་དཀར་ནག་གི་ཆ་རེ་རེ་ནས་འཕེལ་འགྲིབ་བྱེད་པའི་དབང་གིས་བཞག་པའི་ཞག་ཡིན་པས། ཆ་རེ་འཕེལ་བའི་ཡུན་ཚད་ལ་ཡར་ཚེས་རེ་དང་། ཆ་རེ་འགྲིབ་པ་ལ་མར་ངོའི་ཚེས་སུ་བཏགས་པའི་སྒོ་ནས་དེ་ལྟར་བཤད་ཀྱི་ཟླ་བའི་དཀར་ནག་གི་ཆ་ལ། ཆ་བཅོ་ལྔ་ལས་གཞན་དུ་ཆེ་ཆུང་ཡོད་པ་ནི་མིན་ནོ། །ཉིན་ཞག་ནི། ལོ་རེ་ལ་རེས་གཟའ་སུམ་བརྒྱ་ལྔ་བཅུ་རྩ་ལྔ་ཅུང་ལྷག་པར་འགྱུར་པས་བཞག་གྲངས་ཀྱང་དེ་ལྟར་བྱུང་ཞིང་། ཉིན་ཞག་གི་ཡུན་ཚད་ཀྱང་ཚེས་ལོངས་ཀྱི་རི་མོར་ཤར་བ་ལ་མ་ལྟོས་པས། དྲི་མེད་འོད་ལས། ཉིན་ཞག་གི་ཐོག་མ་ནམ་ཕྱེད་ནས་འགོ་བརྩམས་པའི་གཟའི་འཕོ་འཚམས་ཀྱང་གསུང་ལ། ད་ལྟ་འཇིག་རྟེན་གྲགས་ཚོད་དང་བསྟུན་ནས། ནམ་ལངས་དུས་སུ་དུས་རྒྱུན་དུ་འཕོ་བའོ། །དྲི་མེད་འོད་ཀྱིས་ཉིན་ནས་མཚན་ཕྱེད་ཀྱི་བར་ཉིན་དང་(༡༥བ)


GLG020_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མར་མཚན་མོའི་ཐ་སྙད་མཛད་པར་ལོ་ཆེན་ནམ་མཁའ་བཟང་པོས། མངོན་པར་འབྱུང་བའི་མདོ་ལས། གཞོན་ནུས་བླ་ན་དེ་ཐོས་པ་དང་ཉི་མ་དེ་ཉིད་ལ་གྲགས་འཛིན་མ་ལའང་ཁྱིའུ་ཞིག་བཙས་སོ། །བདུད་རྩི་ཟས་ལའང་ཁྱིའུ་ཞིག་བཙས་སོ། །དེ་ཉིད་ཀྱི་ཉིན་མོ་ཟླ་བའང་སྒྲ་ཅན་གྱིས་ཟིན་ཏོ། །ཞེས་པར། དུས་དེར་ཕྱི་རོལ་པའི་ལུགས་ཀྱི་རྩིས་ལས་མེད་པའི་ཁུངས་དང་བཅས་ཏེ་འབྲུ་གཉེར་བ་དང་། ཆོས་རྗེ་མཁས་གྲུབ་དགེ་ལེགས་པས། ཉིན་མོ་ཞེས་པ་མཚན་མོར་འདོན་པ་བསྒྱུར་བར་མཛད་པ་སོགས་སྨྲ་བོ་ཐམས་ཅད་ཉིན་མ་བདུན་ཉིན་མཚན་གཉིས་ཀྱི་ཟླས་ཕྱེད་པའི་ཉིན་མོ་ལས་འོད་མི་སྙམས་གསུང་བར་སྣང་མོད། འཁྲུལ་མེད་ཀྱི་དུས་ཞབས་པ་ལྷུན་གྲུབ་རྒྱ་མཚོས། དེ་ཉིད་ཀྱི་ཞགས་ཟླ་བ་སྒྲ་གཅན་གྱིས་འཛིན་པའི་དོན་དུ་གསུངས་པ་ནི་སྔོན་མེད་ཀྱི་ལེགས་བཤད་དེ། སྔ་མ་ཚོ་ལྟར་ན་ཉིན་ཞག་གི་ནང་དུ་མཚན་མོ་མི་འདུ་བར་ཁས་ལེན་དགོས་པར་དོན་གྱིས་སོང་བས་མཁས་པར་རློམ་པ་རྣམས་ཀྱང་ཞག་གསུམ་རྣམ་དབྱེ་ལ་སྦྱང་འཚལ། ཁྱིམ་ཞག་ནི་ཉི་མས་ཁྱིམ་རེ་རེར་སྤྱོད་པའི་ཡུན་ཚད་དེ་སུམ་ཅུར་བགོས་པའི་ཞག་སུམ་བརྒྱ་དྲུག་ཅུ་སྟེ། དཔེར་ན་ཉི་མ་ལུག་གི་ཁྱིམ་དུ་ཞུགས་ནས་གླང་ཁྱིམ་དུ་འཕོ་བའི་བར་ལ་རགས་རྩིས་སུ་ཚེས་ཞག་སུམ་ཅུ་རྩ་གཅིག་འབྱུང་བར་མངོན་ཡང་། ཞིབ་ཏུ་བརྩིས་ན་ཚེས་ཞག་སུམ་ཅུའི་སྟེང་དུ་ཆུ་ཚོད་གཅིག །ཆུ་སྲང་ལྔ་བཅུ། དབུགས་བཞི། འདོད་ཆ་བརྒྱད་རྫོགས་ནས་ཁྱིམ་འཕོས་པ་ན་ཚེས་ཞག་སུམ་བརྒྱ་དོན་གཅིག་དང་འགྲིག་གོ །ཉིན་ཞག་ནི། ནམ་ལངས་ནས་ནམ་ལངས་བར་ལ་ངོས་བཟུང་སྟེ། རེས་གཟའ་ཚེས་ཀྱི་ཆུ་ཚོད་ལ་མ་ལྟོས་པར། གཟའ་ནི་ནམ་ལངས་ནས་ནམ་ལངས་ཀྱི་བར་དུ་འཕོ་ཞེས་པ་ལྟ་བུ་དང་། ཚེས་ཞག་ནི་ངེས་པ་མེད་པར། ཚེས་ཀྱི་ཆུ་ཚོད་འཕེལ་དུས་ཆུ་ཚོད་དྲུག་(༡༦ན)


GLG020_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་རྩ་བཞི་ཙམ་འབྱུང་བའི་སྐབས་ཡོད་ནའང་འགྲིབ་དུས་ཆུ་ཚོད་ལྔ་བཅུ་རྩ་བཞི་ཙམ་ལས་མི་འོང་པས་ཟླ་བའི་ཆ་བཅོ་ལྔ་པོ་འཕེལ་འགྲིབ་ལ་ལྟོས་པས་ན་ཕལ་ཆེར་ནམ་མ་ལངས་གོང་ནས་རྫོགས་པ་མང་བས། དཔེར་ན་ཆོས་ཀྱི་དུས་ལོངས་ལ། ཆུ་ཚོད་ང་དགུ། ཆུ་སྲང་གསུམ། དབུགས་བཞི། ཆ་ཤས་བཅུ་དྲུག །ཉིན་ཞག་གི་དུས་ལོངས་ལ་ཆུ་ཚོད་དྲུག་ཅུ། ཁྱིམ་ཞག་གི་དུས་ལོངས་ལ། ཆུ་ཚོད་དྲུག་ཅུ། ཆུ་སྲང་ང་གཉིས། དབུགས་བཞི། ཆ་ཤས་བརྒྱ་རེ་བརྒྱད་འབྱུང་བ་ཡིན་པའི་ཕྱིར་ན། ཚེས་ཞག་གིས་ཉིན་ཞག་གི་དོད་མི་ཐུབ། ཉིན་ཞག་གིས་ཁྱིམ་ཞག་གི་དོད་མི་ཐུབ་པ་ལ། དེ་ཡང་ཟླ་བར་མ་ལོངས་པར་ཉིན་ཞག་ཤུགས་ཆེ་བས་མཁས་རྨོངས་ཀུན་ལ་ནམ་ལངས་ནས་ནམ་ལངས་ཀྱི་བར་ཉིན་ཞག་ཏུ་སོང་ཞིང་། ཟླ་བར་ལོངས་ན། ཚེས་ཞག་ཤུགས་ཆེ་བས་ཉིན་ཞག་སུམ་ཅུ་སོང་མ་སོང་ལ་མ་ལྟོས་པར། ཟླ་བ་ཉ་བ་ནས་ཉ་བའི་བར་ལ་ཟླ་བ་ལོངས་བར་ངོས་འཛིན། ལོ་རུ་ལོངས་ན་ཁྱིམ་ཞག་ཤུགས་ཆེ་བས། དོན་གྱིས་ལོ་གཅིག་ལ་ཁྱིམ་ཞག་སུམ་བརྒྱ་དང་དྲུག་ཅུ་ལས་མེད་པས་སོ། །ཚུལ་དེ་ལྟར་མཁས་པ་ཡོངས་ལ་གྲགས་ཀྱང་། ཞག་གསུམ་གྱི་རྣམ་པར་དབྱེ་བའི་དོན་ལ་ཞིབ་ཏུ་དཔྱད་ཚེ་ཞག་གསུམ་ཀྱི་ལྔ་བསྡུས་མི་འདྲ་བ་རི་མོས་གཏན་ལ་འབེབས་ནུས་ནའང་ལུགས་གཞན་གཉིས་ཀྱི་ལག་ལེན་བྱས་པས། རིགས་པའི་རྣམ་གྲངས་ཙམ་ལས་དགོངས་དོན་ལྷག་པོ་མི་འབྱུང་བའི་ཕྱིར་ན། ད་ལྟའི་ལག་རྩིས་སུ་བྱེད་པ་འདི་དག་སྔོན་གྱི་མཁས་པ་རྣམས་ཀྱིས་ཚེས་ཞག་གི་ལྔ་བསྡུས་སུ་མཛད་པ་ཡིན་པས། རེས་གཟའ་ཚེས་ལོངས་ལ་ལྟོས་བར་ལུང་རིགས་ཀྱིས་སྒྲུབ་ནུས་ཤིང་། སྨོན་འགྲོ་པཎྜི་ཏ་དང་གཙང་འདར་སྟོད་ཀྱི་རིག་བྱེད་པ་དགྲ་འདུལ་དོན་གྲུབ་རྡོ་རྗེ་སོགས་མཁས་པ་མང་པོ་ཞལ་མཐུན་པར་སྣང་ངོ་། །འོན་ཀྱང་(༡༦བ)


GLG020_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་ལག་ལེན་དུ་བྱེད་མཁན་ཤིན་ཏུ་ཉུང་བས་ཕྱོགས་འདི་ལ་རོ་འཛིན་གཡོ་བར་ནུས་པའི་མཁས་པ་རྣམས་ཀྱིས་ལེགས་བཤད་ཀྱིས་ཟུར་བརྒྱན་པར་འཚལ་ལོ། །འཇིག་རྟེན་ན་ཡོངས་སུ་གྲགས་པའི་ལོ་གཅིག་ལ་ཞག་སུམ་བརྒྱ་དྲུག་ཅུར་བཤད་པའང་སྤྱིར་བཏང་སྟེ། ཚེས་ལོངས་ཐུང་བ་རྣམས་བསྟུད་མར་བྱུང་ཚེ། ཚེས་ཞག་གི་ཆུ་ཚོད་ང་བཞི་ཙམ་དེས། ཉིན་ཞག་དྲུག་ཅུ་མ་ཐུབ་པར། ཉིན་གཅིག་པུ་དེར་ཚེས་སྔ་མའི་ཆུ་ཚོད་ནས་ཀྱང་གཅིག་གཉིས་མར་འཕྱུགས། ཕྱི་མའི་ཆུ་ཚོད་ནས་ཀྱང་གཉིས་གསུམ་ཡར་འཕྱུགས་པས་ན་ཚེས་ཞག་གསུམ་གྱི་ངོ་མཐོང་བས་ཆུ་ཚོད་བར་པ་ལྔ་བཅུ་ང་བཞི་ཙམ་པ་དེ་དོན་དུ་མི་ཆད་ཀྱང་། དངོས་བསྟན་ལ་ད་ནངས་སྔ་གྲོ་ནི་ཁོ་མ་སླེབ། སང་སྔ་དྲོ་ནི་ཁོ་རྫོགས་ཟིན་པས་མ་མཐོང་ངོ་། །དཔེར་ན་ཚེས་གཅིག་ལ་གཟའ་ཉི་མར་ཆུ་ཚོད་གཉིས། ཚེས་གཉིས་ལ་ཉི་མ་བལྡབས་ནས་ཆུ་ཚོད་ང་བརྒྱད་ཙམ་འདུག་ན་ཚེས་གཅིག་གི་ཚེས་ལོངས་ང་བརྒྱད་གནམ་སྟོང་ལ་རྫོགས་ཟིན། ཚེས་གཉིས་ནས་ཚེས་ལོངས་གཉིས་ཙམ་ལས་ཚེས་གཅིག་ལ་དངོས་སུ་མ་ཕན་པས་ཚེས་གཅིག་གི་ཞག་ནང་དེར་ཆུ་ཚོད་ང་བཞི་ཡོད་པའི་ཚེས་གཅིག་རྫོགས་པ་དོན་གྱིས་འཐོབ་ཅིང་དངོས་བསྟན་ཚེས་གཅིག་ཆད་ཀྱང་དོན་ལ་ཚེས་གཉིས་ཆད་པར་ངོས་འཛིན་པ་ལྟ་བུའོ། །དོན་དྲིལ་ན་བཤད་མ་ཐག་པས་དཔེར་མཚོན་ཏེ། སྔ་ཚེས་ཀྱི་གཟའ་ཉི་མས་བདག་བྱས་པའི་ཉིན་ཞག་དེ་ལ་ཚེས་ལོངས་བཞི་ལས་ལྷག་པ་མ་བྱུང་ལ། ཕྱི་ཚེས་ལ་གཟའ་གསར་པའི་ངོ་མ་མཐོང་ཞིང་ཚེས་ཞག་འོག་མའི་ངོའང་མཐོང་བས་ཚེས་གཉིས་ཀྱི་ཚེས་ལོངས་རྣམས་ཚེས་གཅིག་གི་ཁོངས་སུ་བསྡུ་དགོས་ཤིང་། མ་བསྡུས་ན་ཚེས་ལོངས་བཞི་ལས་མེད་པའི་ཚེས་ཞག་གཅིག་ཁས་ལེན་དགོས་པར་འགྱུར་ལ། དེ་ལྟ་བུ་མི་སྲིད་པས་སོ། །ཚེས་ལྷག་པའི་དུས་ཚེས་ལོངས་དྲུག་ཅུ་རྩ་བཞི་ཙམ་པ་མང་བ་བསྟུད་(༡༧ན)


GLG020_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཉིན་ཞག་གི་ཚེས་ཞག་མ་ཐུབ་པར། ཚེས་ལོངས་དྲུག་ཅུ་རྩ་བཞི་པོའི་དྲུག་ཅུས་ཉིན་ཞག་རྫོགས་ནས་ལྷག་མ་བཞི་པོས། ཉི་མ་སྔ་ཕྱི་གཉིས་ཀར་ཆུ་ཚོད་གཉིས་རེ་ཙམ་དོན་གྱིས་ཐོབ་པས་ན་ཚེས་ཞག་གཅིག་ལ་ཉིན་ཞག་གསུམ་གྱི་དོན་མེད་པས། དཔེར་ན་ཚེས་གཅིག་ལ་རེས་གཟའ་ཉི་མ་ལ་ཚུ་ཚོད་ང་བརྒྱད། རྐང་པའི་ལོངས་སྤྱོད་རྣམས་ནོར་གྱི་དབང་གིས་ཚུ་ཚོད་འཁོར་ལོར་ལོངས་པས་གཟའ་མཆོངས་ཏེ་ཚེས་གཉིས་ལ་རེས་གཟའ་མིག་དམར་ལ་ཚུ་ཚོད་གསུམ་ཙམ་ཡོད་ན། ཚེས་གཅིག་གི་ལོངས་སྤྱོད་ཀྱི་སྟེང་ནས་ཆུ་ཚོད་གཉིས་ཡར་འཚངས་ཏེ་གནམ་གང་གི་ངོ་ཐོང་། ཆུ་ཚོད་གསུམ་བཞི་ཙམ་ཚེས་གཉིས་ཀྱི་སྔ་དྲོ་བསྡད་པས་ཚེས་ལོངས་དྲུག་ཅུ་རེ་བཞི་ཡོད་པའི་ཚེས་དེ་སྔ་དྲོ་ལན་གཉིས་བྱུང་བས་ཚེས་གཉིས་ལྷག་པོར་འདོན་པ་ལྟ་བུའོ། །དོན་དྲིལ་ན་སྔ་ཚེས་ཀྱི་གཟའི་ཆུ་ཚོད་ང་བརྒྱད་ལོངས་སྤྱོད་རྒྱུ་ཡོད་པའི་སྟེང་དུ། ཕྱི་ཚེས་ཀྱི་ལོངས་སྤྱོད་བདུན་ཡང་བྱུང་བས་ན་ཚེས་ཞག་གཅིག་ལ་ཆུ་ཚོད་བརྒྱ་དང་བཅོ་ལྔ་ཙམ་ཁས་ལེན་དགོས་ཤིང་། དེ་འདྲ་མི་སྲིད་པས་ཕྱི་ཚེས་ཀྱི་ཁོངས་ནས་ཚེས་ལྷག་པོར་བཏོན་པ་ཡིན་ནོ། །ཆད་ལྷག་གི་སྐབས་ཚེས་ཞག་གཅིག་གིས་ཉིན་ཞག་གསུམ་གྱི་ངོ་མཐོང་བ་དང་། ཉིན་ཞག་གཅིག་གིས་ཚེས་ཞག་གསུམ་གྱི་ངོ་མཐོང་བའི་ཁྱབ་པ་རྣམ་པ་ཀུན་ཏུ་ཁས་ལེན་མི་དགོས་ཏེ། པད་དཀར་ཞལ་ལུང་དུ། ཉིན་ཞག་གཅིག་གིས་ཚེས་ཞག་གསུམ་གྱི་ངོ་མཐོང་བའམ། མ་མཐོང་ཡང་འདྲའོ། །ཉིན་ཞག་གཅིག་གིས་ཚེས་ཞག་རིལ་པོ་གཅིག་དང་། ཚེས་ཞག་འོག་མའི་ཡང་ངོ་མཐོང་བ་ནམ་བྱུང་བའི་ཚེ། ཆད་པར་སྣང་བ་འབྱུང་ལ། ཞེས་སོགས་གསུངས་པས་མཚོན་ནོ། །དོན་ལ་ཆད་ལྷག་བྱུང་བ་ནི་མིན་ཏེ། ཆད་པའི་ཚེ་ཚེས་བཅོ་ལྔ་ལ་ཟླ་བའི་ཆ་མ་རྫོགས་པར་ནག་ཁྱུར་པའང་མེད་ཅིང་། ལྷག་པའི(༡༧བ)


GLG020_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཟླ་བའི་ཆ་ཟླུམ་པོ་ལ་ཕྱོགས་གཅིག་འབུར་མོར་ཡང་མི་འབྱུང་བས་སོ། །དེ་ལྟར་ཚེས་ཞག་དང་ཉིན་ཞག་གཉིས་ཕན་ཚུན་གཅིག་གིས་གཅིག་གི་དོད་མ་ཐུབ་པར་ལོ་རེ་ལ་ཚེས་ཆད་པ་བཅུ་གཉིས་ཙམ་དང་ལྷག་པ་དྲུག་ཙམ་བྱུང་བ། ཆད་ལྷག་ཕན་ཚུན་མགོ་བསྡེབས་པའི་ལྷག་མ་རྣམས་ཀྱི་ནུས་པས། འཇིག་རྟེན་ཡོངས་གྲགས་ཀྱི་ལོ་གཅིག་ཉིན་ཞག་སུམ་བརྒྱ་དང་ང་བཞི་ལས་མི་འོང་བ་མངོན་སུམ་གྱིས་གྲུབ་པས། ཆད་ལྷག་འབྱུང་བ་ཟླ་བའི་འཕེལ་གྲིབ་ལ་བརྟེན་ནས་ཚེས་ཞག་གི་ནུས་པ་ཡིན་པ་རྒྱུ་མཚན་དུ་བྱས་ཏེ། ཉིན་ཞག་ལ་ཆད་ལྷག་གཏན་ནས་མ་བརྩིས་ན་ལོར་ལོངས་པའི་ཚེ་ཚེས་བཅོ་ལྔར་སླེབ་དུས་ཚེས་བརྒྱད་དགུ་ཙམ་གྱི་མིང་འདོགས་དགོས་པ་རྒན་མོ་ཞིག་གིས་ཆད་ལྷག་མ་བརྩིས་པས་ཉེར་དགུ་ལ་བཅོ་ལྔའི་ཟླ་བ་ཤར་པའི་དཔེ་འདིར་འོང་ངོ་། །རྒྱུ་མཚན་དེས་ན་ཚེས་ཞག་སུམ་བརྒྱ་དོན་གཅིག་གི་སྟེང་ནས་ཚེས་ཟླ་བཅུ་གཉིས་ལ་སུམ་བརྒྱ་དྲུག་ཅུར་ལོངས་པའི་ཚེ། ལྷག་མ་ཚེས་ཞག་དང་ཁྱིམ་ཞག་གི་བར་ཁྱད་ཀྱི་ནུས་པས་ཐོན་པ་ཚེས་ཞག་བཅུ་གཅིག་ཚུ་ཚོད་བཞི། ཆུ་སྲང་སོ་དྲུག །དབུགས་ལྔ། འདོད་ཆ་བདུན་རྣམས་ལུས་ཤིང་། བ་ལང་རྫི་ཡན་གྱིས་ཤེས་པའི་ཉིན་ཞག་སུམ་བརྒྱ་རེ་ལྔའི་སྟེང་ནས་ཚེས་ཞག་དང་ཉིན་ཞག་གི་བར་ཁྱད། ཆུ་སྲང་ང་བདུན། དབུགས་གཅིག །འདོད་ཆ་བཞི། ཆ་ཤས་སུམ་བརྒྱ་རེ་དྲུག་བྱུང་བ་ལ་བརྟེན་ནས། ཞག་མི་ཐུབ་ཚེས་ཞག་ལྔ་རྗེས་འབྲང་དང་བཅས་པའི་དབང་གིས། ཞག་སུམ་བརྒྱ་ང་ལྔ། ཆུ་ཚོད་བཅུ་གཅིག །ཆུ་སྲང་སོ་བདུན། དབུགས་གཉིས། འདོད་ཆ་ལྔ། ཆ་ཤས་བརྒྱ་ཉེར་གཅིག་ལས་མི་འགྲོ་ལ། ལྷག་མ་ཉིན་ཞག་ལྔ་རྗེས་འབྲང་དང་བཅས་པ་དང་ཚེས་དཀྱིལ་དང་ཉི་དཀྱིལ་གྱི་བར་ཁྱད། ཚེས་ཞག་ལྔ། ཆུ་ཚོད་ཞེ་བརྒྱད། ཆུ་སྲང་ཉེར་གཉིས། དབུགས་གསུམ། འདོད་ཆ་བདུན། (༡༨ན)


GLG020_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རི་མཁའ་རིའི་ཆ་ལྔ་བརྒྱ་གྱ་དྲུག་དང་བཅས་པ་མི་རྫོགས་ཤིང་། ཚེས་ཞག་ལྷག་པོ་བཅུ་གཅིག་རྗེས་འབྲང་དང་བཅས་པའི་ལྷག་པོ་བཅུ་གཅིག་དང་དོད་སྙོམས་པའི་ཉིན་ཞག་གི་དབང་དུ་བྱས་ཏེ་རྩི་ན། དྲུག་ཅུ་རེ་ལྔ་པའི་ལྔ་པོ་དང་། བར་ཁྱད་ཉིན་ཞག་དུ་བཏང་བའི་ཞག་ལྔ། ཆུ་ཚོད་ཞེ་གཉིས། ཆུ་སྲང་ང་ལྔ། དབུགས་གསུམ། འདོད་ཆ་གཉིས། རི་མཁའ་རིའི་ཆ་ལྔ་བརྒྱ་དང་ཉེར་གཅིག །རི་རོའི་ཆ་ལྔ་བཅུ་ང་དྲུག་རྣམས་འབྱུང་། དྲུག་ཅུ་རེ་ལྔའི་ལྔ་རྗེས་འབྲང་དང་བཅས་པ་དང་བར་ཁྱད་བཏོན་པའི་ལྔ་རྗེས་འབྲང་དང་བཅས་པ་བསྡོམས་པས་ཉིན་ཞག་བཅུ། ཆུ་ཚོད་ང་དགུ །ཆུ་སྲང་དགུ །དབུགས་ལྔ། འདོད་ཆ་གཅིག །རི་མཁའ་རིའི་ཆ་དྲུག་བརྒྱ་ཞེ་གཉིས། རི་རོའི་ཆ་ང་དྲུག་རྣམས་འོང་ངོ་། ཁྱིམ་ཞག་གི་སུམ་བརྒྱ་དྲུག་ཅུ་ནས་ཁྱིམ་ཞག་གི་དབང་དུ་བཏང་བའི་ཞག་བཅུ། ཆུ་ཚོད་ཞེ་བཞི། ཆུ་སྲང་ཞེ་དྲུག །དབུགས་གསུམ། འདོད་ཆ་ལྔ། རི་མཁའ་རིའི་ཆ་ཤས་བཅུ་དྲུག་མ་རྫོགས་པས་དོན་གྱིས་ལོ་རྫོགས་པ་ལ་ཁྱིམ་ཞག་རྫོགས་དགོས་སོ། །རྗེ་འཕྲིན་ལས་པས་འབྲས་རྩིས་རིན་ཆེན་འཕྲེང་བར། ཉི་ཚེས་དུས་ཚོད་ལ་དབང་བའི། །ས་བདག་འབྲས་བུ་བསྟན་པ་ཡི། །ཞེས་པ་ལྟར་ན། ད་ལྟ་ཉིན་ཞག་རེ་ལ་དབང་བར་ཁས་ལེན་པའི་ས་བདག་རྣམས་ཚེས་ལོངས་ལ་ལྟོས་དགོས་མི་དགོས་དཔྱད་པར་མ་བཟོད་པས་བློ་ལྡན་གྱིས་ནག་རྩིས་ཀྱི་ཁུངས་མ་རྣམས་ལ་ཞིབ་ཏུ་བལྟས་ཏེ་མཐའ་ཆོད་པ་བྱ་བར་རིགས་སོ། །མཁས་བླུན་མང་པོས་ཆད་ཚེ་སྔ་མ་ཆད། ལྷག་ཚེ་ཕྱི་མ་ལྷག་པར་བཤད་པ་ནི་ལུང་རིགས་ཀྱི་སྒྲུབ་བྱེད་ག་ལ་ཡོད། ཞལ་ལུང་དུ། ལྟ་བ་འོག་མ་མངོན་པར་ཞེན་པའི་ཁྲིགས་ངེས་རྣམ་པ་ཐམས་ཅད་དགོས་པའི་འཐད་པ་མི་སྣང་ལ། འོན་ཀྱང་ཐ་སྙད་སྐྱོང་བདེ་བ་ལ་ཚུལ་འདི་མི་ལེགས་(༡༨བ)


GLG020_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རྒྱུ་མཚན་ནི་གོང་དུ་བཤད་པའི་རང་ལུགས་ཀྱིས་ཤེས་སོ། །ཞེས་པ་ལྟར། ཆུ་ཚོད་མང་བའི་ཚེས་འཆད་ཅིང་ཉུང་བའི་ཚེས་ལྷག་པ་ནི་ལེགས་ལ། ཁྱད་པར་རྩིས་སྐར་ནག་སྒོ་བསྟུན་པའི་ཚེ་ཆད་ལྷག་གི་སྔ་ཕྱིའི་དུས་ངེས་ཅན་དུ་མ་བྱུང་ན་ས་བདག་འཕྱུགས་པའི་ཉེས་པ་འབྱུང་བར་མངོན་ནོ། །མཁས་པ་དག་གིས་གཟའ་འདས་པར་གསུངས་པ་དང་། ལ་ལ་དག་འདས་པ་དང་མ་འདས་པའི་ཆ་སྣ་ཚོགས་ཡོང་པར་འཆད་པ་ལ། ལུགས་ཕྱི་མ་ནི་མི་འཐད་པར་རྟོགས་པ་སླ་བ་ལུགས་སྔ་མ་ལ་དུས་བཞི་ཆེན་པོའི་རྗེས་སུ་དཔྱིད་འབྲིང་གནམ་སྟོང་གི་རྩིས་བྱས་པར། གཟའ་ཉི་ཤུ་རྩ་དགུ་དང་ཆུ་ཚོད་སུམ་ཅུ་སོགས་བཤད་པས་གཟའ་ཉེར་དགུ་པ་དེ་འདས་ནས་དངོས་བསྟན་གཟའ་སུམ་ཅུ་པར་ཁས་མ་བླངས་ན། ལོ་གཅིག་ལ་གཟའ་སུམ་བརྒྱ་དྲུག་ཅུ་རྩ་ལྔ་མི་འབྱུང་བའི་སྐྱོན་ཡོད་པའི་གནོད་བྱེད་དང་། ཐིག་ལ་ཤར་བ་ན་གཟའི་འཁོར་ལོ་ལོངས་ནས་དོར་པ་མ་ཡིན་པར་ཐལ་ཏེ། ད་དུང་གཟའ་སྤེན་པ་ཡོད་པའི་ཕྱིར་རོ། །ཞེས་དང་། དེར་མ་ཟད་སྟོང་གཟུགས་མ་ཡིན་པའི་མངོན་སུམ་གྱིས་གྲུབ་པ། ནས་ཁལ་གཅིག་དང་བྲེ་བཅོ་ལྔ་ལྟ་བུར། ཁལ་གཅིག་པུ་དེ་འདས་ཟིན་ནས་བྲེ་བཅོ་ལྔའི་སྟེང་དུ་བྲེ་ལྔ་བསྣན་ན་ཁལ་གཉིས་པར་འགྱུར་པའི་རིགས་པ་སོགས་རྣམ་གྲངས་མང་ནའང་། དོན་གྱི་སྙིང་པོ་གཟའ་ད་ལྟར་བར་ཁས་ལེན་དགོས་ཏེ། གཅིག་ཤར་ན་ཉི་མར་ཁས་ལེན་དགོས་པས་སོ། །རྒྱུ་མཚན། འགྲེལ་ཆེན་ལས། དྲིས་པའི་དབྱངས་ཀྱི་སྐབས་སུ། བདུན་གྱི་ཆའི་ལྷག་མ་ནི་གཟའི་ཆ་ལྷག་མ་སྟེ། ཟླ་བ་སྟེ་གཟའ་གཅིག་པ་ལ་གནས་པ་དང་། མེ་སྟེ་གཟའ་གསུམ་པ་ལ་གནས་པ་དང་། མདའ་སྟེ་གཟའ་ལྔ་པ་ལ་གནས་པ་དང་། རི་བོ་སྟེ་གཟའ་བདུན་པ་ལ་ལྷག་མ་གནས་པར་གྱུར་ན་མི་རྣམས་ལ་གྲུབ་པ་ཡོད་པ་མ་ཡིན་ཏེ། ཉི་མ་དང་། བཀྲ་ཤིས་དང་། ཕུར་བུ་(༡༩ན)


GLG020_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྤེན་པ་སྟེ་མི་མཉམ་པ་རྣམས་ལའོ། །མིག་སྟེ་གཟའ་གཉིས་པ་དང་། རིག་བྱེད་དེ་གཟའ་བཞི་པ་དང་། རོ་སྟེ་དྲུག་པ་ལ་བྱ་བ་འགྲུབ་པར་གྱུར་རོ་ཤིན་ཏུ་མཉམ་པའི་གནས་སུ་གྱུར་པ་ཟླ་བ་དང་། གཟའ་ལག་པ་དང་། པ་ཝ་སངས་རྣམས་ལ་ལྷག་མ་གནས་པར་གྱུར་ནའོ། །ཞེས། བདུན་གྱིས་བགོས་པའི་ལྷག་མ་གཅིག་ཉི་མ་ཡིན་པ་སོགས་རྡོ་རྗེའི་ཚིག་འདི་ལ་ཀླན་ཀ་མི་འཇུག་པས་སོ། །གཞན་ཡང་ད་ལྟ་ལྔ་བསྡུས་ལ་གཟའ་སྐར་ཉི་མ་སྦྱོར་བྱེད་ཅེས་ཡན་ལག་ལྔར་བཤད་པའི་ཡན་ལག་གཅིག་མ་ཚང་བའི་སྐྱོན་དུ་གྱུར་ཏེ། དངོས་སུ་ཤར་བའི་གཟའ་དེ་འདས་ཟིན་པས་གཟའ་མ་ཚང་བའི་སྐྱོན་ཡོད་དོ། །བཤོལ་གྱི་རྣམ་གཞག་ལ། དབུགས་བཤོལ། ཞག་བཤོལ། ཟླ་བཤོལ། ལོ་བཤོལ་སོགས་རིགས་པས་དཔྱད་ན་རྣམས་གྲངས་མང་པོར་འགྱུར། འགྱུར་ཚུལ་འཇིག་རྟེན་ཁམས་ལེར། སྟོང་ཕྲག་ཉི་ཤུ་རྩ་གཅིག་རོ་བརྒྱ་ལྡན་པ་དག་ལས་སོ་ཡི་ཆ་ཡིས་ངེས་པར་ཕྱུང་གྱུར་པ། ལུས་ལ་དབུགས་ལྷག་གང་དག་ཉིན་ཞག་སོ་སོའི་དུས་སུ་འབྱུང་བ་རི་དང་དུས་རྣམས་དག་གི་གྲངས། སྟོང་ཕྲག་སུམ་ཅུ་རྩ་དྲུག་དག་གིས་བསྒྱུར་བ་རྣམས་ཀྱང་ལོ་བརྒྱའི་ཚད་དུ་རབ་ཏུ་གྲགས་པ་སྟེ། སྟོང་དུས་མེ་ཡིས་རབ་ཏུ་ཕྱེ་བ་རྣམས་ནི་ཆུ་ཚོད་དུ་འགྱུར་དྲུག་ཅུའི་ཆ་ཡིས་ཉིན་ཞག་ཀྱང་། ཞེས་རྒྱུར་ཚིག་གིས་བཤོལ་གྱི་རྣམ་གཞག་འདི་ཙམ་ལས་གཞན་གསལ་བར་བསྟན་པ་མེད་ཅིང་། རྗེ་འཕྲིན་ལས་ཞབས་ཀྱིས། དབུགས་འབྱུང་འདུག་དང་བར་མ་སྟེ། དེ་ལ་དབུགས་གཅིག་ཅེས་གྲགས་པའི། ཞེས་པ་ལྟར། དབུགས་འབྱུང་འཇུག་གནས་གསུམ་དུ་བྱས་པའི་དབུགས་སུམ་ཅུ་ན་རགས་རྩིས་ཀྱི་དབུགས་བཤོལ་འཐོོན། སུམ་ཅུ་སོ་གཉིས་ན་འབྲིང་པོར་བརྩིས་པའི་བཤོལ་འཐོན། ཕྱེད་བཅས་སོ་གཉིས་ན་ཤིན་ཏུ་ཞིབ་པའི་བཤོལ་འཐོན་(༡༩བ)


GLG020_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ལ། ལ་ལ་རགས་པ་ཟླ་བའི་ཡེ་ཤེས་ཀྱི་ཆ། འབྲིང་ཉི་མའི་ཡེ་ཤེས་ཀྱི་ཆ། ཕྲ་བ་སྒྲ་གཅན་གྱི་ཡེ་ཤེས་ཀྱི་ཆར་འདོད། འགའ་ཞིག་ཟླ་བ་རང་ལ་རགས་འབྲིང་ཕྲ་གསུམ་གྱི་ཡེ་ཤེས་ཀྱི་ཆར་བཤད་པའང་བྱེད་དོ། །རྒྱུད་ཀྱི་སྐབས་འདིར་སྟོང་ཕྲག་ཉི་ཤུ་ལ་ཁྲི་ཚོ་གཉིས། རྩ་གཅིག་གི་གཅིག་པུས་སྟོང་ཕྲག་གཅིགརོ་བརྒྱས་དྲུག་བརྒྱ་བསྟན་པས་ཞག་གཅིག་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བྱུང་བ་ལ། སོ་ནི་སུམ་ཅུ་རྩ་གཉིས་ཀྱི་མངོན་རྗོད་ཡིན་པས། རགས་འབྲིང་ཞིབ་གསུམ་གྱི་ནང་ནས་འབྲིང་པོའི་དབང་དུ་བཏང་བ་ཡིན། དེ་བཞིན་དུ། ཞག །ཟླ་བ། ལོ་རྣམས་ལ་ཕྲ་རགས་ཀྱི་དབང་གིས་སུམ་ཅུ་དང་། སོ་གཉིས་དང་། ཕྱེད་སོ་གཉིས་ཀྱི་རྣམ་གཞག་བྱར་ཡོད་པ་ལས་དབུགས་བཤོལ་བཏོན་ན་ཧ་ཅང་ཐག་ཉེ་གྲགས། ཞག་བཤོལ་ནི་ཆད་ལྷག་གི་དབང་གིས་ཇི་བཞིན་འདོན་པར་མི་ནུས། ལོ་བཤོལ་ནི་ཐག་ཧ་ཅང་རིངས་པས་ཉེས་པ་དུ་མ་འབྱུང་བའི་ཕྱིར་རིང་ཐུང་འཚམ་པ་ཟླ་བ་ལ་བཤོལ་མཛད་པ་ཡིན་ནོ། །དེ་ཡང་། ཚེས་ཞག་སུམ་ཅུའི་དུས་ཉི་མས་ཁྱིམ་ནས་འཕོ་མ་ནུས་པའི་དབང་གིས་ཚེས་ཟླ་ཕྱེད་བཅས་སོ་གསུམ་ནས་བཤོལ་དགོས་ཏེ། འགྲེལ་ཆེན་ལས། འདིར་ཟླ་བ་ཕྱེད་དང་བཅས་པའི་སུམ་ཅུ་གཉིས་ན་ལྷག་པའི་ཟླ་བར་འགྱུར་ཏེ། གནམ་སྟོང་ལ་ཉི་མའི་འཕོ་བ་མེད་པའི་ཕྱིར་རོ། །དེས་ན་ལོངས་སྤྱོད་པར་མི་འགྱུར་རོ། །ཞེས་འབྱུང་ལ། དེ་ཡང་ཕྱི་རུ་ཟླ་བ་ཕྱེད་དང་སོ་གསུམ། ནང་དུ་འཕོ་རླུང་སུམ་ཅུ་སོ་ཕྱེད་དང་གསུམ་གསུམ་ན་ཡེ་ཤེས་ཀྱི་རླུང་རེ་རེ་ཡོད་པས་འཕོ་རླུང་སྟེང་ནས་ཆད་པ་བསགས་པའི་རྒྱུ་མཚན་གྱིས་ཀྱང་ཤེས་དགོས་སོ། །ཆ་ཤས་དང་འདོད་ཆ་ལ་གྲངས་མང་ཉུང་མཐའ་གཅིག་ཏུ་ངེས་པ་མེད་པས་ན། བཅུ་གསུམ་དང་། རི་མཁའ་རི་དང་། རི་རོ་དང་། བུ་མཁའ་མིག་བུག་ཡིད་སོགས་འཁོར་ལོ་ཤིན་ཏུ་རྣམ་གྲངས་མང་བས། རྩིས་གསར་བ་རྣམས་འཁོར་ལོའི་(༢༠ན)


GLG020_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་ཆ་ཤས་ལ་མང་ཉུང་ཡོད་དམ་སྙམ་པའི་ཐེ་ཚོམ་གྱི་དྲ་བར་ཚུད་ནའང་། འདི་ལ་ཉིན་ཞག་མང་པོར་བསམ་བློ་བཏང་བའི་དཀའ་ཐུབ་ཀྱི་ངལ་བ་སྟེན་མི་དགོས་ཏེ། དཔེར་ན། ནད་ཀྱི་ཕུང་པོ་གཅིག་འཇལ་བྱེད་ཀྱི་བྲེ་འབོ་སྣ་ཚོགས་ཡོད་པ་ལྟ་བུའོ། །འོན་ཀྱང་། རི་མཁའ་རིས་བསྒྱུར་བའི་ཆ་ཤས་བཅུ་བཞི་ལྟ་བུས་བགོས་པ་ནི་མིན་ནོ། །དེ་ལྟར་གཟའ་ལྟ་བུ་མཚོན་ན། ཞག་གཅིག་ལ་ཆ་ཤས་བྱེ་བ་གཅིག །ས་ཡ་ལྔ། འབུམ་ཚོ་གཉིས། །ཁྲི་ཚོ་བདུན། སྟོང་དང་ཉིས་བརྒྱ་ཡོད་པ་དེ་རི་མཁའ་རིའི་འཁོར་ལོའི་ངོ་སྐལ་གྱི་ཐོབ་ནོར་རེར་དབུགས་གཅིག །དབུགས་དྲུག་ཏུ་ལོངས་པ་ན་ཆུ་སྲང་གཅིག །ཆུ་སྲང་དྲུག་ཅུར་ལོངས་པ་ན་ཆུ་ཚོད་གཅིག །ཆུ་ཚོད་དྲུག་ཅུ་ལོངས་པ་ན་ཞག་གཅིག །ཞག་སུམ་ཅུར་ལོངས་པ་ན་ཟླ་བ་གཅིག །ཟླ་བ་བཅུ་གཉིས་སུ་ལོངས་པ་ན་ལོ་གཅིག །དེ་ལྟ་བུའི་ལོ་ཇི་ཙམ་རིགས་པ་འདས་ལོར་བཞག་ནས་ཟླ་དག་སྒྲུབ་དགོས་པས། ཁམས་ལེ། མེ་མཁའ་རྒྱ་མཚོ་རྣམས་ལ་རབ་བྱུང་ལ་སོགས་འདས་པ་རྣམས་བསྲེས་ཀླ་ཀློའི་ལོ་ནི་རབ་ཏུ་གྲུབ། ཀླ་ཀློའིདབང་པོའི་ལོ་ནི་ལག་པ་གདངས་ཅན་ཟླ་བས་དམན་པའི་ལྷག་མ་དག་ཀྱང་ཉི་མས་བསྒྱུར། ནག་པ་ལ་སོགས་ཟླ་བ་བསྲེས་ཏེ་འོག་ཏུ་དུས་ཀྱིས་བསྒྱུར་བ་མཁའ་མེ་ཟླ་བས་རྣམ་པར་དབྱེ། རྙེད་པ་སྟེང་དུ་བསྲེས་པ་དག་ནི་མི་ཡི་བདག་པོ་ཟླ་བའི་ཚོགས་པ་རྣམ་པར་དག་པར་འགྱུར། ཞེས་བྱུང་བས། མེ་མཁའ་རྒྱ་མཚོ་ལ་འདས་ལོ་འཆོལ་པའམ། ཡང་ན། རབ་བྱུང་རེ་རེ་ཞེས་རྩིས་གཞི་སྤོ་བ་སོགས་གང་བྱེད་ཀྱང་འདས་ལོ་དེ་གནས་གཉིས་སུ་བཞག་པའི་གོང་མ་ཉི་མས་བསྒྱུར་ཏེ་ཟླ་བར་གསིལ་བ་དེ་ལ། མཁས་རློམ་འགའ་ཞིག་གིས། ཟླ་བའི་ཚོགས་དེ་ཚེས་ཟླ་ཡིན་ཞེས་སྨྲ་བ་ནི་ཤིན་ཏུ་མི་རིགས་ཏེ། ཚེས་ཞག་ལ་ཚེས་ཞག་གིས་བཤོལ་འདོན་མི་(༢༠བ)


GLG020_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པའི་ཕྱིར་ན། གནས་གཉིས་སུ་བཞག་པའི་འོག་མའི་ཆོ་ག་རྣམས་བྱེད་མི་དགོས་པར་འགྱུར་རོ། །ཟེར་རྒྱུས་ཕོངས་པ་གཅིག་གིས། འདས་ཟླ་དེ་ལ་ཁྱིམ་ཟླ་དང་ཚེས་ཟླ་ཅི་རིགས་སུ་ཡོད་ཟེར་བ་ནི། གླང་ལ་མཛུབ་མོ་བཙུགས་ནས་འདི་ལ་བ་དང་གླང་ཅི་རིགས་སུ་ཡོད་ཟེར་བ་དང་ཁྱད་པར་ཅི་ཡོད། མཁས་གྲུབ་ཊིཀ་ཆེན་དུ། དེ་དག་ཁྱིམ་ཟླ་དང་ཚེས་ཟླ་གང་ཡང་མིན་གྱི། སོ་སོར་མ་ཕྱེ་བའི་ཟླ་བའི་ཕུང་པོ་ཡིན་ནོ། །ཞེས་དམ་བཅའ་བ་ནི། ནས་ཕུང་ལ་འདི་ནི་ནས་དང་རྩམ་པ་གང་ཡང་མ་ཡིན་གྱི། སོ་སོར་མ་ཕྱེ་བའི་ཟས་ཀྱི་ཕུང་པོ་ཡིན་ནོ་ཟེར་བ་དང་འདྲ་བས། མཆོག་འདི་ལ་བྱང་པའི་མཁས་པ་རྣམས་དགའ་བ་བསྐྱེད་པའི་གནས་མ་ཡིན་ནོ། །དེས་ན་བཤད་མ་ཐག་པའི་ཟླ་བ་དེ་ཁྱིམ་ཟླའི་ཕུང་པོ་ཡིན་ལ། བགོས་བྱེད་ཕྱེད་བཅས་སོ་གཉིས་པོ་སྲིད་པའི་དོན་དུ་བཞིས་བསྒྱུར་ནས་མཁའ་མེ་ཟླ་བར་བཏང་། དེ་དང་གཤེད་མཚུངས་པར་བྱ་བའི་ཕྱིར་ཁྱིམ་ལོ་རྣམས་གནས་གཉིས་སུ་བཞག་པའི་འོག་མ་བཞིས་བསྒྱུར་སྟེ། བརྒྱ་སུམ་ཅུས་བགོས་པའི་ཐོབ་ནོར་རྣམས་ནི་སྔར་རྩིས་གཞི་སྤོས་པ་ནས་བཟུང་སྟེ་ཟླ་བཤོལ་བྱུང་བའི་གྲངས་ཡིན་ལ། དེ་གནས་སྟེང་མར་བྱིན་པས་ཁྱིམ་ཟླ་དེ་ཚེས་ཟླར་སོང་བ་ཡིན་ནོ། །ད་ལྟ་ལག་རྩིས་སུ། འོག་མ་མིག་བསྒྱུར་རྩིས་འཕྲོས་བརྒྱན། །མདའ་རོས་ཐོག་པ་སྟེང་དུ་སྦྱིན། །ཞེས་པ་དང་གོང་གི་རྒྱུད་ཚིག་གཉིས་ཅུང་ཟད་མ་ཐུན་པ་ལ། མཁས་པ་ཡེ་བཟང་རྩེ་པས། ཐོག་མ་བཞིས་བསྒྱུར་བའི་རྒྱུ་མཚན་མཁའ་མེ་ཟླ་བས་བགོས་པའི་ལྷག་མ་ལ་རྟེན་ནས་དྷུ་བ་འཚོལ་བའི་ཆེད་ཡིན་གསུང་པར་རྒྱུ་མཚན་ཆེ་བ་མེད་དེ། ཟླ་རོའི་ལྷག་མས་ཀྱང་དྷྲུ་བ་འཚོལ་ཐུབ་པས་སོ། །དེས་ན་རྒྱུད་དུ་བཞིས་བསྒྱུར་བ་རྒྱ་དཔེ་ལ་སྡེབ་སྦྱོར་འགྲིག་པའི་དབང་གིས་ཡིན་ཞེས་ཤོང་པང་བུ་སོགས་ཚད་ཐུབ་གྱི་མཁས་(༢༡ན)


GLG020_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་གསུང་པ་ལེགས་སོ། །རྗེ་སྟག་ཚང་པས། ཆ་ཤས་ཕྲ་མོ་ཞིབ་ཏུ་རྩི་ན་ཅུང་ཟད་ཡོད་ཀྱང་རྩིས་ཀྱི་གྲུབ་མཐའ་དང་བྱེད་པ་གང་ལའང་ཕན་གནོད་བྱེད་མི་ནུས་པས་མཛུབ་མོ་ཚ་བ་འབྲས་བུར་ཟད་དེ། ཞེས་གསུང་པ་ལོ་འགའ་ཞིག་གི་རིང་ཆ་ཤས་མ་བརྩིས་ཀྱང་ཆུ་ཚོད་ཡན་ལག་ལ་ཉེས་པ་སྐྱེད་མི་ནུས་པ་སོགས་ལ་དགོངས་ནས་བྱེད་རྩིས་ཀྱི་རྗེས་སུ་འབྲངས་པར་མངོན་ཏེ། བྱེད་རྩིས་ལ་བྱེད་རྩིས་དང་བྱེད་རྩིས་རྣམ་དག་གཉིས་སུ་གྲགས་པའི་སྔ་མ་ནི། ཁམས་ལེར། ཚེས་རྣམས་སྦྱིན་དང་དོར་དང་སླར་ཡང་སྦྱིན་པ་དག་ནི་གཟའ་དང་ཆུ་ཚོད་རྐང་པ་རྣམས་སུ་སྟེ། ཚོགས་ཀྱི་ཆ་ལ་ཆུ་གཏེར་ཟླ་བས་མཉམ་དང་མི་མཉམ་ཐོབ་པ་དག་ལ་སྦྱིན་དོར་རྐང་པའི་དོན། ཞེས་སྐབས་འདིར་ཚེས་རྩིས་དང་གོང་དུ་དྷྲུ་བ་ཐམས་ཅད་གནས་གཉིས་སུ་མཛད་ནས། བྱ་སླ་བ་དང་། མུ་སྟེགས་རྣམས་གདུལ་བའི་དོན་དུ་དེ་དག་གི་བྱེད་པ་དང་མཐུན་པར་བསྟན་པ་ཡིན་ཞིང་། མུ་སྟེགས་ཀྱི་བྱེད་པ་དེའང་ཐོག་མ་ཉིད་ནས་མ་དག་པ་མ་ཡིན་ཡང་། བར་སྐབས་སུ་སློབ་དཔོན་འགའ་ཞིག་གིས་ཆོས་ལ་དཔེ་མཁྱུད་ཀྱི་དབང་གིས་གབ་དྲགས་པས་མན་ངག་གི་རྒྱུན་ཉམས་ཞེས་མཁས་པ་རྣམས་འཆད་དོ། །ཕྱི་མ་བྱེད་རྩིས་རྣམ་དག་ཏུ་གྲགས་པ་ནི་དེང་སང་རྩིས་པ་མཐའ་དག་ལག་ལེན་དུ་བྱེད་པའི་གནས་ལྔ་མ་དེ་ཡིན་ནའང་། གཟའི་སྐབས་སུ་ཞག་རེ་ལ་ཆ་ཤས་བཅུ་དྲུག་གིས་ཆད་པ་བསགས་པས་ལོ་ཉིས་བརྒྱ་ཉེར་གཅིག་ན་ཆུ་ཚོད་ལྔ་ཙམ་ཆད་པའི་ཉེས་པ་འབྱུང་ཞིང་། ཉི་མ་ལ་ཞག་རེར་ཆ་ཤས་ཞེ་བཞིས་མ་ངེས་པའི་ལྷག་པོ་བསགས་པས། ལོ་ཉིས་བརྒྱ་ཉེར་གཅིག་ན་ཆུ་ཚོད་བརྒྱད་ཙམ་གྱིས་མངས་བའི་སྐྱོན་ཡོད་པས། ཆ་ཤས་ཕྲ་མོ་ཚུན་ཆད་ཀྱི་སྐྱོན་དང་བྲལ་བར་བརྩིས་(༢༡བ)


GLG020_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གྲུབ་པའི་མཐའ་འདི་ཉིད་ཡིད་ཆེས་ཀྱི་གནས་ཡིན་ནོ། །རྒྱུ་མཚན་དེས་ན། བོད་གངས་ཅན་གྱི་ལྗོངས་འདིར་བླ་དཔོན་ཟུང་དུ་འཇུག་པ་གནམ་བསྐོས་ཀྱི་རྒྱལ་པོ་དཔལ་ཕག་མོ་གྲུ་པའི་བླ་རྩིས་པ་ཆེན་པོ་ཕུག་ནས་ཆོས་རྗེ་འཕྲིན་ལས་པ་དང་། དེའི་དངོས་སློབ་པ་རྣམས་ཀྱི་ལེའུ་ཐོར། གཟའ་འཛིན་སོགས་ཀྱི་སྐབས། བྱེད་རྩིས་ཀྱི་རི་མོ་ཅུང་ཟད་མ་གཏོགས། རྒྱུན་གྱི་གཟའ་སྐར་མཐའ་དག་གྲུབ་རྩིས་ཁོ་ན་ལ་བརྟེན་འདུག་ནའང་། དེང་སང་ནི་ཕུག་ལུགས་པའི་རྗེས་འབྲང་རྣམས་ཀྱང་མོན་པ་ཏྲོོ་པས་གསུང་རབ་ལ་ཞུས་དག་བྱས་པའི་དཔེ་ལྟར་བྱེད་མཁན་མང་བ་རྟགས་སུ་བཀོད་ནས་བྱེད་རྩིས་ཀྱི་ཟླ་སྐར་སོགས་ལུང་སྟོན་པར་སྣང་མོད། གཟུར་གནས་ཀྱི་བློ་ལྡན་ཞིག་གིས་བརྟགས་ན་ཉི་དག་གི་ཆ་ཤས་མ་དག་པའི་དབང་གིས་ཉི་སྐར་འཕྱུགས་ལ། དེ་ལ་བརྟན་ནས་ཟླ་བའི་སྐར་མའང་སྐར་མ་རེ་རེ་སྔོན་དུ་འགྲོ་བ་འདི་མ་དག་པ་རིགས་པས་འགྲུབ་པས། ཟླ་སྐར་ཡང་གྲུབ་པའི་མཐའ་ལ་བརྟེན་པར་རིགས་སོ། །དཔལ་འཆི་མེད་བདེ་བས། ཕུག་ལུགས་ལ་གྲུབ་རྩིས་ཀྱི་ཟླ་སྐར་འདས་པར་བྱེད་ཅེས་གསུངས་པའི་རྒྱུན་ལྟར་ན། བྱེད་རྩིས་དང་སྐར་མ་མཐུན་པ་འོང་རྒྱུར་སྣང་ཡང་། བླ་རྩིས་གར་དབང་བ་སོགས་ཕལ་ཆེར། སྐར་མ་ད་ལྟར་བར་མཛད་ལ། མིག་སྐར་དང་བསྟུན་ཚེ་མཚན་མོ་བྱེད་རྩིས་དང་མཐུན་པས། ཉིན་མོ་གྲུབ་རྩིས་ཀྱི་ཟླ་སྐར་ད་ལྟར་བ་དང་འགྲིག་པར་རྗེས་སུ་དཔག་ནུས་པས་ན། ད་ལྟ་ལག་ལེན་དུ་དེ་ལྟར་བྱེད་ནའང་། ལུགས་མི་འདྲ་བར་གསུང་བ་པོ་གཉིས་ཀ་རྗེས་འཕྲིན་ལས་ཞབས་ཀྱི་དངོས་སློབ་ཡིན་པས། ཅུང་ཟད་ཐེ་ཚོམ་གྱི་གཞི་འདུག་པར། བློ་གྲོས་དང་ལྡན་པ་རྣམས་ཀྱིས་དཔྱད་པར་འཚལ་ལོ། །དེ་ལྟར་རྩིས་ཀྱི་དཀའ་གནས་ཀྱི་འཕྲོས་དོན་ལ་སྔོན་གྱི་མཁས་པ་ཆེན་པོ་ཀུན་གྱི་ཚད་མའི་(༢༢ན)


GLG020_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་གྱུར་པ་ཤོང་པང་བུ་གསུམ། ཕྱིས་ཀྱི་མཁས་པ་སྟག་ཚང་ལོ་ཆེན། ཞ་ལུ་ལོ་ཆེན་རྣམས་དང་། ལ་ལར་ལེགས་པར་བཤད་ཅིང་འགའ་ཞིག་ཏུ་ཉེས་བཤད་སྣ་ཚོགས་ཀྱང་ཡོད་པའི་སྔོན་གྱི་མཁས་པ་ཇོ་བོ་ནང་ཀུན་མཁྱེན་དོལ་པོ་བ་དང་། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་སོགས། ཕྱིས་ཀྱི་མཁས་པ་ཡེ་བཟང་རྩེ་པ། བྱང་པ་རིགས་ལྡན་རྣམ་རྒྱལ་གྲགས་བཟང་། མཁས་གྲུབ་དགེ་ལེགས་དཔལ་བཟང་། པཎ་ཆེན་བྱམས་པ་གླིང་པ། ཁྲུས་ཁང་ལོ་ཙཱ་བ། ཀརྨ་པ་མི་བསྐྱོད་རྡོ་རྗེ། འབྲུག་པ་ཐམས་ཅད་མཁྱེན་པ་པདྨ་དཀར་པོ་སོགས་དུས་ཞབས་ཆེན་པོར་ཞལ་གྱིས་བཞེས་པ་རྣམས་ཀྱི་ཡིག་ཆ་དང་གསུང་རྒྱུན་རྣམས་ལ་འཐད་མི་འཐད་ཀྱི་དཔྱད་པ་བློ་དམན་བདག་འདྲས་རང་བློའི་སྟོབས་ཀྱིས་བྱ་བར་ག་ལ་ནུས། འོན་ཀྱང་ཟུང་འཇུག་སྒྱུ་མའི་གར་མཁན་དུས་ཞབས་པ་ཆེན་པོ་མཁས་གྲུབ་ནོར་བཟང་རྒྱ་མཚོའི་ཞལ་སྔ་ནས་དང་། དང་པོའི་སངས་རྒྱས་ཀྱི་ཤིང་རྟ་པ་ཆེན་པོ་ལྷུན་གྲུབ་རྒྱ་མཚོ་གཉིས་ཀྱི་ལེགས་བཤད་ལ་བརྟེན་ནས་ཅུང་ཟད་སྤྲོ་བར་ནུས་ནའང་། ཧ་ཅང་ཡི་གེ་མངས་པས་འཇིགས་པ་དང་། དངོས་མེད་ཀྱི་དོན་རྒྱས་བཤད་ཀྱི་ཁོངས་སུ་འཐོར་དོགས་པས་རེ་ཞིག་བཏང་སྙོམས་སུ་གཞག་སྟེ་དྲིས་ལན་གྱི་དོན་སྙིང་པོར་དྲིལ་ན། དེང་སང་གངས་ཅན་གྱི་ལྗོངས་འདིར་རྩིས་རིགས་སྨྲ་བ་མང་པོར་ཚོགས་པའི་སོ་སོའི་ལུགས་ལ་བརྟགས་ཚེ་འགོས་ལོ་སོགས་མང་པོས་ཟླ་བཤོལ་རགས་པ་ཙམ་འཐོན་རྩིས་ཀྱི་ཟླ་བ་སུམ་ཅུ་མ་ལོངས་པ་ནས་བཤོལ་བར་བཤད་པའི་རྗེས་སུ་འབྲངས་ནས་ལུང་སྟོན་པ་ཐམས་ཅད་མ་ནིའི་ཟླས་ལུང་སྦྱོར་དངོས་རྗེས་ཚང་ཙམ་ཡང་མི་ཤེས་པའི་མཐོང་ཐོས་དྲན་རེག་ཏུ་གྲགས་པའི་བླ་ཆེན་གྱི་སྐྱབས་གནས་དང་འདྲ་བས་(༢༢བ)


GLG020_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་མངོན་སུམ་བྱེད་བཞིན་དུ། གཡོ་ཅན་ཚིག་གིས་ཕ་རོལ་སླུ། །ལྷ་ཆེན་སྨྲེ་སྔགས་ཤོར་བ་ལ། །སྡུག་བསྔལ་བདེན་པ་བསྒྲགས་སོ་ལོ། །ཞེས་པའི་དོན་ཐོག་ཏུ་བབས་པར་སྣང་། ཆག་ལོ་རིན་ཆེན་ཆོས་རྒྱལ་གྱིས། རབ་བྱུང་ཤིང་ཕོ་བྱི་བ་ནས། །ས་ཕོ་འབྲུག་གིས་ཐར་ཐུག་པར། །ལོ་ནི་དྲུག་ཅུ་རྩ་ལྔའི་བར། །ཟླ་བ་བདུན་བརྒྱ་བརྒྱད་ཅུ་ལ། །ཟླ་བ་ཕྱེད་བཅས་སོ་གཉིས་ན། །ཟླ་བཤོལ་རེ་རེ་འབྱུང་བའི་ཕྱིར། །ཟླ་བཤོལ་ཉི་ཤུ་རྩ་བཞིའོ། །ཞེས་པའང་རབ་བྱུང་མེ་ཡོས་ལ་སྦྱོར་རྒྱུ་ཤིང་བྱིར་སྦྱར་བས་ནོར་ཞིང་བཤོལ་ཡང་རགས་རྩིས་སོ། །འགའ་ཞིག་ཟླ་དག་འཕར་བའི་ཚེ་ཟླ་བ་ཕྱི་མ་འདོན་ཟེར་བ་ནི་ལྕ་རློན་པར་ཡོད་པ་རྒྱུ་མཚན་དུ་བྱས་པ་འདྲ། ལ་ལ་དག་དབུས་ནས་བཤོལ་པ་དང་མཐའ་ནས་བཤོལ་བའི་དོན་མ་གོ་བར། མདའ་རོའི་ལྷག་མར་གཅིག་བྱུང་ཚེ་ངོ་ཐོག་འདོན་པ་དང་། ཐིག་ཤར་ཚེ་ཟླ་བ་རྟིང་མ་འདོན་ཟེར་བ་ཡང་མུན་ནག་གི་འདོམ་འཇལ་ཏེ། ཟླ་དག་འཕར་ནས་ཀྱང་ཟླ་བ་མ་བཏོན་ན་ཉི་མ་ཤར་ཟིན་ནས་ད་དུང་ནམ་མ་ལངས་ཟེར་བ་དང་འདྲའོ། །བྱེད་རྩིས་པ་ཁ་ཅིག་གིས་གསང་བའི་མན་ངག་ཡིན་ཟེར་ནས་ཟླ་དག་འཕར་ནས་བརྩིས་པའི་བདུན་ཟུར་གྱི་སྟེང་དུ་བཤོལ་འདོན་པ་རིག་པའི་རྩལ་གྱིས་འཐོན་པ་མི་འདུག་ནའང་། འ་ཞ་བོས་པས་བླ་གཡུའི་མངོན་ཤེས་ལྟར་སྟབས་རང་འགྲིག་ཏུ་སོང་ནས་མཁས་པའི་ཕྱག་ལེན་དང་འགྲིག་པར་གདའ། མཁས་རློམ་ཁ་ཅིག་ཁྱིམ་ལོ་ཕྱེད་བཅས་སོ་གཉིས་ནས་ཚེས་ལོ་རེ་རེ་འཕར་བས་མཐར་ལོ་བཤོལ་འོང་ཟེར་བ་ནི་ཤིན་ཏུ་མ་བརྟགས་པ་སྟེ། ཁྱིམ་ཟླ་ཕྱེད་བཅས་སོ་གཉིས་ཀྱི་དུས་ཟླ་བཤོལ་མ་བཏོན་ན་ཟླ་བ་སུམ་བརྒྱ་དང་བརྒྱད་ཅུ་གྱ་བཞི་ལ་ལོ་བཤོལ་ཐོན་འོང་། དེ་ལྟར་བྱས་ན་ཟླ་བ་བརྒྱ་དང་སོ་གཉིས་ཙམ་ན་སྟོན་གྱི་དུས་(༢༣ན)


GLG020_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཤིང་རྩི་ཁ་འབུས་ཤིང་དགུན་གྱི་ཚེ་ཆུ་བོ་བསྒང་རྒྱས་འོང་པའི་ཕྱིར་དུས་ཚིགས་ཐམས་ཅད་འཕྱུགས་འགྲོ་ལ། ཟླ་བ་ཕྱེད་བཅས་སོ་གཉིས་ནས་བཤོལ་བཏོན་པས་ཚེས་ཞག་ལྷག་པོ་ཆུ་རང་སར་སིམ་པ་ལྟར་ལོ་བཤོལ་རྒྱུ་མེད་དོ། །དེ་ལྟར་བཤད་མ་ཐག་པའི་རང་བཟོ་དང་ཡིག་ཧྲུལ་འགའ་ཞིག་ལ་བློ་བཀལ་ཏེ་སྨྲ་བ་དེ་དག་ནི་ཆུ་ཤིང་ལྟར་སྙིང་པོ་མེད་པར་མཐོང་ལ། མཁས་པའི་ཕྱག་བཞེས་ཁུངས་དང་འགྲེལ་བ་ནི་འདི་ལྟ་སྟེ། དངོས་བསྟན་རྒྱུད་ཀྱི་དགོངས་པ་གོང་དུ་བཤད་པ་ལྟར། །སོ་ཡི་ཆ་ཡིས་ངེས་པར་ཕྱུང་གྱུར་པ། །ཞེས་པའི་ཚིག་གི་ནུས་པ་དངོས་བསྟན་སོ་གཉིས་ཡིན་ཡང་། ཞིབ་པར་ཕྱེད་བཅས་སོ་གཉིས་སུ་བྱས་པ་སོ་གཉིས་གཉིས་ཀྱིས་བསྒྱུར་བས་དྲུག་ཅུ་རེ་བཞིར་སོང་། ཕྱེད་པོ་དེ་གཉིས་ཀྱིས་བསྒྱུར་ནས་བསྲེས་པས་མདའ་རོར་སོང་བ་དེས་བགོས་པའི་ནོར་སྟེང་མར་བྱིན་པས་ཁྱིམ་ལོ་ཕྱེད་བཅས་སོ་གཉིས་ཀྱི་ཚེ་ཟླ་དག་གྲངས་མཆོངས་པ་ན་ཆད་པའི་གྲངས་དེ་བསབ་དགོས་པས་ཟླ་བཤོལ་འཐོན་པ་ཡིན་ནོ། །ལུགས་འདིའི་རྗེས་སུ་འབྲང་བའི་མཁས་པ་ཤིན་ཏུ་མང་ཞིང་། ཁྱད་པར་སྨོན་འགྲོ་པཎྜི་ཏ་ཚེ་དབང་དོན་གྲུབ་དང་། རིག་བྱེད་མཁན་པོ་མདར་པ་དགྲ་འདུལ་དོན་གྲུབ་རྡོ་རྗེ་གཉིས་ཀྱི་དྲུང་དུ་དཀར་ནག་རྩིས་ཀྱི་ཟབ་གནད་མཐའ་དག་ལ་ལེགས་པར་སྦྱངས་པའི་གཙུག་ལག་འཛིན་པ་གཞོན་ནུ་སྐལ་བཟང་ལས་ཁོ་བོས་པདྨ་དཀར་པོའི་ཞལ་ལུང་གི་དགོངས་པའི་གནད་རྣམས་ཞིབ་མོར་ཐོས་ཤིང་དཔྱད་པའི་ཚེ། བཤོལ་ཡང་ཟླ་འཕར་དང་བསྟུན་པའི་རྒྱུད་དོན་འཕྱུག་མེད་སྨོན་མདར་སོགས་མཁས་པ་ཚད་ཐུབ་རྣམས་ཀྱི་ཕྱག་ལེན་དུ་མཛད་ཚུལ་གྱི་རྒྱུ་མཚན་ལ་ངེས་ཤེས་རྙེད་པས་ན། ཕྱག་ལེན་འདི་ཉིད་གྲོང་རྩིས་པ་འདྲས་རང་བཟོ་བྱས་པ་མ་ཡིན་པའི་ཡིད་(༢༣བ)


GLG020_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་ཀྱི་གནས་སུ་ངེས་པ་རྙེད་དོ། །དེ་ལྟར་ན་ལུགས་འདི་དང་མི་མཐུན་པ་རྣམས་ཚད་མ་མ་ཡིན་ནམ་སྙམ་པའི་ལོག་རྟོག་ནི་བྱེད་མི་དགོས་ཏེ། རྒྱུད་ཀྱི་དངོས་བསྟན་བྱེད་པའི་རྩིས་ཡིན་ལ་དེ་ལས་གྲུབ་པའི་རྩིས་ཉིད་རྣམ་པར་དག་པས་སོ། །གཞན་ཡང་མཁས་པ་མགུ་བ་སྐྱེད་པའི་ལུགས་གཅིག་ལ། གྲགས་པ་དོན་ལྡན་གྱི་མཁས་གྲུབ་ཆེན་པོ་ནོར་བཟང་རྒྱ་མཚོའི་བཞེད་པ་ཉི་ལྡོག་འཁོར་ལོར་གྲགས་པ། ལོ་གྲངས་བདུན་བརྒྱ་དང་བརྒྱད་ཅུའི་འཁོར་ལོ་ངོ་མཚར་ཅན་རི་མོའི་སྒོ་ནས་སྒྲུབ་ཚུལ། དེ་ལ་གསལ་བྱེད་སྲོང་བཙན་གདུང་གིས་མཐོ་ཞིང་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན་པ་ལྷ་བཙུན་བསོད་ནམས་དཔལ་བཟང་གིས་མཛད་པ་ཡོད་ལ། འཁོར་ལོའི་རེའུ་མིག་ཕྱི་ནང་བཞི་རིམ་དུ་ཡོད་པའི་ནང་མར་རྒྱ་གར་གྱི་ཉི་ལྡོག །དེའི་ཕྱི་མར་ལོ་བདག །དེའི་ཕྱི་མར་བོད་ཀྱི་ཉི་ལྡོག །དེའི་གཡོན་དུ་བཅུ་གཅིག་གམ་བཅུ་གཉིས་འགོད་པ་ཉི་ལྡོག་གི་ཟླ་བ་སྟོན་བྱེད། དེའི་ཕྱི་མ་ཟླ་བཤོལ་མཐའ་དབུས་གང་ནས་འཐོན་རྣམས་གསལ་བར་བཀོད་དོ། །ལུགས་འདི་དང་གྲུབ་རྩིས་ཀྱི་ཟླ་དག་འཕར་བའི་སྔ་མ་འདོན་པ་གཉིས་གུང་འགྲིག་པས། ལྷ་བཙུན་རིན་པོ་ཆེའི་གསུང་ལས། དེས་ན་གནད་ཀྱི་སྙིང་པོ་ནི། །ཁྱིམ་ཟླ་གནས་གཉིས་བཞག་པ་ཡི། །འོག་མ་མིག་བསྒྱུར་རྩིས་འཕྲོ་བསྲེ། །མདའ་རོས་ཐོབ་པ་སྟེང་དུ་སྦྱིན། །སྟེང་དུ་གཉིས་འཕར་བྱུང་བའི་ཚེ། །རང་གིས་བརྩིས་པའི་ཟླ་བ་ལྷག །དེ་ཡང་ལྷག་མར་གཅིག་བྱུང་ཚེ། །ཟླ་བཤོལ་ཟླ་བའི་དབུས་དང་ནི། །ཐིག་ལེ་ཤར་ཚེ་མཐའ་ནས་བཤོལ། །དེ་ཡང་ལོ་གྲངས་བདུན་བརྒྱ་དང་། །བརྒྱད་ཅུའི་ཉི་ལྡོག་ཟླ་བཤོལ་གྱི། །ཁྲ་མ་གཟིགས་པས་མངོན་སུམ་འགྲུབ། །ཅེས་གསུངས་སོ། །ཟླ་བ་སྔ་མ་ལ་བཤོལ་ཐོན་ཟིན་པའི་ནུས་པས་ཟླ་བ་རྟིང་མ་ལ་ཟླ་དག་འཕར་བ་ཡིན་ཞིང་། མདའ་རོའི་ལྷག་མར་གཅིག་བྱུང་བ་ན་ཟླ་དག་(༢༤ན)


GLG020_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

འཕར་བའི་ཟླ་བ་དེ་ཤར་ཚེ་ཟླ་བཤོལ་བྱུང་ནས་ཟླ་བ་ཕྱེད་སོང་བ་ཡིན་ལ། མདའ་རོའི་ལྷག་མར་ཐིག་ཤར་ཚེ་ཟླ་བཤོལ་རྫོགས་པ་དང་ཟླ་དག་འཕར་བའི་ཟླ་བ་དེ་ཤར་བ་དུས་མཉམ་པའི་དོན་ཡིན་ནོ། །གཞན་ཡང་འདས་ཟླ་སྲེ་པའི་སྐབས་ཟླ་དག་འཕར་བའི་ངོ་ཐོག་གི་ཟླ་བ་དེ་མི་སྲེ་བས་ཀྱང་ཟླ་བ་གོང་མ་བཤོལ་བའི་སྒྲུབ་བྱེད་བླ་ན་མེད་པའོ། །ད་ལྟའི་རྩིས་རིག་ཕལ་ཆེར་དང་། འཇིག་རྟེན་རྒན་པོ་ཚོད་ཅན་གྱི་ཁུར་འཛིན་ཐམས་ཅད་མགྲིན་གཅིག་ཏུ་ཕྱེད་བཤོལ་ཡོད་ཅེས་གླེང་བའི་ཞེ་ཕུགས་ལ་ཕྱེད་ཟླ་འཐོན་དུས་ཞག་བཅོ་ལྔ་ཙམ་ཞིག་རང་འཐོན་པའི་ཉམས་ཤར་ནས། ད་ལོའི་སྔ་ཕྱིའི་བབས་གང་ལ་བལྟས་ཀྱང་ཟླ་བ་ཧྲིལ་པོའི་ཡུན་ཙམ་འཐོན་པ་མི་འདུག་ཟེར་མོད། དེ་དག་ནི་ལོག་རྟོག་གིས་བཏགས་པའི་གཏམ། བཀའ་བརྒྱུད་པའི་བླ་མ་ཞིག་གིས་སྤང་བྱ་གོང་མོ། བླང་བྱ་བྱ་བོན། དགག་བྱ་ཕོ་རོག་ཡིན་ཟེར་བ་དང་འདྲ་བས་དགག་བསྒྲུབ་ཀྱི་ཡུལ་མིན་ལ། ཕྱེད་བཤོལ་ཞེས་པ་དཔེར་ན། ས་ག་ཟླ་བ་ལ་བཤོལ་འཐོན་ཚེ་ཟླ་བ་ཧྲིལ་པོར་བཏོན་ན། མདའ་དུས་ཧོར་ཟླ་ལྔ་པའི་བསྒང་། །ཐག་མ་དུས་མར་སྙེ་མ་འཐོན། །རང་ཅག་གནས་པའི་ས་འདིར་ནི། །དབྱར་གྱི་ཉི་མ་ལྡོག་པའི་དུས། །འདི་ཡི་ཤར་ནུབ་ས་ཡི་ཁྱོན། །ཐ་དད་གྱུར་ན་ཤིང་གྲིབ་ཀྱིས། །བརྟགས་ཏེ་ལྡོག་ཚུལ་ཐ་དད་སྨྲ། །ཞེས་སོགས་ཟླ་བ་ལྔ་པའི་ནང་དུ་འཆར་རྒྱུའི་ཐག་མ་དུས་མར་སྙེ་མ་འཐོན་པ་སོགས་དུས་ཀྱི་སྣང་ཚུལ་རྣམས་ཟླ་བ་བཞི་པར་ཡར་འཕྱུགས་ཆེས་ན། ཟླ་བ་བཞི་པའི་ཚེས་བཅུ་དྲུག་ནས་གནམ་གང་གི་བར་ཚེས་གཅིག་དང་། སྣྲོན་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་ཚར་གཅིག་འཐེབ་ལ་བཏོན་ན། དུས་ཀྱི་སྔ་ཕྱིའི་བབས་ནས་འགྲིག་པའི་དབང་དུ་མཛད་པ་ཡིན་ཡང་། དངོས་སུ་འདོན་མི་ཐུབ་སྟེ། དེ་ལྟར་བྱས་ན་གནམ་གང་ལ་ཟླ་བ་ཉ་ཞིང་། ཚེས་བཅུ་བཞི་ལ་དགུ་ཞལ་ཡོད་པ་ཞིག་གནག་(༢༤བ)


GLG020_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

རྫི་རྒན་པོ་ཡན་ཆད་ཀྱིས་མངོན་སུམ་དུ་མཐོང་ནས་སྨོད་པའི་ཡུལ་དུ་འགྱུར་ཞིང་། འཇིག་རྟེན་གྱི་གྲགས་ཚོད་འགོག་མི་ནུས་པས། དོན་གྱིས་འཐོབ་ཀྱང་ལག་ལེན་དུ་བྱེད་མི་རུང་ངོ་། །རང་ལུགས་ཐུན་མོང་མ་ཡིན་པ་ཕུག་ལུགས་ཀྱི་ཕྱག་བཞེས་ནི། གོང་དུ་བཤད་པ་ལྟར་ཞག་གསུམ་གྱི་རྣམ་གཞག་གི་དོན་དྲིལ་ན། ཞག་གསུམ་སོ་སོའི་གྲངས་ལ་མང་ཉུང་ཡོད་ཀྱང་དོན་དུ་ཚེས་ཞག་སུམ་བརྒྱ་དོན་གཅིག་དང་། ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་གཉིས་ཡུན་ཚད་སྙོམས་པའི་རྒྱུ་མཚན། དཔེར་ན། རེ་ཁ་ཡུག་རིང་ཐུང་སྙོམས་པ་གཉིས་སྟེང་འོག་ཏུ་བྲིས་པའི་རེ་ཁ་སྟེང་མར་རིའུ་མིག་ཞེང་ཆེ་བ་བཅུ་གཉིས་དང་། འོག་མར་རིའུ་མིག་ཞེང་ཆུང་བ་བཅུ་གསུམ་བྱས་ན་རིའུ་མིག་གི་གྲངས་ལ་ཁྱད་ཡོད་ནའང་། མཐའི་ཚད་ལ་རིང་ཐུང་མེད་པར་སྙོམས་འགྲོ་བ་ལྟར། ཁྱིམ་ཟླ་ཕྱེད་དང་སོ་གཉིས་ཀྱི་ཚེ་ཟླ་རེ་རེ་འཕར་བས་ཚེས་ཟླ་ཕྱེད་དང་སོ་གསུམ་ནས་ཚེས་ཞག་ལ་ཉི་ཁྱིམ་མ་རྫོགས་པའི་རིང་ཐུང་ཤོར་བ་དེའི་ཉེས་པ་སེལ་འགྲོའོ། །དེ་ལྟར་ཟླ་བ་སོ་སོའི་དབུགས་ཟླ་བ་ལྔ་མའི་ཉེར་བརྒྱད་ཙམ་ལ་ཐོབ། ཁྱིམ་ངོ་ཐོག་གི་ཚེས་ལྔ་ཙམ་ལ་སླེབ། བསྒང་ཚེས་བཅུ་དྲུག་ཙམ་ལ་འོང་དགོས་རྒྱུ། ལོ་གཅིག་ལ་ཚེས་ཞག་སུམ་བརྒྱ་དྲུག་ཅུར་བྱས་པས་ཉི་མས་ཁྱིམ་འཕོ་མ་ནུས་པར་རིམ་གྱིས་ཕྱི་གྲོས་སུ་ལུས་པས་བཤོལ་འཐོན་ཁར་བསྒང་ཚད་གནམ་སྟོང་དང་། བཤོལ་འཐོན་མ་ཐོག་བསྒང་ཚད་ཚེས་གཅིག་གཉིས་ལ་འོང་བ་མངོན་སུམ་དུ་གྲུབ་པས་ཟླ་བའི་བསྒང་ཚད་ཕྱི་མའི་ཚེས་གཅིག་ལ་ཤར་དུས་སྔ་མ་བཤོལ་དགོས་ཏེ། མ་བཤོལ་ན་མགོ་ཟླའི་བསྒང་ཚད་རྒྱལ་ཟླར་འཕོས་པ་དེའི་ཚེ་དགུན་ཉི་ཟླ་བ་བཅུ་གཉིས་པ་ལ་ལོག་འགྲོ་བར་ཁས་ལེན་དགོས་པས་དུས་མི་འགྱུར་བའི་གཟེར་མངོན་སུམ་དུ་འཕྱུག་པ་སོགས་གནོད་བྱེད་མི་ཟད་པ་ཐོག་ཏུ་འབབ་བོ། །གོང་དུ་རྗེ་ནོར་བཟང་(༢༥ན)


GLG020_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུགས་ཀྱི་ཉི་ལྡོག་འཁོར་ལོའི་གསལ་བྱེད་དུ། ད་ལྟའི་རིའུ་མིག་འོག་མ་ཡི། །གཡོན་དུ་དྲག་པོ་ཕལ་ཆེར་བཀོད། །ཟླ་ལྷག་ཡོད་ཚེ་སྐབས་འགའ་རུ། །ཉི་མ་འགོད་པར་མཛད་པ་ནི། །ཡུལ་འདིའི་དགུན་ཉི་ལྡོག་པ་ཡི། །ཟླ་བའི་ངོས་འཛིན་ཡིན་པར་ངེས། །ཞེས་པ་བྱུང་བས། ཕུག་ལུགས་ཀྱི་ཕྱག་ལེན་ཐུན་མོང་མ་ཡིན་པ་འདི་ལས་ཟླ་བ་དྲུག་གི་བཤོལ་འཕྱི་བས་ན། དགུན་ཉི་ཟླ་བ་བཅུ་གཉིས་པའི་ཚེས་བདུན་ཙམ་ལ་ལོག་པ་ཞིག་འབྱུང་བས་དེ་ལ་དགོངས་ནས་ཉི་མ་བཀོད་པ་ཡིན་ཞིང་། འཇིག་རྟེན་ཁམས་ལེར། གང་ཕྱིར་རི་ལ་སྐྱེ་བོ་རྣམས་ཀྱི་ཉིན་མཚན་མཉམ་པར་འགྱུར་ཏེ་ལུག་ཉི་སྲང་གི་ཉི་མ་ལའོ། །ཞེས་ཉིན་མཚན་མཉམ་པ་ལུག་དང་སྲང་གིས་ལོངས་སྤྱོད་པའི་སྐབས་སུ་བསྟན་ཅིང་། དེ་བཞིན་དུ་བགྲོད་པ་མཐར་ཐུག་པ་གཉིས་ཀྱང་ཀརྐཊ་དང་། ཆུ་སྲིན་གྱི་ཁྱིམ་དུ་བཤད་པས། དབྱར་དགུན་གྱི་ཉི་ལྡོག་ཀྱང་ཧོར་ཟླ་དྲུག་པ་དང་བཅུ་གཉིས་པ་ལ་འབྱུང་བའི་ཕྱིར་ན། གོང་དུ་དུས་མི་འགྱུར་བའི་གཟེར་ཞེས་བཤད་པ་མི་འཐད་དོ་སྙམ་ན། འཛམ་གླིང་ཆུང་ངུ་འདི་ཡོངས་སུ་རྫོགས་པའི་ཉི་མ་དུས་གཅིག་ལ་ལྡོག་ན། ཁམས་ལེའི་དངོས་བསྟན་དང་མི་མཐུན་པའི་སྐྱོན་འདི་འབྱུང་ནའང་ལྷོ་གླིང་འདིའི་ཁྱོན་ཡོངས་སུ་རྫོགས་པར་མ་ཟད། ལྷོ་གླིང་ཤར་མ་ནས་དབུས་དྲང་ཐད་ཀྱི་བར་ལ་ཉི་ལྡོག་སུམ་ཅུ་ལྷག་ཙམ་འབྱུང་བར་ཐམས་ཅད་མཁྱེན་པ་ནོར་བཟང་རྒྱ་མཚོས་སློབ་དཔོན་ཨ་བྷ་ཡའི་དུས་འཁོར་ལ་འཇུག་པའི་ཁུངས་དང་བཅས་ཏེ་གསུངས་པས་ཉེས་པ་དེས་འཇུག་གོ །དེ་ལྟར་རྒྱུད་ནས་གསུངས་པའི་བགྲོད་པ་གཉིས་དང་མཉམ་པ་གཉིས་སོགས་བསྟན་པ་ཐམས་ཅད་ལྷོ་གླིང་དབུས་མའི་ཚངས་ཐིག་དྲང་པོ་ལ་དགོངས་ཏེ་གསུངས་ལ། རྗེས་འཇུག་གི་མཁས་པ་རྣམས་ཀྱིས་དེའི་ཤུགས་ལས་ཉི་ལྡོག་སུམ་བརྒྱ་དྲུག་ཅུ་འབྱུང་བའི་ཚུལ་རྟོགས་ཏེ། རང་ཅག་(༢༥བ)


GLG020_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་བོད་ཀྱི་ཡུལ་འདིར་འཁྲིག་པ་དང་གཞུའི་ཁྱིམ་དུ་ཉི་མ་ལྡོག་པར་ཁས་བླངས་པ་ཡིན་ནོ། །འོ་ན་ཐམས་ཅད་མཁྱེན་པ་ནོར་བཟང་རྒྱ་མཚོས། འདས་ལོའི་ཐོག་མ་རབ་བྱུང་མེ་ཡོས་ལོ་དྲུག་ཅུ་སྐོར་བདུན་དང་། ལོ་རྐྱང་ཉི་ཤུ་པ་མི་ཟད་པ་མེ་ཕོ་ཁྱིའི་དགུན་ཉི་ལྡོག་དུས་ལ་ཐུར་ཤིང་གིས་བརྟགས་པས། ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་ལྔའི་ཉིན་ཐུར་ཤིང་གི་གྲིབ་མ་བྱང་ནས་ལོག་པར་མངོན་སུམ་གྱིས་མཐོང་བས་དེའི་སྔོན་མའི་ཚེས་བཞི་དེ་ལ་རང་ཅག་རྣམས་གནས་པའི་ས་ཁྱོན་འདིར་དགུན་ཉི་ལོག་པར་གྲུབ་ལ། ཞེས་བཀའ་སྩལ་པ་ལྟར་ན་ཧོར་ཟླ་བཅུ་གཉིས་པའི་ཚེས་བཞི་ལ་དགུན་ཉི་ལྡོག་པ་ཞིག་འབྱུང་བས། གོང་གི་དམ་བཅའ་དེ་ལ་གནོད་དམ་སྙམ་ན། མི་གནོད་དེ། རྒྱུད་ལུགས་ཀྱི་ཟླ་བཤོལ་ཟླ་དག་འཕར་བའི་དབང་དུ་བཏང་ཞིང་། ལུགས་དེ་དང་ཕྱོགས་མཐུན་ཙམ་དུ་ཉི་ལྡོག་འཁོར་ལོའི་ཕྱག་ལེན་མཛད་པས། ལུགས་དེའི་ཟླ་བཤོལ་འཐོན་པ་ཉེ་བའི་ཟླ་བ་བཅུ་གཉིས་པའི་ནང་དུ་ཉི་ལྡོག་གི་རི་མོ་ཤར་བ་ཡིན་ལ། ཟླ་བ་བཅུ་གཉིས་ལ་དེ་ནི་བོད་ཀྱི་ཡུལ་འདི་ཁོ་ནའི་དབང་དུ་བཏང་བའི་ཉི་ལྡོག་དང་བསྟུན་པའི་ཟླ་བ་བཅུ་གཉིས་པ་མ་ཡིན་པས་སོ། །འདི་དག་ལས་འཕྲོས་པའི་དཀའ་གནས་ཀྱི་ལེགས་བཤད་ནི་རྗེ་ནོར་བཟང་རྒྱ་མཚོས་མཛད་པའི་ཉི་ལྡོག་གསལ་སྒྲོན་སོགས་ལས་ཤེས་པར་བྱའོ། །གཞན་ཡང་ཉི་མས་འཛམ་གླིང་ཆུང་ངུ་འདིར་ལྡོག་ཐེངས་གཅིག་ལས་མི་འོང་ཞིང་། དེ་རྒྱུད་ནས་བཤད་པ་དང་མཐུན་དགོས་པ་ཡིན་ན། རྒྱུད་ནས་བཤད་པའི་དགུན་ཉི་ལྡོག་པའི་ཚེ་ལྷོ་ཕྱོགས་རྟ་གདོང་གི་མེ་རི་ལ་བཅར་ཏེ་དེ་ནས་ཕར་ཅུང་ཟད་ཙམ་ཡང་འགྲོ་མི་ནུས་པའི་ལྷོ་བགྲོད་མཐར་ཐུག་པ་ཡིན་པས། དེའི་དུས་ལས་ས་ཆུ་འཁྱགས་ཤིང་གྲང་ངར་ཆེ་བ་མེད་ལ། ད་ལྟ་བོད་ཀྱི་ཡུལ་འདིར་ཉི་མ་ལོག་ནས་ཞག་ཉི་ཤུ་རྩ་བདུན་(༢༦ན)


GLG020_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བར་དགུ་འདྲེན་པ་ཞེས་ངེས་པར་གྲང་དུ་འགྲོ་བ་ཀུན་ལ་གྲགས་ཤིང་མངོན་སུམ་གྱིས་གྲུབ་པས། ས་འདིར་འོས་པའི་ཟླ་བཤོལ་ཉི་ལྡོག་དུས་སྦྱོར་སོགས་རིགས་པའི་ལམ་ནས་འདྲེན་དགོས་པ་མངོན་སུམ་གྱིས་གྲུབ་པ་ལྟ་བུའོ། །དཔེར་ན། ཉི་མ་ནམ་སོའི་ཆུ་ཚོད་ཞེ་ལྔའི་སྟེང་ནས་སྐྱེས་པས། ཁམས་ལེར། དུས་ཀྱི་རྒྱུ་སྐར་རྐང་པ་གསུམ་བཅས་བུ་ལོན་དག་སྟེ་ཉི་མའི་ལོངས་སྤྱོད་དབུས་ནས་སྤྱད་པར་བྱ། ཞེས། དྲུག་དང་ཞེ་ལྔས་སྐྱེས་ཁྱིམ་སྦྱོང་བར་བསྟན་ཅིང་། ནམ་སོའི་རྐང་པ་གསུམ་པའི་མཐའ་ནས་ཉི་མ་སྐྱེས་པ་དང་ལྷོ་བགྲོད་ཀྱི་འགོ་བརྩམས་པ་ཡིན་པས། རྩིས་རིག་སྨྲ་བའི་གཙུག་རྒྱན་དཔལ་མགོན་འཕྲིན་ལས་ཀྱིས་ཐུར་ཤིང་གི་གྲིབ་མས་ཞིབ་མོར་གཏན་ལ་ཕབ་པ་ན། བོད་ཡུལ་འདིར་སྐར་མ་ལག་གི་རྐང་པ་དང་པོའི་ཆུ་ཚོད་དྲུག་པའི་སྟེང་ནས་ལྷོ་བགྲོད་ཀྱི་མགོ་བརྩམས་པ་མངོན་སུམ་གྱིས་གྲུབ་པས། ཕྱག་ལེན་ཐུན་མོང་མ་ཡིན་པའི་སྐྱེས་ཁྱིམ་ཟླ་དུས་ཀྱིས་སྦྱོང་བའང་ཤེས་ནུས་སོ། །དེ་བཞིན་དུ་དུས་སྦྱོར་ཡང་། གངས་ལྡན། ཀཻ་ལ་ཤ །རྒྱ་ནག །ལི། བོད། འཕགས་ཡུལ་ཏེ་ཡུལ་དྲུག་ཏུ་དུས་སྦྱོར་མི་འདྲ་བའི་དབང་གིས་རྗེ་འཕྲིན་ལས་ཞབས་ཀྱིས། དེ་ལྟར་དུས་སྦྱོར་ས་གཞན་འབྱུང་པོའི་བྱ། །འདིར་འོས་རྟ་ལྗང་རྒྱལ་པོས་ཕྱོགས་མཐར་དང་། །ཅེས་དང་། སྔོན་མེད་ལེགས་པར་བཤད་པ་ཡི། །ས་འདིར་འོས་པའི་དུས་སྦྱོར་དག །ཅེས་རྒྱ་བལ་ནས་འགྱུར་བའི་དུས་སྦྱོར་གྱི་ཚིག་ཟིན་ཙམ་ལ་མ་བརྟེན་པར་རིག་པའི་འཕྲུལ་བླ་ན་མེད་པ་མཛད་དོ། །བསྒང་ཚད་འདོན་ལུགས་ཀྱང་ཕུག་ལུགས་ཀྱི་རྗེས་འབྲང་མང་དུ་སྣང་བར། ཁོ་བོས་ཟུར་ཆེན་འཁོར་ལོའི་མགོན་པོའི་དྲུང་དུ་བླ་བརྩིས་པ་གར་དབང་ཕུན་ཚོགས་ནས་བརྒྱུད་པའི་སྐར་རྩིས་མཐའ་ཆོད་པར་སྦྱངས་ཤིང་། རྗེས་སུ་གཡུ་ལོ་གཡུལ་རྒྱལ་བའི་མན་ངག་གཉག་བན་ངག་དབང་འཇམ་དཔལ་བློ་གྲོས་ལས་ཐོས་པ་གཉིས་ཀར་ཁྱིམ་འཕོ་དབུགས་ཐོབ་(༢༦བ)


GLG020_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བསྒང་ཚད་གསུམ་ག་ཉི་བར་ལ་ངོས་འཛིན་ཅིང་། ཕུག་ནས་ལྷུན་གྲུབ་རྒྱ་མཚོ་དང་དཔལ་མགོན་འཕྲིན་ལས་གཉིས་ཀའི་བཞེད་པར་མཛད། དེ་ལ་འདོད་ཆ་དང་འདོད་ཆའི་ལྔ་ཆ་གནོན་ལུགས་བླ་རྩིས་གར་དབང་བའི་མན་ངག་སོགས་ངོ་མཚར་བ་ཁོང་དུ་ཆུད་པ་དང་། ཆུ་རྟ་གཡས་རུ་གཙང་གི་རྒྱལ་ཁམས་མྱུལ་བར་ཕྱིན་སྐབས་བོད་ཡུལ་གྱི་པཎྜི་ཏ་ཆེན་པོ་སྨོན་འགྲོ་ལོ་ཙཱ་བ་རིག་གནས་རྒྱ་མཚོའི་འཕྲེང་བ་འཛིན་པ་ཞེས་སྐུ་ཡོན་དུ་མ་ཟད་སྐུ་ཚེའང་ཕ་མཐར་བརྒལ་བ་དེ་ལས་དཀའ་གནས་མང་པོའི་ཞུན་ཐར་བཅད་ཚེ་ཕུག་ལུགས་ལ་གསར་རྙིང་གཉིས་སུ་ཡོད་པའི་ཞལ་ལུང་ཕུག་རྙིང་པ་དང་། དེར་མི་གསལ་བའི་མན་ངག་ཟུར་པ་རྣམས་དཔལ་མགོན་འཕྲིན་ལས་པས་གསལ་བར་མཛད་པའི་སྐོར་ཕུག་གསར་བ་ཡིན་ཞེས་ཟབ་གནད་འདི་བླ་རྩིས་པ་ཆེན་པོ་འཕྲིན་ལས་ཞབས་ཀྱི་ལུགས་སུ་བཞེད་པར་འདུག་པས་ཀྱང་བཤད་མ་ཐག་པའི་ལུགས་འདི་ཁུངས་ཐུབ་པར་སྣང་། གཞན་ཡང་མཁས་པ་ཟུར་མཁར་བའི་གསུང་ལས། ཚུལ་འདི་ལྟར་ན་སྤུར་རྒྱལ་འདར། །གཞན་ཀུན་ལ་ཕྱོགས་མེད་གཏོང་བ་དང་། །རང་ལེགས་བཤད་འཚོལ་བར་རློམ་ན་ཡང་། །དོན་སྦྱིན་ལེན་གཉིས་ཀ་གསེར་ལས་དཀོན། །ཞེས་པ་ལྟར། རིག་པའི་གནས་མང་པོར་སྦྱངས་ཟེར་བ་ཕྲད་ཚད་ལ་དྲི་བ་དུ་མ་བྱེད་ཀྱིན་ཡོད་པས། ཕུག་ལུགས་པར་ཁས་འཆེ་བ་འདྲ་ལ་རྩད་བཅད་ཚེ་ལ་ལ་ཁྱིམ་འཕོ་ཉི་བར་དང་གཞན་གཉིས་ཉི་དག་ལ་བྱེད་ཟེར་བ་དང་། འགའ་ཞིག་ནི། དེ་ཡང་སྐྱེས་ཁྱིམ་ཟླ་དུས་ཀྱི། །སྦྱངས་པའི་ཉི་དག་སྐར་དབྱུག་ཏུ། །མཁའ་རོ་མེ་ཤར་གསན་པའི་བསྒང་། །ཞེས་སོགས་དངོས་བསྟན་ལ་ཞེན་ནས་མན་ངག་གབ་པ་མ་རྟོགས་པར་མཐོང་བས། མཁས་པ་ཇི་ལྟར་ཐབས་རྡུགས་ཀྱང་། །བླུན་པོ་འཇུག་པའི་ལམ་མི་འགྲོ། །ཆར་འདོད་བྱིའུ་ཁ་སྐོམ་ཡང་། །ས་ལ་འབབ་པའི་ཆུ་མི་འཐུང་། །ཞེས་པ་ལ་བསམས་ནས་ཡིད་བརྟན་དུ་མ་བཟུང་ངོ་། །


previousདྲི་བ་གཉིས་པ། ཟླ་བཤོལ་ཇི་ལྟར་འདོན་ལུགས་སོགས་ཀྱི་དྲིས་ལན།next