Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
  collapse section
   
   
   
   
   
དྲི་བ་གསུམ་པ། རྒྱ་ལུགས་ཀྱི་རྩིས་གཞུང་ལས་སྐོར་འགོའི་གཙོ་ཆེ་སྐྱེ་རྨེ་འཛིན་པ་ལ་བརྒྱད་ཅུ་སྐོར་དང་དྲུག་ཅུ་སྐོར་ཞེས་ལུགས་གཉིས་ལས་གང་ཞིག་ཁུངས་དང་ལྡན་མིན་གྱི་དྲིས་ལན།
   
  expand section


 
previousདྲི་བ་གསུམ་པ། རྒྱ་ལུགས་ཀྱི་རྩིས་གཞུང་ལས་སྐོར་འགོའི་གཙོ་ཆེ་སྐྱེ་རྨེ་འཛིན་པ་ལ་བརྒྱད་ཅུ་སྐོར་དང་དྲུག་ཅུ་སྐོར་ཞེས་ལུགས་གཉིས་ལས་གང་ཞིག་ཁུངས་དང་ལྡན་མིན་གྱི་དྲིས་ལན།next

དྲི་བ་གསུམ་པ། རྒྱ་ལུགས་ཀྱི་རྩིས་གཞུང་ལས་སྐོར་འགོའི་གཙོ་ཆེ་སྐྱེ་རྨེ་འཛིན་པ་ལ་བརྒྱད་ཅུ་སྐོར་དང་དྲུག་ཅུ་སྐོར་ཞེས་ལུགས་གཉིས་ལས་གང་ཞིག་ཁུངས་དང་ལྡན་མིན་གྱི་དྲིས་ལན།


GLG020_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བ་གསུམ་པ།རྒྱ་ལུགས་ཀྱི་རྩིས་གཞུང་ལས་སྐོར་འགོའི་གཙོ་ཆེ་སྐྱེ་རྨེ་འཛིན་པ་ལ་བརྒྱད་ཅུ་སྐོར་དང་དྲུག་ཅུ་སྐོར་ཞེས་ལུགས་གཉིས་ལས་གང་ཞིག་ཁུངས་དང་ལྡན་མིན་གྱི་དྲིས་ལན།དྲི་བ་གསུམ་པ་ལ། གསུམ་པ་རྒྱ་ནག་རྩིས་ཀྱི་གཞུང་ལུགས་འདི། །སྔ་འགྱུར་ཕྱི་འགྱུར་བར་འགྱུར་ཡང་འགྱུར་བཞི། །བོད་དུ་འགྱུར་བ་རླུང་ལྟར་གྲགས་མོད་ཀྱི། །སྐོར་འགོའི་གཙོ་ཆེ་སྐྱེ་རྨེ་འཛིན་པ་ལ། །བརྒྱད་ཅུ་སྐོར་དང་དྲུག་ཅུ་སྐོར་ཞེས་པའི། །བཞེད་ལུགས་མི་མཐུན་གཉིས་སུ་འདུག་པ་འདི། །དགོངས་པ་ཅན་ནམ་སྔ་ཕྱི་གང་ཁས་ལེན། །སྔ་འགྱུར་བར་འགྱུར་རྒྱུད་རྣམས་གཞིར་བཞག་པའི། །བརྒྱད་ཅུ་སྐོར་ཉིད་དག་པར་ཁས་ལེན་ན། །འགྱུར་ཡང་སྔ་མ་རྒྱུད་ཀྱང་ཁུངས་ཐུབ་ནས། །ད་ལྟ་རྒྱལ་བ་ཤཱཀ་ཐུབ་བསྟན་པ་ལ། །རྨེ་འཕྲེང་བར་མ་ཤིང་བྱི་བཞི་ལྗང་ནས། །བརྒྱད་དཀར་བར་གྱི་དྲུག་ཅུ་འདི་ཉིད་ལ། །སྐྱེ་རྨེ་འཛིན་པ་འཁྲུལ་མེད་ཡིན་པར་གསུངས། །ཕྱི་འགྱུར་རིན་ཆེན་གསལ་སྒྲོན་གཞིར་བཞག་ནས། །དྲུག་ཅུ་སྐོར་ཉིད་དག་པར་ཁས་ལེན་ན། །རྩིས་རྒྱུད་འཁྲུལ་མེད་རིན་ཆེན་ཀུན་འདུས་ལས། །ཤིང་བྱི་གཅིག་དཀར་ནས་གཟུང་སྟེ། །ཆུ་ཕག་གཉིས་ནག་བར་དག་ཏུ། །སམ་ཁ་གསུམ་གྱི་རྨེ་བ་ཚང་། །འཁོར་ཞིང་འཁོར་བ་མ་རྫོགས་པ། །ལྷག་དང་བཅས་པ་འབྱུང་མི་སྲིད། །ཞེས་གསུངས་གཞན་ཡང་མཁས་པ་ཁྱུང་ནག་གིས། བཞི་ནས་བརྒྱད་ཀྱི་བར་དག་གི །རྨེ་བ་གསུམ་ཆད་གང་གིས་གསོ། །ཞེས་གསུངས་དེར་མ་ཟད་དེ་བཀའ་ཐང་ནས། དུས་གསུམ་མཁྱེན་པ་པདྨ་འབྱུང་གནས་ཀྱིས། །བོད་རྩིས་དྲུག་ཅུ་སྐོར་ཞེས་གསལ་སྒྲོན་ཞེས། །རྩིས་རྒྱུད་ཀུན་དང་མི་མཐུན་དར་བར་འགྱུར། །ཞེས་པ་ལོག་པའི་རྩིས་གཞུང་གསུངས་པས། འདི་རྣམས་རྩོད་པ་གང་གི་སྒོ་ནས་སྤོང་། ཞེས་པར། གཙུག་ལག་ཁང་གི་རྩིས་གཉིས་སུ་གྲགས་པའི་ནག་རྩིས་ནི། མཁས་པའི་དབང་པོ་སྟག་ཚང་ལོ་ཙཱ་བས། ནག་རྩིས་ནི་རྒྱ་ནག་ནས་བྱུང་བ་འཇམ་དཔལ་དབྱངས་ཀྱིས་གསུངས་པ་ས་བདག་(༢༧བ)


GLG020_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

གི་རིགས་བརྟགས་ལ་ཤིན་ཏུ་ཉེ་བར་མཁོ་ཞེས་གསུངས་པ་ལྟར། རིག་པའི་གནས་མི་ཆུང་བ་ཞིག་ཡིན་ཡང་། དེང་སང་འཇིག་རྟེན་རྨོངས་པའི་གྲགས་ཚོད་ལ། ལྷ་གསོལ་དང་སྐར་རྩིས་ཁོ་ན་བྱེད་མཁན་ལ་བོན་དཀར་བ་དང་། ནག་རྩིས་པར་བོན་ནག་གི་མིང་འདོགས་པ་ནི་སྔ་མ་སྐར་མའི་ཡིག་སྡེབས་ཀྱི་ས་མགོ་ཡོད་པ་དང་། ཁ་དོག་གི་དཀར་བ་དས་འཕུལ་སོགས་ཀྱི་བརྡ་ཙམ་ཡང་མ་ཤེས་པས། བཀའ་རྒྱུད་པ་ཕྱོགས་ཀྱི་ངག་བགྲོས་སུ་ན་རོ་པར་རྩ་བཤད་པ་ཞེས་པའི་དོན་མ་གོ་བར་ཨ་ནན་དང་རོ་རུ་སོང་ཟེར་བ་དང་འདྲ་བས་དཔྱད་བཟོད་པ་ག་ལ་ཡིན་ཏེ། དམ་པ་ཁྲོས་ཀྱང་བཏུད་ན་ཞི། །དམན་ལ་བཏུད་ན་ལྷག་པར་རེངས། །གསེར་དངུལ་སྲ་ཡང་བཞུ་ནུས་ཀྱི། །ཁྱི་ལུད་བཞུ་ན་དྲི་ངན་འབྱུང་། །ཞེས་པ་ལྟར་ཡིན་ལ། ནག་རྩིས་ཞེས་པ་རྒྱ་ནག་པོའི་ཡུལ་ནས་དར་པའི་རྒྱུ་མཚན་གྱིས་ནག་རྩིས་སུ་བཤད་པ་མ་གཏོགས་ཤིན་དུར་གྱི་རྩིས་ཙམ་ཞིག་གི་བྱེད་ལས་དང་བཅས་ཁ་དོག་ནག་པོར་བཞག་པའི་དོན་མིན་པས་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱི་ཐོས་བསམ་གྱི་ཡུལ་ཡིན་ནོ། །དེ་ཡང་འཇམ་དཔལ་རྩ་བའི་རྒྱུད་ལས། རྒྱ་དང་རྒྱ་ནག་ཆེ་ཉིད་ལས། །འཇམ་པའི་དབྱངས་ནི་རབ་ཏུ་གྲུབ། །ཅེས་དང་། དེ་ཡི་ཡུལ་ན་འཇམ་པའི་དབྱངས། །བྱིས་པ་གཞོན་ནུའི་ཚུལ་གྱིས་ནི། །མངོན་སུམ་དུ་ནི་རྒྱུ་བར་བྱེད། །ཅེས་པའི་དོན་ལྟར། འཕགས་པ་རིགས་གསུམ་གྱི་མགོན་པོ་ལས། ཁ་བ་ཅན་གྱི་ལྗོངས་འདི་སྤྱན་རས་གཟིགས་ཀྱིས་འདུལ། ཨོ་རྒྱན་གྱི་ཡུལ་ཕྱག་ན་རྡོ་རྗེས་འདུལ་རྒྱ་ནག་གི་རྒྱལ་ཁམས་འཇམ་དབྱངས་ཀྱི་གདུལ་བྱ་ཡིན་པས། རྩིས་ཀྱི་གཙུག་ལག་སོགས་ཐབས་སྣ་ཚོགས་ཀྱི་སྒོ་ནས་རྒྱ་ནག་གི་སྐྱེ་རྒུ་རྣམས་མངོན་མཐོ་ངེས་ལེགས་ཀྱི་ས་ལ་བཀྲི་བར་དགོངས་ཏེ། རི་བོ་རྩེ་ལྔར་སྐུ་འཁྲུང་པའི་ཚུལ་བསྟན། ཀོང་རྩེ་སོགས་དངོས་ཀྱིས་འདུལ་པའི་ཞིང་(༢༨ན)


GLG020_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྗེས་སུ་བཟུང་ནས་རྩིས་འགོ་སུམ་བརྒྱ་དྲུག་ཅུ་རྒྱས་པར་མཛད། ད་ལྟའང་སྐལ་ལྡན་རྣམས་ཀྱི་སྣང་ངོར་དངོས་སུ་བཞུགས་པར་གྲགས་སོ། །དེ་ལྟ་བུའི་སྟོན་པ་མཚན་ཉིད་དང་ལྡན་པ་འཇམ་དཔལ་དབྱངས་ཀྱིས་གསུངས་པའི་གཙུག་ལག་འདི་ཉིད་ལ་བོད་དུ་འགྱུར་ཚུལ་རྒྱ་ནག་སྔ་འགྱུར་རྙིང་མའི་རྙིང་མར་གྲགས་པ་ནི། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་རོ་ཞེས་གསུངས་པ་ལྟར། བོད་ཡུལ་འདི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དབུ་བརྙེས། སྲོལ་བཏོད། དར་རྒྱས་སུ་གྱུར་པའི་བར་པ་སྲོལ་བཏོད་པར་དགོངས་ཏེ། འཕགས་པ་ཕྱག་ན་པད་མ་རྒྱལ་པོའི་ཚུལ་བཟུང་སྲོང་བཙན་སྒམ་པོས། བསྟན་པ་རྒྱས་པར་མཛད་པའི་སླད་དུ་བསྟན་པའི་བདག་པོའི་སྣང་བརྙན་གསེར་གྱི་ལྷ་ཤཱཀྱ་མུ་ནི་གདན་འདྲེན་པ་ལ་རྒྱ་དང་གཉེན་དུ་སྦྲེལ་ན་བུ་མོའི་རྟེན་སྐལ་དུ་ཇོ་བོ་རིན་པོ་ཆེ་བོད་དུ་སྦྱན་འདྲོངས་པར་མཁྱེན་ནས། ཐབས་མཁས་པའི་རྣམ་པར་དཔྱོད་པས་འཇིག་རྟེན་དང་སྒོ་བསྟུན་ཏེ། རྒྱ་ནག་ཐང་གི་རྒྱལ་པོ་ལ་ཆེ་བ་ཐང་ཁུ་ཐུ་ཧན་ཆན་གྱིས་མཚན་དུའང་འབོད་ལ། ཡོངས་གྲགས་ལ། ཐང་ཀའུ་ཛུང་གི་རྒྱལ་པོར་གྲགས་པའི་སྲས་ཐའི་ཇུང་དང་གཉེན་བྱེད་པའི་ཚུལ་གྱིས་དེའི་སྲས་མོ་འུན་ཤིང་ཀོང་ཇོ་ཞེས་བྱ་བ། བོད་སྐད་དུ་མཚོ་ནང་གི་པདྨ་ཟེར་བ། སྒྲོལ་མའི་སྤྲུལ་པ་དེ་བཙུན་མོར་བསུས་པའི་ཚེ་སྤོར་ཐང་བརྒྱད་ཅུ་སྐོར་དུ་གྲགས་པའི་ནག་རྩིས་ཀྱི་གཙུག་ལག་གངས་ཅན་གྱི་ཡུལ་དུ་ཐོག་མ་བྱུང་བ་ཡིན། འབྱུང་བ་རིན་ཆེན་ཀུན་འདུས། རྒྱུད་གབ་པ་གནད་གཟེར། རིན་ཆེན་སྤུངས་པ། སྡོང་པོ་ཀུན་འདུས་སོགས་ལ་བརྟེན་པ་རྒྱ་རྩིས་སྔ་འགྱུར། རྒྱུད་ཉི་མ་གསེར་འཕྲེང་། གཏེར་མཛོད་(༢༨བ)


GLG020_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་སྒྲོན་མེ་སོགས་ཀྱི་རྗེས་སུ་འབྲང་བ་རྒྱ་རྩིས་པར་འགྱུར། རྒྱུད་སྟག་སྣ་དང་། མདོ་བྱང་སོགས་ཀྱི་རྗེས་སུ་འབྲང་བ་རྒྱ་རྩིས་ཕྱི་འགྱུར་དང་གསུམ་དུ་བྱུང་ལ། རྒྱ་ནག་སྔ་འགྱུར་ལ་རྒྱ་བཟའ་དང་ལོ་ཙཱ་བ་དར་ཆེན་ཐིག་ལེས་བསྒྱུར་བ་དང་། མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་དུས་ལོ་ཆེན་བཻ་རོ་ཙ་ན་སོགས་ཀྱིས་བསྒྱུར་བ་གཉིས་ཀ་མཐུན་པས་བཻ་རོའི་འགྱུར་དེ་བར་འགྱུར་དུ་གྲགས་ཀྱང་དོན་སྔ་འགྱུར་ཕྱི་མར་གཏོགས་པའི་ལུགས་དང་། ཕྱི་འགྱུར་མངའ་བདག་ཁྲི་རལ་གྱི་དུས་བསྒྱུར་བ། ཡང་འགྱུར་ལོ་ཙཱ་བ་ཁམ་པ་ཁྲ་མོས་གསལ་སྒྲོན་སོགས་བསྒྱུར་བའི་འགྱུར་སྔ་ཕྱི་བཞི་ཙམ་བཤད་པ་དང་། ཡང་ལུགས་གསུམ་དུ་བྱས་པའི་རྒྱ་ནག་སྔ་འགྱུར་གྱི་རྗེས་འབྲང་གྲྭ་ཕུག་ལུགས། བར་འགྱུར་གྱི་རྗེས་འབྲང་བྱང་པ་རིགས་ལྡན་ཆེན་པོ་དང་སྤུག་སྟོན། ཕྱི་འགྱུར་གྱི་རྗེས་འབྲང་མཁས་པ་རྒྱ་དྲུག་པ་དང་ཟུར་མཁར་བ་མང་ཐོས་བློ་གྲོས་རྒྱལ་པོ་སོགས་བྱུང་བར་སྣང་མོད། འོན་ཀྱང་ལོ་རྒྱུས་རྙིང་པ་རྣམས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཡུམ་རྒྱ་བཟའ་རང་གི་ལུས་ནས་ཆད་པའི་བུ་དབང་རྒྱུ་མ་བྱུང་བར་བརྟེན་བོད་ཀྱི་ས་དཔྱད་ཐམས་ཅད་ཀྱང་ཉམས་སུ་བཅུག་རྩིས་ཀྱི་སྐོར་འགོ་ཐམས་ཅད་འཕྱུགས་པར་བྱས་པས་ལོ་འགོ་སོགས་མ་དག་པ་བྱུང་ཟེར་བ་ལྟར་ན་བཻ་རོའི་འགྱུར་དང་། རྒྱ་བཟའ་སྔོན་མའི་རྩིས་གཉིས་ཞུས་དག་ཕེར་མི་ཕེར་སོམ་ཉིའི་ཡུལ་དུ་འདུག་ཅིང་། གང་ལྟར་གོང་དུ་དྲངས་པའི་གྲྭ་ཕུག་པ་སོགས་མཁས་པ་དེ་རྣམས་ལོ་འགོ་ལ་རིམ་པ་ལྟར། མགོ་ཟླ་རྒྱལ་ཟླ། མཆུ་ཟླ་གསུམ་གྱི་ངོས་འཛིན་སོ་སོར་བྱུང་ཞིང་སྒྲུབ་བྱེད་ཀྱང་སྣ་ཚོགས་པ་ཞིག་སྣང་ལ། གཏེར་སྟོན་སངས་རྒྱས་གླིང་པས་སྤུ་རི་ཕུག་མོ་ཆེ་ནས་གདན་དྲངས་པའི་དགོངས་འདུས་ཀྱི་སྐར་ཡིག་གི་ལོ་འགོ་རྒྱལ་ལ་ངོས་བཟུང་འདུག་པས། དེ་ལྟ་ན་བཻ་རོའི་(༢༩ན)


GLG020_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་སོགས་བར་འགྱུར་གྱི་རྗེས་སུ་འབྲང་བ་རྣམས་ཀྱི་ལུགས་དང་མཐུན་དགོས་འདྲ་ནའང་། འགྱུར་རྙིང་དག་རྩིས་ཁུངས་མ་དེ་དང་མ་མཐུན་ཚེ་ལྷད་ཅན་དུ་འགྲོ་ལ། རྣམ་པར་མི་དག་པ་ལོ་ཆེན་བཻ་རོ་ལྟ་བུས་བསྒྱུར་བའི་སྐབས་ག་ལ་སྲིད། བར་སྐབས་སུ་བླུན་པོ་སྙིང་ཁམས་ཅན་གྱིས་རང་དང་མ་མཐུན་པ་རྒྱུ་མཚན་དུ་བྱས་ཏེ་ལྷད་སྣ་ཚོགས་པ་མ་བཅུག་པའི་ངེས་པ་ནི་མི་འདུག་རུང་། དགོངས་འདུས་གཏེར་ཆོས་སུ་སོང་བས་བར་སྐབས་སུ་ལྷད་རང་ནི་འོང་དོན་མི་འདུག །དུས་གསུམ་མཁྱེན་པ་ཨོ་རྒྱན་འཁྲུལ་པ་མི་སྲིད། སངས་རྒྱས་གླིང་པ་གཏེར་སྟོན་རྣམ་དག་ཏུ་ངེས་ནའང་། སྐར་ཡིག་དེ་གདུལ་བྱའི་ཁམས་ཅི་རིགས་ལ་དགོངས་པའི་དྲང་དོན་ཡིན་ནམ། གལ་ཏེ་དགོངས་པ་ཅན་མིན་ན་བླུན་པོ་སྙིང་ཁམས་ཅན་གྱི་ལེའུ་ཐོ་རྙིང་པ་ཞིག་ལ་འགོ་རུ་མཁའ་འགྲོའི་བརྡ་ཡིག་དང་མཇུག་ཏུ་ས་མ་ཡ་རྒྱ་རྒྱ་བྲིས་ནས་གཏེར་ཆོས་ཀྱི་ཁྲོད་དུ་བཅུག་པ་མིན་ལས་ཆེ་སྙམ་ཕྱང་མོ་ཉུག་ཏུ་གྱུར་ཏོ། །གོང་གི་ལུགས་སྲོལ་དེ་དག་རྣམ་གྲངས་མང་ཞིང་། ལུང་རིགས་རྣམ་དག་གིས་དཔྱད་བཟོད་མི་བཟོད་ཀྱང་སྣ་ཚོགས་སྣང་བར་བར་སྐབས་སུ་ལྷད་ཆེས་མང་བ་ཞུགས་པའི་སྐྱོན་དུ་རྟོགས་པས། རྒྱལ་ཟླར་ལོ་འགོ་བྱེད་པ་རྒྱ་བཟས་རྩིས་གཞུང་དཀྲུགས་སྐྱོན་ཁོ་ནར་གོ་ཞིང་། རྟ་ཟླར་བྱེད་པ་ནི། མིང་ལའང་ཧོར་གྱི་ཟླ་བ་དང་པོར་གྲགས་ཤིང་། ཧོར་ཇིང་གིར་རྒྱལ་པོས་མི་ཉག་གི་ལག་ནས་རྒྱའི་རྒྱལ་ས་ཐོབ་པའི་ཟླ་བ་བཀྲ་ཤིས་པའི་དགའ་སྟོན་བྱས་པ་ལོ་གསར་དུ་བཟུང་བ་དཀྱུས་སུ་ཤོར་བས། ཇིང་གིར་གིས་སན་པ་བརྙེད་པའི་ཟླ་བ་ཟེར། བུ་སྟོན་ཐམས་ཅད་མཁྱེན་པས་ཀྱང་འདུལ་བའི་དུས་གོ་བློ་གསལ་མཛེས་རྒྱན་དུ། ཀྱེ་མ་གངས་ཅན་ལྗོངས་འདིར་ན། །མཁན་སློབ་ཁྱིམ་པས་བྱེད་པ་དང་། །(༢༩བ)


GLG020_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་པ་གཏོར་མས་ལེན་པ་དང་། །ལོ་འགོ་ཧོར་ཟླས་བྱེད་པ་སོགས། །ཞེས་འབྲེལ་ཁུངས་ཆུང་བར་མཛད་ལ། དེ་ལྟར་ན་ཅིའུ། ཚིན་ཏྲི་ཧྭང་། ཧ་ན། ཨང་མཾ། ཧན། ཚ་བོ་ཚ། འུ་མ། ཧེའུ་ཅིང་། ཆིང་སང་། སུའི་གཡང་དི་ཡི། ཐང་། ཧང་མའོ། ལྱེང་། མི་ཉག །ཧོར། རྟ་མིང་། མཉྫུ་སོགས་མུ་ཏིག་གི་རྒྱལ་ས་འཕོ་ལེན་ཤིན་ཏུ་མང་བས་ལོ་འགོའང་སྣ་ཚོགས་པར་འགྱུར་མོད། དེང་སང་གི་རྒྱ་རྣམས་ཀྱི་ལེའུ་ཐོ་ཧོར་ཟླ་དང་པོ་རང་ལ་ལོ་འགོར་བྱས་ནས་ས་བདག་བཀོད་ཟེར་བ་ཁ་མཐུན་ལན་གསུམ་ཙམ་ཐོས་པ་ནི་ཝན་ལི་རྒྱལ་པོའི་རྗེས་སུ་ཁྲིམས་ལྷོད་པས་ཡུལ་གྲུ་ཁོལ་བུར་བྱས་པ་འདྲ། མཁས་པ་ལ་ལ་ཐང་གི་རྒྱལ་རབས་རྫོགས་ནས་ལྱེང་གི་དུས་ཤིག་དུས་འཁོར་རྒྱ་ནག་ཏུ་ཕེབས་པས་འབྱུང་བ་སྐྱེ་རིམ་དང་མཐུན་པར་མཆུ་ཟླ་ལ་ལོ་གསར་མཛད་གསུང་བས་ཀྱང་ཀོང་ཇོའི་དུས་མཆུ་ཟླའི་ལོ་འགོ་མེད་པ་དང་དུས་འཁོར་གྱི་ཁུངས་དྲངས་པས་ནག་རྩིས་རང་ལུགས་མིན་པའི་སྒྲུབ་བྱེད་དུ་སོང་བས་སྤྲང་པོ་རྡུང་བའི་ལག་ཆ་སྤྲང་པོ་རང་གིས་ཁྱེར་རོ། །འཁྲུལ་པ་དང་བྲལ་ཞིང་བློ་གྲོས་དང་ལྡན་པ་མགུ་བ་སྐྱེ་བའི་གནས་སུ་གྱུར་པ་ནི། ཁྱུང་ནག་གིས། དཔྱིད་ཟླ་ར་བ་སྟག་ཡིན་ཏེ། །མགོ་ལ་ཉ་ན་ཟླ་བཤོལ་མེད། །ཅེས་གསུངས་པ་ལྟར། དགུན་ཉི་ལྡོག་པའི་ཟླ་བར་ལོ་འགོ་འཛིན་རིགས་པས། རིན་ཆེན་སྤུངས་པ་ལས། ཟླ་བ་མ་ནོར་ངེས་པ་ནི། །དཔྱིད་ཟླ་ར་བ་རྐང་མཐོ་བདུན། །འབྲིང་པོ་དྲག་ལ་ཐ་ཆུང་ལྔ། །དབྱར་ར་བཞི་དང་འབྲིང་པོ་གསུམ། །ཐ་ཆུང་གཉིས་དང་སྟོན་པ་གཅིག །དེ་ཉིན་རང་གྲིབ་རང་ལ་འཁོར། །ཞེས་དང་། མན་ངག་སྣང་གསལ་ལེའུ་བརྒྱ་དང་བཅུ་བཞི་མ་ལས། ཟླ་བ་མ་ནོར་ལེགས་པར་བརྩིས། །དཔྱིད་ཟླ་ར་བ་རྐང་མཐོ་བདུན། །ཞེས་ཉི་མའི་གུང་གི་དུས་རང་གྲིབ་ལ་རྐང་མཐོ་བདུན་འབྱུང་བ་ཉི་མ་གཞུ་ཁྱིམ་དུ་སྤྱོད་པའི་སྐབས་(༣༠ན)


GLG020_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས། སྒྲུབ་བྱེད་ཤིན་ཏུ་བཟང་ལ། སྣང་གསལ་ལས། ཐེ་སེ་རྒྱལ་པོ་རླུང་ལ་ཞོན། །ཐེ་ཁྱིམ་རྒྱལ་པོའི་བཙུན་མོ་དེ། །ཞག་གཉིས་རྟིང་ལ་སྐྱ་བོར་འགྱུར། །ཞེས་ཐེ་སེ་རྒྱལ་པོ་ལོ་འཕོ་འཚམས་ནས་གནས་སྤོ་བས་ཀྱང་རྟོགས་ནུས་ཤིང་། འབྱུང་བ་ཁོང་ཁྲོལ་ལེའུ་བཅུ་པ་ལས། ལོ་ཟླ་བས་འཕོ། ཟླ་བ་ཚེས་གྲངས་ཀྱི་འཕོ། ཚེས་གྲངས་དུས་ཚོད་ཀྱིས་འཕོ། དཔྱིད་ཟླ་ར་བའི་ཚེས་གཅིག་གི་ནམ་ལངས་ནས་ལོ་གསར་བར་རྩིས་ཤིག །ཅེས་སོགས་ལུང་རིགས་མཐའ་ཡས་སོ། །རྨེ་བ་མ་འཁྲུལ་བར་ངེས་པ་ཞིག་བྱུང་ཡང་ཟླ་བ་འཕྱུགས་ན་ཟླ་བའི་སྲོག་ལུས་དབང་ཐང་དང་རྨེ་བ་འཐབ་པའི་སྐབས་ཇི་ལྟ་བ་མི་འོང་བས། རྩིས་ཚད་ལྡན་ཞིག་བྱེད་པའི་སྔོན་དུ་རྒྱ་གར་སྐད་ལྟ་བུའི་མེད་དུ་མི་རུང་བ་ཐོག་མར་ལོ་དང་ཟླ་བའི་འགོ་ཚུལ་བཞིན་ཤེས་དགོས་པས་མཐའ་ཅུང་ཟད་དཔྱད་པ་ཡིན། མཁས་པ་ཆེན་པོ་ཟུར་མཁར་བ་བློ་གྲོས་རྒྱལ་པོས་ཞུ་དག་མཛད་པའི་གྲ་ཐང་གི་གསོ་དཔྱད་ཀྱི་རྒྱུད་བཞི་སྤར་མར། དཔྱིད་ཟླ་གསུམ་ནི་ཤིང་རྩི་ཁ་འབུས་དུས། །རྟག་པ་དབོ་དང་ནག་པས་ནམ་ཚོད་འཛིན། །བྱིའུ་ཅོ་ཀ་རང་སྐད་འབྱིན་པའི་དུས། །བདུན་ཅུ་རྩ་གཉིས་ཤིང་ཁམས་མཆིན་རྩ་རྒྱུ། །ཅོ་ཀའི་སྐད་ལྟར་ཕྲ་ལ་གྲིམས་པར་འཕར། །ལྷག་མ་བཅོ་བརྒྱད་ས་ཁམས་མཆེར་རྩ་རྒྱུ། །ཞེས་དག་ཆ་མཛད་ནས་མེས་པོའི་ཞལ་ལུང་དུ། དཔྱིད་ཟླ་ར་བ་སྟག་གི་ཟླ་བ་མ་ནོར་བ་ནི། བྱ་གཞུག་ལྕགས་ཀྱི་སྒོ་མོས་ཚེས་ནས་རྟ་པ་གསེར་གྱི་སྒོ་མོས་ཉ། རང་རྟགས་སུ་སྟག་གཅན་གཟན་གྱི་རྒྱལ་པོ་སྒྲ་དོན། གཅན་གཟན་ཐམས་ཅད་འཇུག །ཕྱི་རོལ་ཤིང་གི་ཁམས་འཕེལ་བ་ལ་དྲོད་བག་ཙམ་ཕེབས། ཤིང་རྩི་ཁ་འབུས། བར་ན་ཅོ་ག་སྐད་འབྱིན། བྱ་གོ་བོ་ཚང་གསོག །རླུང་དམར་འགོ་ལྡང་། (༣༠བ)


GLG020_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་གསུམ་ལ་ཕྱི་ཐོལ་བབས། ཞེས་སོགས་ཀྱི་སྒྲུབ་བྱེད་མཐའ་ཡས་པར་མཛད་ཅིང་། དེ་དག་ལ་བརྟེན་ནས་ལ་ལ་ཟུར་མཁར་བའི་ལུགས་ཁོ་ན་ལ་ཞེན་པས་ཕུག་ལུགས་སུན་འབྱིན། ལ་ལ་ཕུག་ལུགས་ལ་ཞེན་པས་གསོ་དཔྱད་ཀྱི་ཕྱོགས་ལ་དགག་པ་བྱས་ནས་ཚ་གྲང་ལྟར་མཐོང་མོད། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་འདི་དངོས་གཞི་ནག་རྩིས་པའི་བརྡ་ཆད་གཙོ་ཆེ་བ་ཡོད་པས། ནག་རྩིས་པའི་ལུགས་ལ་དཔྱིད་ར་སྟག་ལ་ལོ་འགོ་བྱེད་པར་གྲགས་པའི་རྗེས་སུ་འབྲིང་བ་ཙམ་ཡིན་ནའང་ནག་རྩིས། ཚད་ལྡན་དང་ཅུང་མི་མཐུན་པའི་རྒྱུ་མཚན། གསོ་དཔྱད་ལ་འབྱུང་བ་ལྔ་མ་བུ་དགྲ་གྲོགས་ཀྱི་སྐོར་དང་། ཆུ་མདོའི་སྐབས། གདོན་ཆུ་གང་བཏང་ངོས་དེ་ཤར་དུ་བརྩི། །ཆུ་དེ་སྲིད་པའི་རུས་སྦལ་གན་རྐྱལ་གནས། །མགོ་བོ་ལྷོར་བསྟན་ཐིག་བཞིས་ས་དགུར་གཅད། །གཡས་གསུམ་ལྷ་ས་མི་ས་གདོན་ཀྱི་ས། །གཡོན་གསུམ་དུར་ས་ཁང་ས་ཞིང་གི་ས། །དབུས་གསུམ་ཕ་མེས་རང་དང་བུ་ཚའི་ས། །ལིང་ཚེ་དགུ་པོའི་ས་དེར་གཟུགས་བརྙན་བརྟག །ཅེས་པ་སོགས་འགའ་ཞིག་མ་གཏོགས་སྤར་རྨེ་སོགས་ཀྱི་ཞིབ་ཆ་མེད་པར། གཙོ་བོར་གསོ་བ་གཉེན་པོ་སྨན་གྱི་སྦྱོར་སྡེ་བྱེད་པ་ལ། གསོ་བྱའི་ནད་ངོས་ཟིན་དགོས། དེ་ལ་དུས་བཞི་ཁམས་ལྔའི་རྩ་མ་ནོར་བར་རྟོགས་དགོས་པ། ནད་ལུས་ཀྱི་ཤིང་རྩ་དར་བ་ཕྱི་རོལ་གྱི་ཤིང་རྩི་རྒྱས་པ་ལ་ལྟོས་དགོས་པར། ཇི་སྐད་དུ། པདྨའི་མཚོ་ལ་ངང་པ་འདུ། །དྲི་ལྡན་མེ་ཏོག་བུང་བ་སྡུད། །འབྲོག་བཟང་དུ་ནི་རི་དྭགས་འཁོར། །ཤ་ཡི་དྲི་ལ་ཤ་སྦྲང་འཁོར། བཟའ་གཏུང་མང་སར་སྐྱེ་བོ་འཚོག །གལ་ཏེ་དེ་དག་མི་ལྡན་ན། །བསྡུས་ཀྱང་སྐྱེ་བོ་ཕལ་ཆེར་འབྲོས། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་པར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གི་འདི་ནི་(༣༡ན)


GLG020_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པ་རྣམས་མཆོག་མཐོང་། །ཞེས་པ་ལྟར། རྟེན་འབྲེལ་གྱི་ཆོས་ཉིད་འདི་མི་སླུ་བས་མ་མཛོལ་བར་འགྲིག་དགོས་པ་ཡིན། དེའི་དབང་དུ་བྱས་ནས་རྩ་བརྟག་པའི་དབང་གིས་ཕྱིའི་དུས་གཙོ་ཆེ་བར་བྱུང་ཞིང་། དེ་ཡང་རྟ་ཟླ་ལ་གཙང་མཁྲིས་མདའ་སྐོར་གྱི་ཤིང་རྩི་ཁ་འབུས། དབོ་ཟླ་ལ་བར་ཚིགས་པ་རྣམས་ཀྱི་ཤིང་རྩི་ཁ་འབུས། ནག་ཟླ་ལ་ཕུ་རགས་ཀྱི་ཤིང་རྩི་ཁ་འབུས་པས་རྩ་རྟོགས་པའི་ཆེད་དུ་འདི་གཙོ་བོར་འདོན། ཚེས་ལ་རྒྱུ་བའི་ས་བདག་སོགས་ཀྱི་མཁོ་བྱེད་མེད་ལ། གྲ་ཕུག་པ་བའི་ལུགས་ནི་རྩའི་ཕྱི་ནང་གི་དུས་མི་གཙོ་བར། ལོ་ཟླ་ཞག་ཚེས་ཀྱི་ས་བདག་མི་འཕྱུག་པ་གཙོ་ཆེ་བས། ལུང་རིགས་གཞན་གྱི་སྒྲུབ་བྱེད་ལྟ་ཅི་སྨོས། ས་བདག་རྒྱལ་པོ་ཐེ་སེ་རང་གནམ་ལོའི་རྟ་ལ་ཞོན་ནས་མགོ་ཟླའི་ནང་དུ་འཕོས་པའི་རྒྱུ་མཚན་གྱིས་ཐེ་སེ་གར་གནས་ཀྱི་བྱི་བ་སོགས་གནམ་ལོ་ཡིན་པར་སོང་བས་ཀྱང་ལོ་འགོའི་སྒྲུབ་བྱེད་གཞན་གྱིས་བྱེད་མ་དགོས་པར་ཐེ་སེ་རང་གིས་བྱས་པ་ཡིན་ནོ། །དེས་ན་སྔ་མས་དུས་བཞིའི་འགྱུར་ལྡོག་དང་བསྟུན་ནས་རྩ་ལྟ། ཕྱི་མས་ནི་ས་བདག་གི་རྗེས་སུ་འབྲངས་ནས་སྤང་བླང་སྟོན་པ་ཡིན་པས་དགོངས་པ་མི་འགལ་བར་ནག་རྩིས་རང་བྱེད་དུས་ཧོར་ཟླ་བཅུ་གཅིག་པ་དང་། གསོ་དཔྱད་ལ་འཇུག་དུས་ཧོར་ཟླ་དང་པོར་ལོ་འགོ་ཟུངས་ཤིག་ཅེས་གསོ་བ་རི་པའི་གཙུག་ལག་དང་། རྒྱ་ནག་སྤོར་ཐང་གི་རྩིས་ཕྱོགས་ཙམ་མཐོང་བའི་སྙོམ་ལས་མཁན་ཙུ་ཏིའི་ཡུལ་གྱི་རྐང་གཉིས་པ་ཞིག་མགྲིན་པའི་ལམ་ནས་ངོ་མཚར་བའི་གཏམ་ཅུང་ཟད་སྨྲ་བ་ལགས་སོ། །ཀོང་ཙེ་ལྟ་བུའི་མཁས་མཆོག་དཔལ་མགོན་འཕྲིན་ལས་དང་། དྲང་སྲོང་ཡིད་ལས་སྐྱེས་ལྟ་བུའི་ཟུར་མཁར་བློ་གྲོས་རྒྱལ་པོ་གཉིས་ཀྱི་དགོངས་པའི་ཞི་ཕུགས་མ་གོ་བའི་ཚིག་ཙམ་ལ་ཐོས་སྒྲོག་ཏུ་(༣༡བ)


GLG020_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ད་ལྟའི་ཕྱོགས་རེའི་མིག་ཅན་འགའ་རེས་གསོ་རིག་ལ་ཞེན་པ་རྒྱུ་མཚན་དུ་བྱས་ཏེ་ཟླ་བ་བཅུ་གཅིག་པ་བཅུ་གཉིས་པ་དང་པོ་གསུམ་གྱི་ས་བདག་རྣམས་དང་པོ་གཉིས་པ་གསུམ་པ་གསུམ་ལ་བཀོད་ནས་འཇིག་རྟེན་ཕུང་བའི་སྦྱོར་བ་རྩོམ། རྩིས་ལ་ཞེན་ཅིང་གསོ་དཔྱད་ཅུང་ཟད་ཤེས་པ་འགའ་ཞིག་གིས་ཟླ་བ་བཅུ་གཅིག་པ་ཆུ་གོང་བུར་འདྲིལ་དུས་ལྕགས་ཁམས་ཀྱི་རྩ་འཕར་བ་ཤིང་ཁམས་སུ་ངོས་བཟུང་ནས་ནད་བུ་ཅན་སྐལ་དམན་མང་པོའི་གཤེད་དུ་གཤིན་རྗེའི་ཞགས་ཐོགས་མངོན་སུམ་དུ་རྒྱུ་བ་རྣམས་གོང་དུ་བཤད་པ་དེ་དག་བརྟེན་ནས་བློ་ནང་དུ་འགུགས་རིགས་ནའང་། ངན་པ་ཇི་ལྟར་བཅོས་གྱུར་ཡང་། །རང་བཞིན་བཟང་པོ་འབྱུང་མི་སྲིད། །སོལ་བ་འབད་དེ་བཀྲུས་ན་ཡང་། །ཁ་དོག་དཀར་པོ་མི་སྲིད་དོ། །ཞེས་གསུངས་པ་ལྟར་ཕན་པར་དཀའོ། །འཕན་ཡུལ་རྒྱལ་གྱི་ལྷ་རྗེ་གནས་བརྟན་པས། ཧོར་ཟླ་དང་པོ་ལ་ཤིང་རྩི་ཁ་མི་འབུས་ཞེས་སྨྲས་པ་ན། ཟུར་མཁར་བས། ཁྱོད་རང་འཕན་ཡུལ་གྱི་ལུང་པའི་ཕུར་བསྡད་པས། གཙང་མཁྲིས་ཀྱི་ཤིང་རྩི་ཁ་འབུས་པ་མ་མཐོང་བར་འདུག་ཅེས་གསུངས་པར་སྣང་། དེ་སང་ཡང་བློ་ཆུང་མང་པོས། ཧོར་ཟླ་བཅུ་གཅིག་པ་དཔྱད་པ་ཡིན་པའི་འགྲོས་ཐོས་ཚེ། དགུ་འདྲེན་དུས་དཔྱིད་ཀ་མི་འོང་ཞེས་གཏམ་རྔམས་པོ་ཆེར་རྩི་བ་ནི་རྒྱལ་ཁམས་མ་མཐོང་བའི་སྐྱོན་ཏེ། མཁས་པའི་གསུང་ལས། ཁམས་ཀྱི་དབྱེར་མོ་ཐང་ཞེས་པར། །སྟོན་ཡང་དཔྱིད་ལ་དཔྱིད་ཀྱང་སྟོན། །མོན་ཡུལ་མཐིལ་གསུམ་དཔྱིད་ཀྱང་སྟོན། །ཀོང་ཡུལ་བྲི་སྣར་དགུན་ཡང་དབྱར། །བྱང་ཁམས་སྣ་བརྒྱད་དབྱར་ཡང་དགུན། །དེ་བས་དེ་ལྟར་རིག་པར་འཚལ། །ཞེས་པ་ལྟར་རོ། །འོན་ཀྱང་གསོ་དཔྱད་དང་རྩིས་སུ་མ་ཟད་རིག་གནས་གང་ལའང་དུས་དབང་གི་ཐོས་བསམ་བྱས་པ་ཉུང་ཞིང་ཚུལ་(༣༢ན)


GLG020_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཤེས་པ་རེ་གཉིས་བྱུང་ནའང་། མཁས་པ་མཁས་པའི་ནང་ན་མཛེས། །བླུན་པོས་མཁས་པ་ཇི་ལྟར་གོ །ཙན་དན་གསེར་ལས་རིན་ཆེ་བ། །བླུན་པོས་སོལ་བར་བྱས་པ་ལྟོས། །ཞེས་པའི་དོན་ལྟར་རྣམ་དཔྱོད་དང་ལྡན་པ་རྣམས་ལྷ་མེད་དབང་པོ་མ་ཚང་བར་སོང་ཞིང་། དུད་འགྲོ་ཆེ་གེ་མོ་དང་། མི་ཆེ་གེ་མོའི་སྤྲུལ་པའོ། ཞེས་བསླབས་ཤེས་ཏེ་ཡོན་ཏན་གང་ཡང་མེད་པ་ལ། གྲུབ་ཐོབ་དང་སྤྲུལ་སྐུའི་མིང་སྙན་སྙན་པོར་བྱས་ཏེ་ཆེན་པོའི་ཁེངས་དྲེགས་དང་བཅས་ནས་མ་བསླབས་པ་དང་མི་ཤེས་པར་ངོ་སོ་བྱེད་པ་མང་བས། གཏིང་ནས་ཉམས་པའི་ཁྲེལ་འདས་རྣམས། །རང་གི་གཏམ་ངན་ངོ་སོར་འཁྱེར། །ཀན་རྩིའི་ཡུལ་གྱི་རྒྱལ་རིགས་འགའ། །ཕ་བསད་པ་ལ་རྒྱལ་རྔ་རྡུང་། །ཞེས་དང་། མཁས་རྣམས་རིག་པ་ཡོན་གྱིས་བླུ། །བླུན་པོ་རིག་པ་བསླབས་ཀྱང་སྤོང་། །ཕལ་ཆེར་ནད་ལ་སྨན་ཟ་ཡང་། །ལ་ལ་གསོན་པོར་ལྕེབ་པ་ཡོད། །ཅེས་པའི་བརྗོད་དོན་ནོ། །འགའ་ཞིག་མདོ་འཛངས་བླུན་ལས། དེའི་ཚེ་དཔྱིད་ཟླ་ར་བའི་ཚེས་ཞག་གཅིག་གི་ཉིན་བཅོམ་ལྡན་འདས་ཆོ་འཕྲུལ་འགྲན་པའི་གནས་སུ་གཤེགས་པ་དང་། རྒྱལ་པོ་གསལ་རྒྱལ་གྱིས་མཆོད་པའི་ཡོ་བྱད་དང་ཞལ་ཟས་བཤམས་ནས། བཅོམ་ལྡན་འདས་ལ་ཕྱག་བདར་ཏེ་ཕུལ་ལོ། །བཅོམ་ལྡན་འདས་ཀྱི་ཚེམས་ཤིང་གསོལ་ནས། །ཚེམས་ཤིང་ས་ལ་བཙུགས་སོ། །ས་ལ་གཙུག་མ་ཐག་ཏུ་སྐྱེས་ནས་ཡལ་ག་དང་ལོ་མ་རྒྱས་པ། མཐོ་ཁྱད་དཔག་ཚད་ལྔ་བརྒྱ་བར་གྱུར་ཏེ། ཡལ་ག་དང་ལོ་མ་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ལྔ་བརྒྱ་ཁེབས་སོ། །ཞེས་པ་ཁུངས་སུ་འདྲེན་པ་ནི་མི་རིགས་ཏེ། སྤྱིར་མདོ་ལས་ཁུངས་ཆེ་བ་ཅི་ཡོད་ཀྱང་། མདོ་ནས་བཤད་པ་རྣམས་རྒྱ་གར་བའི་ལུགས་ཡིན་ལ། རྒྱ་གར་དུ་ས་བདག་སོགས་ཀྱི་རྣམ་གཞག་མེད་པ་སོགས་(༣༢བ)


GLG020_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སྲོལ་མི་འདྲ་ཞིང་། དུ་འཁོར་བ་ནག་ཟླ་ནས་ལོ་འགོ་བྱེད་པ་དང་། འདུལ་མངོན་ཧོར་ཟླ་བརྒྱད་པ་དགུ་པ་བཅུ་པ་གསུམ་ལ་ལོ་འགོ་ངོས་འཛིན་ནང་མི་མཐུན་པ་སྣ་ཚོགས་ཡོད་ལ། མར་བ་ལོ་ཙཱ་བས། ཆོ་འཕྲུལ་ཁྲ་ཡི་ཟླ་བ་ལ། །མི་ཁོ་བོ་རྒྱ་གར་ལམ་དུ་ཆས། །ཞེས་ཧོར་ཟླ་གཉིས་པར་མཛད་པ་དང་། བྱམས་པ་ལུང་བསྟན་པ་ཚིགས་སུ་བཅད་པ་བརྒྱད་པར། ཆོ་འཕྲུལ་ཝ་ཡི་ཟླ་བ་ལ། །ཞེས་པར་བརྟེན། ཝ་ནི་སྐར་མ་སྐག་ཡིན་ལ་དེ་རྒྱལ་དང་ཉེ་བའི་དབང་དུ་བཏང་ནས་ཧོར་ཟླ་བཅུ་གཉིས་པར་འཆད་པའང་སྣང་། ལུགས་སྲོལ་ཐ་དད་པ་མང་བས་ན་སོ་སོའི་རང་སྐད་དབྱེ་ཤེས་པའི་རིག་པའི་བདག་ཉིད་ཕྱེད་དགོས་པས། མཁས་པ་རང་གིས་དཔྱོད་ཤེས་ཀྱི། །བླུན་པོ་གྲགས་པའི་རྗེས་སུ་འབྲང་། །ཁྱི་རྐན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག །ཅེས་པའི་ལུགས་སུ་སོང་ན་མཁས་པའི་ཁྱུར་མི་ཆུད་དོ། །དཔལ་ཡེ་བཟང་རྩེ་བས། ཆོ་འཕྲུལ་ཝ་ཞེས་པའི་ཝའི་སྐད་དོད་རྒྱ་དཔེ་ལ་མེད་གསུང་བ་ལེགས་པར་བཤད་པ་ཡིན་མོད། ད་ནི་དུས་དབང་གིས་ཆེར་རློམ་དང་མཁས་རློམ་ཕལ་ཆེར་རྣམས་རྒྱ་དཔེ་ཕ་རི་ངོས་སུ་བཞག་ནས་བོད་དཔེ་གཟིགས་ཁྱད་ཀྱིས་ཀ་མད་སུམ་ཅུར་ཐུགས་གཉེར་གནང་བ་ཞུ། དངོས་དོན་གྱི་སྙིང་པོ་དྲུག་ཅུ་སྐོར་བར་གྲགས་པའི་ལུགས་ལ། མར་མེ་མཛད་ཀྱི་བསྟན་པ་ལ། །ཤིང་ཕོ་བྱི་བའི་གཅིག་དཀར་ནས། །ཆུ་མོ་ཕག་གི་ལྔ་སར་ཟད། །མ་འོངས་བྱམས་པའི་བསྟན་པ་ལ། །ཤིང་ཕོ་བྱི་བའི་བདུན་དམར་ནས། །ཆུ་མོ་ཕག་གི་གཉིས་ནག་ཟད། །ད་ལྟ་ཐུབ་པའི་བསྟན་པ་ལ། །ཤིང་ཕོ་བྱི་བའི་བཞི་ལྗང་ནས། །ཆུ་མོ་ཕག་གི་བརྒྱད་དཀར་ཟད། །ཅེས་ཁུངས་བྱེད་པ་ནི། བློ་ངན་ལས་ལ་སྤྱོད་པ་ལ། །རང་གི་འབད་པས་ཐོབ་པར་སེམས། །ཁྱི་རྒན་ཡ་སྐན་ཕུག་པའི་ཁྲག །རུས་པའི་བཅུད་དུ་བསྒོམས་(༣༣ན)


GLG020_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཆའ། །ཞེས་པ་དང་འདྲ་བས་སྙིང་པོ་ཅི་ཡང་མེད་དེ། སྔོན་འབྱུང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྐྱོང་ལ་བུ་སྟོང་དང་ལྔ་ཡོད་པར། བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་རིལ་བ་བྷྲིཾ་ཀ་ར་བྱ་བར་གཞོན་ནུ་རྣམས་ཀྱི་མཚན་བཅུག་སྟེ་རིམ་གྱིས་བཏོན་ནས་བརྟགས་པའི་ཚེ། འོ་ཀོལ་གྱི་སྟོན་པ་ཤཱཀྱ་ཐུབ་པ་ལ་གཞོན་ནུ་མིག་མི་འཛུམ་དུ་གྱུར་པ་དེས་སྙིགས་མ་བས་ཀྱང་སྙིགས་མའི་དུས་སུ་འཚང་རྒྱ་བར་ཞལ་གྱིས་བཞེས་པར་བཤད་པའི་སངས་རྒྱས་དེ་སངས་རྒྱས་སྟོང་གི་བཞི་པ་ཡིན། བསྐལ་བཟང་སོགས་ནས་བཤད་པའི་སངས་རྒྱས་སྟོང་མཐར་ཆགས་སུ་འབྱུང་རྒྱུའི་བསྐལ་པ་འདི་ལ་བཟང་པོའི་བསྐལ་པར་གྲགས་ཤིང་། མར་མེ་མཛད་ནི་བསྐལ་པ་འདིའི་སྔོན་དུ་བྱུང་བས། དེའི་དུས་འཇམ་དབྱངས་ཀྱིས་རྩིས་གསུངས་ཟིན་པའི་སྒྲུབ་བྱེད་ཚད་ལྡན་ཅི་ཡོད། དེ་ལྟར་ན། མདོ་དང་འདུལ་བ་ལུང་ལས་གསུངས་པའི་སངས་རྒྱས་འཁོར་བ་འཇིག །གསེར་ཐུབ། འོད་སྲུང་སོགས་ཀྱི་རྨེ་བའང་དོན་གྱིས་འཐོབ་པས། བསྐལ་བ་འདི་ལ་རྨེ་འཕྲེང་སྟོང་ཙམ་དགོས་པར་འགྱུར། རྨེ་འཕྲེང་བར་མ་རྐྱང་པར་འཁོར་ཚེ་རྨེ་བ་ལྔ་སེར་དྲུག་དཀར་བདུན་དམར་གསུམ་ཆད་ནས་མཆོངས་པའི་ཉེས་པ་འཇུག་ཅིང་། དེ་ལ་སྐྱོན་མི་འོང་ན་ལོའང་ངེས་མེད་འཆོལ་བར་བྱས་ནའང་འགལ་བ་ཅི་ཡོད། ལུགས་ངན་འདི་འདྲ་ལ་ཡིད་རྟོན་པ་ནི། གྱོལ་པོ་གསུམ་གྱིས་ཡུལ་འཇིག་པའི་དཔེ་འདིར་འོང་ངོ་། །དེས་ན་རིན་ཆེན་སྤུངས་པའི་རྒྱུད་ལེའུ་དྲུག་པ་ལས་སྲོག་གི་སྐྱེ་བོ་དབུས་བཞག་སྟེ། །སྲོག་ནས་བཞི་ནི་ལུས་ཡིན་ལ། །ལུས་ནས་བཞི་ནི་དབང་ཐང་ཡིན། །ཞེས་དང་། བཞི་ཡི་ཐ་མ་བརྒྱད་ལ་ཟད། །བརྒྱད་ཟད་པ་དེ་བདུན་ལ་འཁོར། །བདུན་གྱི་ཐ་མ་གཉིས་ལ་ཟད། །གཉིས་ཟད་པ་དེ་གཅིག་ལ་འདྲོངས། །གཅིག་གི་ཐ་མ་ལྔ་ལ་ཟད། །ལྔ་ཟད་(༣༣བ)


GLG020_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་བཞི་ལ་འཁོད། །ཞེས་རྨེ་འཕྲེང་ལ་དྲུག་ཅུ་ཚར་གསུམ་ཡོད་པའི་དྲུག་ཅུ་སྐོར་རེ་ལ་རྨེ་འཕྲེང་རེ་སྤྱད་པས། དཔལ་མགོན་འཕྲིན་ལས་ཞབས་ཀྱི་དུས་དྲུག་ཅུ་སྐོར་དགུ་པའི་ཚེ། རྨེ་འཕྲེང་གོང་མར་རེས་བབས། དེ་ནས་ད་ལྟ་དྲུག་ཅུ་སྐོར་བཅུ་གཅིག་པའི་ཚེ་རྨེ་འཕྲེང་འོག་མར་ཡོད་ལ། རྨེ་འཕྲེང་ཆད་ལྷག་མེད་པར་འཁོར་བས། རྨེ་བའི་རྒྱུད་སམ་བཀའ་སུམ་འགྱུར་ལས་ཀྱང་། ཕོ་བྲང་དང་པོ་གཅིག་འབྱུང་སྟེ། །གཅིག་གི་ཐ་མ་ལྔ་ལ་ཟད། །ལྔ་ཟད་པ་དེ་བཞི་ལ་འདྲོངས། །བཞི་ཡི་ཐ་མ་བརྒྱད་ལ་ཟད། །བརྒྱད་ཟད་པ་དེ་བདུན་ལ་འདྲོངས། །བདུན་གྱི་ཐ་མ་གཉིས་ལ་འདྲོངས། །གཉིས་ཟད་པ་དེ་གཅིག་ལ་འཁོར། །འཁོར་ཞིང་འཁོར་བ་མ་གཏོགས་པ། །ལྷག་ཅིང་ཆད་པ་ལོགས་ན་མེད། །རྨེ་བ་དྲུག་ཅུ་ཚན་གསུམ་ལ། །བརྒྱ་དང་བརྒྱད་ཅུ་ཐམ་པ་འབྱུང་། །བརྒྱད་ཅུ་སྐོར་ཞེས་བརྗོད་པ་ཡིན། །ཞེས་སོ། །དེ་ལྟར་ལྷག་ཆད་མེད་པའི་སྲོག་ལུས་དབང་ཐང་གི་རྨེ་འཕྲེང་གསུམ་པོ་དེ་ཡང་། ཕོ་བྲང་བརྒྱད་ཅུའི་འགྲེལ་པ་ལས། དང་པོ་རྨེ་བའི་རྩིས་འགོ་ནི། །སྲོག་སྐྱེས་པ་ཡི་རྨེ་བ་ལ། །ཤིང་ཕོ་བྱི་བའི་གཅིག་དཀར་ནས། །ཆུ་མོ་ཕག་གི་ལྔ་སེར་བར། །ལོ་འགྲོས་དྲུག་ཅུ་ཐམ་པ་ཚང་། །དེ་ནས་ལུས་ཀྱི་རྨེ་བ་ནི། །ཤིང་ཕོ་བྱི་བའི་བཞི་ལྗང་ནས། །ཆུ་མོ་ཕག་གི་བརྒྱད་དཀར་བར། །ལོ་འགྲོས་དྲུག་ཅུ་ཐམ་པ་ཚང་། །དེ་རྗེས་དབང་ཐང་སྐྱེས་རྨེ་དེ། །ཤིང་ཕོ་བྱི་བའི་བདུན་དམར་ནས། །ཆུ་མོ་ཕག་གི་གཉིས་ནག་བར། །ལོ་འགྲོས་དྲུག་ཅུ་ཐམ་པ་ཚང་། །དེ་ནས་ཤིང་བྱི་གཅིག་འཁོར། །དེ་ལྟར་དྲུག་ཅུ་ཚན་གསུམ་ལ། །བརྒྱ་དང་བརྒྱད་ཅུ་ཐམ་པ་ཡོད། །ཅེས་སོ། །གཞན་ཡང་གནམ་གྱིས་བསྐོས་པའི་རྒྱལ་པོ་སྡེ་སྲིད་ཕག་མོ་གྲུ་པའི་ཕོ་བྲང་སྣེའུ་གདོང་རྩེར་དྲུག་ཅུ་སྐོར་བདུན་པའི་(༣༤ན)
མཇུག་གི་ཆུ་ཕོ་ཁྱི་ལ་རྟེན་འབུལ་བ་འོངས་སྐབས། ཆིང་ཤྲི་སྐལ་བཟང་གིས་ཁྱེར་བའི་རྒྱལ་པོས་ཁྲིམས་ཀྱིས་བཅད་པའི་ཁྱི་ལོའི་ལིའུ་ཐོ་ལ་དགུ་དམར་དབུས་སུ་བྱས་པ་དང་། ཡང་དྲུག་ཅུ་སྐོར་དགུ་པའི་ཆུ་སྤྲེ་ལོ་ལ་གཉིས་ནག་དབུས་སུ་བྱས་པ་སོགས། རྩིས་རིག་སྨྲ་བའི་གཙུག་རྒྱན་ཆོས་རྗེ་འཕྲིན་ལས་པས་མངོན་སུམ་དུ་གཟིགས་ཤིང་། ཁོ་བོས་ཀྱང་ཤར་ཕྱོགས་འཇམ་དབྱངས་གོང་མའི་རྒྱལ་ཁབ་ཏུ་བགྲོད་ཚེ་ལིའུ་ཐོ་ཚར་གཉིས་ཙམ་མཐོང་བའི་ཚེས་ཀྱི་ཆད་ལྷག་བཤོལ་སོགས་ཐམས་ཅད་གྲྭ་ཕུག་ལུགས་ཀྱི་ཕྱག་ལེན་དང་ཞུས་དག་ཕེར་བར་སྣང་ངོ་། །


previousདྲི་བ་གསུམ་པ། རྒྱ་ལུགས་ཀྱི་རྩིས་གཞུང་ལས་སྐོར་འགོའི་གཙོ་ཆེ་སྐྱེ་རྨེ་འཛིན་པ་ལ་བརྒྱད་ཅུ་སྐོར་དང་དྲུག་ཅུ་སྐོར་ཞེས་ལུགས་གཉིས་ལས་གང་ཞིག་ཁུངས་དང་ལྡན་མིན་གྱི་དྲིས་ལན།next