Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་རྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་བློ་གྲོས་འཕེལ་བ།
   


 
previousསློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་བློ་གྲོས་འཕེལ་བ། next

སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་བློ་གྲོས་འཕེལ་བ།


JKT002_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་བློ་གྲོས་འཕེལ་བ་ལས། པདྨ་འདབ་བརྒྱད་སེར་པོ་དབུས་དཀར་པོར་བྱས་ལ། དེའི་སྟེང་དུ་ལྷུང་བཟེད་དུ་ཤེས་རབ་འཕེལ་བར་བྱེད་པའི་རྫས། དབང་པོ་ལག་པ། གླ་རྩི། གི་ཝང་། སྤང་རྒྱན་དཀར་པོ་རྣམས་བ་དམར་མོའི་འོ་མས་སྦྲུས་ཏེ་རིལ་བུ་སྲན་མ་ཙམ་བྱའོ། །དེའི་སྟེང་དུ་འཇམ་དཔལ་དང་དབྱངས་ཅན་མ་གཉིས་ཀ་ཞལ་སྦྱོར་གྱི་ཙཀྲི་གཅིག་གཞུག་པར་བྱའོ་དང་། སྒྲུབ་པའི་ཚད་ཞག་བདུན་དུ་བྱའོ། །རྟགས་ནི་འོད་དང་སྒྲ་ལ་སོགས་པ་འབྱུང་ངོ་། །ཞག་བརྒྱད་ན་དཀྱིལ་འཁོར་གྱི་ལྷ་རང་དང་རིལ་བུ་ལ་བསྟིམ། རིལ་བུ་དེ་སྒྲུབ་པ་པོས་ཟོས་པས་འཇམ་པའི་དབྱངས་དང་ཤེས་རབ་མཉམ་པར་འགྱུར་རོ། །ཐུན་མོང་ཚེ་ཡི་


JKT002_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀྱང་ཐོབ་སྟེ། དེ་ལྟར་ཡང་། འདི་ཟོས་ཡོན་ཏན་བསམ་མི་ཁྱབ། །ལོ་བརྒྱ་ཐུབ་པ་བརྒྱད་བརྒྱར་འགྲོ། །དགུ་བཅུ་ལོན་པ་བཅུ་དྲུག་ལྟར། །སྐྲ་དཀར་བུད་ནས་ནག་པོར་འགྱུར། །བང་ནི་རྟ་དང་མཉམ་པར་འགྱུར། །སྒྲ་ནི་མེ་ཏོག་པདྨ་འདྲ། །ལུས་ནི་དཀར་ལ་སྦོམ་པར་འགྱུར། །ཉམས་སྟོབས་ལུས་ཟུང་འཕེལ་བར་འགྱུར། །ལྷ་འདྲེ་རྣམས་ཀྱིས་སྟོང་གྲོགས་བྱེད། །ཡོན་ཏན་སྨོན་འཇུག་སེམས་དང་ལྡན། །སེམས་བསྐྱེད་དེ་དང་ལྡན་པ་ཡི། །སྐྱེས་བུ་དེ་ནི་དམ་པ་ཡིན། །ཡོན་ཏན་དེ་དང་ལྡན་ཞེས་སྨྲ། །ཞེས་འབྱུང་ངོ་། །འདིའི་བདག་བསྐྱེད་འཇམ་དབྱངས་དམར་པོ། རིལ་བུ་དབྱངས་ཅན་མ་དཀར་པོད་རལ་ཅན། །མོར་བསྐྱེད་སྣང་། ༈ །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ་ལས། ཐུགས་རྗེ་ཆེན་པོ་ནམ་མཁའ་མཛོད་སེར་པོའི་སྒྲུབ་ཐབས་ལས། གཙོ་བོ་སྐུ་མདོག་སེར་པོ། ཡིད་བཞིན་གྱི་ཤིང་ལ་སྐུ་རྒྱབ་བརྟེན་པ། གཡོན་པདྨོ་འཛིན་ཅིང་། གཡས་ནོར་ཐམས་ཅད་སྦྱིན་པ་མཛད་པའི་གཡས་སུ་འཕགས་པ་ནོར་འཕེལ་རྔ་ཡབ་ཐོགས་ནས་ནོར་གྱི་རྒྱུན་འབེབས་པ་དང་། གཡོན་དུ་ལྷ་མོ་ནོར་སྦྱིན་མ་དམར་མོ་རིལ་པ་འཛིན་པ་ནོར་བུ་དམར་པོའི་ཕྲེང་བས་བརྒྱན་པ། སྔགས་ནི། ཨོཾ་ཨཱཙཱཧཱིཧཱུྃ། ཚད་འབུམ་ཕྲག་ལྔ་བཟླས་ནས་རང་གི་བདོག་པ་ཐམས་ཅད་སྦྱིན་པ་བཏང་ན་བསོད་ནམས་ཀྱི་སྤྲིན་ལས་


JKT002_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དགུའི་ཆར་ཆེན་འབེབས་པར་བྱེད་དོ། ༈ །འཕགས་པ་ཐུགས་རྗེ་ཆེན་པོ་ལུས་ཀྱི་འཁོར་ལོ་འབར་བ་ལས་སྙིང་གར་པདྨ་འདབ་མ་བཞི་པའི་ཕྱི་རོལ་ཏུ་རྩིབས་དྲུག་དང་ལྡན་པའི་འཁོར་ལོ། དབུས་དང་འདབ་མ་བཞི་ལ། འཇིག་རྟེན་དབང་ཕྱུག །གཏི་མུག་རྡོ་རྗེ་སོགས་བཞི། རྩིབས་དྲུག་ལ་འགྲོ་བ་རིགས་དྲུག་གི་རྣམ་པར་དག་པ་འགོད་པར་བྱ་སྟེ། ལྷ་རིགས་རྣམ་དག་འཆི་འཕོ་མེད། །དབང་པོ་རྡོ་རྗེ་གུར་གུམ་མདོག །མེ་ཏོག་ཕྲེང་བའི་ཆུན་པོ་འཛིན། །དྲེགས་པ་མ་ལུས་སྤངས་པའོ། །ཨ། ལྷ་མིན་རྣམ་དག་འཁྲུགས་པ་མེད། །དྲག་པོ་རྡོ་རྗེ་རྒྱ་སྐྱེགས་མདོག །རལ་གྲི་དང་ནི་འཁོར་ལོ་འཛིན། །ཕྲག་དོག་མ་ལུས་ཀུན་སྤངས་པའོ། །ཨི། མི་ནི་རྣམ་དག་བྲེལ་ཕོངས་མེད། །དབང་ཕྱུག་རྡོ་རྗེ་རྫ་གསར་མདོག །རྡོ་རྗེ་དང་ནི་དྲིལ་བུ་འཛིན། །རྣམ་པར་གཡེངས་པ་ཀུན་སྤངས་པའོ། །ཨུ། དུད་འགྲོ་རྣམ་དག་བླུན་རྨོངས་མེད། །སེང་གེ་རྡོ་རྗེ་དུ་བའི་མདོག །དགྲ་སྟ་དང་ནི་དབྱུག་པ་འཛིན། །བག་མེད་བཏུལ་བ་ཀུན་སྤངས་པའོ། །ཨེ། ཡི་དྭགས་རྣམ་དག་སེར་སྣ་མེད། །གཤིན་རྗེ་རྡོ་རྗེ་ཆར་སྤྲིན་མདོག ། ཐོད་པ་དང་ནི་ཞགས་པ་འཛིན། །འཇུངས་པའི་སྲེད་པ་ཀུན་སྤངས་པའོ། །ཨོ། དམྱལ་བ་རྣམ་དག་ཚ་གྲང་མེད། །འཇིགས་སྐྱོབས་རྡོ་རྗེ་བྱེ་རུའི་མདོག །བུམ་པ་དང་ནི་ལྷུང་བཟེད་འཛིན། །མི་ཟད་ཡང་


JKT002_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཀུན་སྤངས་པའོ། །ཞེས་སྣང་བ་འདི་ཐུབ་པ་དྲུག་དང་གཅིག་པར་འདུག་གོ ༈ །བསམ་གྱིས་མི་ཁྱབ་པའི་མཆོད་པའི་ཆོ་ག་གཞུང་དང་གསལ་བྱེད་ལྟར་བཤད་ན། གཙང་མའི་གནས་སུ་མེ་ཏོག་སོགས་ཅི་འབྱོར་པའི་མཆོད་པ་དགྲམ། རང་སྐད་ཅིག་གིས་འཕགས་པ་སྤྱན་རས་གཟིགས་རྒྱལ་མཚན་རྩེ་མོ་གསེར་མདོག་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་ལས་མཆོད་པའི་ཆར་ཆེན་པོ་འབེབས་ཤིང་། གཡོན་པདྨོ་རྒྱས་པ་འཆང་བ། མཆོད་པའི་སྤྲིན་རྒྱ་མཚོའི་དབུས་ན་བཞུགས་ཤིང་ཡོ་བྱད་ནམ་མཁའི་མཛོད་ལ་མངའ་བརྙེས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ངང་ཚུལ་ཅན་དུ་གསལ་བར་གྱུར། །ཨོཾ་བཛྲ་པུཊྚེ་ཨཱཧཱུྃ། དེ་བཞིན། དྷུ་པེ་ནས་ཤབྡའི་བར་དང་། མཎྜལ་སྦྱར་བས་བྱིན་རླབས། ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། བླ་མ་དཀྱིལ་འཁོར་ལྷ་ཚོགས་སོགས། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་བ་སྔོན་དུ་འགྲོ་བས། རང་གི་ཐུགས་ཀའི་ཧཱུྃལས་མཆོད་པའི་ལྷ་མོ་ཁ་དོག་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་རེ་རེ་ལས་ཀྱང་དཔག་ཏུ་མེད་པའི་སྤྲིན་འཕྲོ་བ་སྤྲོས་ནས་བསྙེན་བཀུར་བར་བསམས་ལ། རང་བཞིན་སྟོང་པ་ཉིད་ཅན་གྱི། །སྣ་ཚོགས་མེ་ཏོག་བསམ་མི་ཁྱབ། །རྒྱལ་མཚན་རྩེ་མོའི་རིག་པ་ཡིས། །


JKT002_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ནས་འཕགས་ཚོགས་མཆོད་པར་བྱ། །ཨོཾ་ན་མོ་བྷ་ག་ཝ་ཏེ་མ་ཧཱ་ཀ་རུ་ཎི་ཀ་པུཔྤེ་པཱུ་ཛ་མེ་གྷ་ས་མུ་དྲ་ཀེ་ཏུ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ་ས་མྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཝེ པུཉྫ། པུཉྫ། པུཉྫཨུཏྟཱ་ཝེ། པུཥྛ་ཨ་བ་ཀཱི་ར་ཎེ་སྭཱ་ཧཱ། ཞེས་པའི་རིག་པ་འདི་ལན་གསུམ་དུ་བརྗོད་ཅིང་འབུལ། དེ་བཞིན་དུ་མེ་ཏོག་གི་གནས་སུ་བདུག་སྤོས་དང་། པུཉྫ་དང་པུབྦེ་གནས་སུ་དྷུ་པེ་དང་དྷུ་པེ་སོགས་སྦྱར་བས་མཚོན། ཉེར་སྤྱོད་ལྔ་དང་། རོལ་མོ་མཎྜལ་བཅས་འབུལ། ཐོག་མ་མེད་ནས་ད་ལྟའི་བར། །ཞེས་སོགས་སྡིག་པ་བཤགས་པས་མཚོན་ཡན་ལག་ལྷག་མ་རྣམས་ཀྱང་བྱས་ཏེ། བདག་དང་སེམས་ཅན་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ཏེ་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་གསོལ་བ་གདབ་རྗེས་ཚོགས་ཞིང་རྣམས་མི་དམིགས་པར་བལྟས་ལ་དེ་ཁོ་ན་ཉིད་རྗེས་སུ་དྲན་པས་དགེ་བའི་རྩ་བ་སངས་རྒྱས་ཀྱི་སར་བསྔོའོ། །ཕན་ཡོན་ནི། མི་ཕྱེད་གུས་པ་མང་ལྡན་པས། གཟུངས་འདི་ལན་གསུམ་ཆོ་ག་འདིས། །ཉིན་རེ་དུས་གསུམ་མཆོད་བྱེད་ན། །བྱེ་བ་བསམ་མི་ཁྱབ་མཆོད་འགྱུར། །ཞེས་སོ། ༈ །ལུས་ཀྱི་འཁོར་ལོ་བཅིངས་གྲོལ་གྱི་མན་ངག་ལས། ཐུགས་རྗེ་ཆེར་ཁྲོས་བཞད་པའི་ཞལ། །རྡོ་རྗེའི་ཁྱུང་གཤོག་


JKT002_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ག་ཅན། །ཞེས་གཤོག་པ་བཤད། ༈ །དཔལ་རྡོ་རྗེ་ཐོད་པའི་དངོས་གྲུབ་སྒྲུབ་ཐབས་ལས། བློ་ལྡན་ཆོ་ག་བཟང་ཤེས་པས། །བདེ་ཆེན་དངོས་གྲུབ་སྟེར་བའི་ཕྱིར། །ཀ་པཱ་ལ་འདྲའི་གནས་སུ་ནི། །ཀ་པཱ་ལ་ཡི་དངོས་གྲུབ་བསྒྲུབ། །ཅེས་ཐོད་སྒྲུབ་ཀྱི་མན་ངག་བཤད་ཅིང་། དེའང་མཚན་མ་བཟང་པོའི་ཐོད་པ། ག་བུར་ཙནྡན་གླ་རྩི་སོགས་དྲི་བཟང་པོས་བྱུགས་པར་དཀྱིལ་འཁོར་བྲི། ལྔ་ཚན་ལྔ་དང་རིང་བསྲེལ་སྙིང་པོར་གཞུག་པ་སོགས་ཆོ་ག་རྒྱས་པར་བཤད་དོ། ༈ །ཐུགས་རྗེ་ཆེན་པོ་རྔ་སྒྲའི་སྒྲུབ་ཐབས་ལས། འདབ་ཆགས་ང་རོ་ཆེན་པོའི་ལོ། །སྐར་མ་རྒྱལ་ལ་བབས་པའམ། །ཡང་ན་དབྱར་གྱི་སྒྲ་སྒྲོགས་དུས། །མཁས་པས་རྔ་ཆེན་བཅོས་པར་བྱ། །ཙནྡན་སྡོང་བུ་དཀར་དམར་རམ། །སྒྲ་སྒྲོགས་ཤིང་དང་སྙན་པའི་འདབ། །སེང་ལྡེང་གླང་སྣ་བུ་འབོད་དང་། །ཏི་ཏི་ར་སྔོ་རྒྱུ་ཡིན་བརྟག །ཉི་མ་ཤར་དང་ཟླ་བ་ཤར། །སྲོད་ཀྱི་དུས་ལ་བབས་པ་ན། །གླ་རྩི་ག་བུར་གུར་གུམ་བྱུག །རྡོ་རྗེ་ཁྲོས་པས་བགེགས་ཚར་བཅད། །བྱམས་པའི་ཉི་མ་གང་ལ་བབས། །ཁྲི་སྙན་མོ་ཡིས་པགས་པ་སྦྱངས། །ནམ་མཁའི་སྒྲ་གསང་སྒྲོགས་པ་ན། །ལྷོ་རུ་ཁ་བལྟས་གཡོགས་པར་བྱ། །དེ་ནས་དྲི་མཆོག་དམ་ཚིག་ཅན། །བདུད་རྩི་ལག་པར་ལེགས་བྱུགས་ལ། །དབང་ཐོབ་ལྷ་བཟོ་སྐད་མཐོན་པོས། །སྒྲ་དབྱངས་མགོན་པོ་བྲི་བར་བྱ། །དབུས་སུ་པདྨོ་


JKT002_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དམར་བཞིའི་སྟེང་། །གཞོན་ནུའི་མདངས་རྒོད་ང་རོ་བཅིངས། །ཕྱག་གཉིས་རིན་ཆེན་རྔ་ཆེན་བརྡུང་། །ཟླ་བའི་མདོག་ཅན་བརྗིད་པའོ། །ཤར་སོགས་འདབ་བཞིར་གྲགས་ཆེན་དང་། །འབྲུག་སྒྲ་སྙན་པའི་དབྱངས་ཅན་དང་། །ང་རོ་མི་ཟད་གནོད་སྦྱིན་བཞི། །ཕྱོགས་ཀྱི་ཁ་དོག་ཇི་བཞིན་གནས། །བརྩོན་པའི་ཆ་བྱད་ཅན་གྱིས་སྤྱད། །ཕྱག་བཞི་དུང་དཀར་ཀཱ་ལ་ཧཱ། །དྲིལ་བུ་དང་ནི་གཎྜི་ཐོགས། །མིག་དམར་དགའ་བ་ཁྲོས་པའི་ཚུལ། །དེ་མཐར་འཁོར་ལོ་བརྒྱད་རྩིབས་རིས། །བཀྲ་ཤིས་བརྒྱད་འཛིན་ལྷ་མོ་བརྒྱད། །ཤིན་ཏུ་སྒེག་མཛད་དུལ་བའི་ཚུལ། །འཛུམ་པའི་མདངས་དཀར་སྣ་ཚོགས་མདོག ། མུ་ཁྱུད་རྡོ་རྗེའི་སྤྲིན་འཁྲིགས་པ། །འུར་འུར་སྐད་འབྱིན་འཇིགས་པ་དང་། །གློག་རྒྱན་ཕྲེང་བས་མཛེས་པ་ནི། །མཁས་པ་ཏིང་འཛིན་ལྡན་པས་བྲིས། །དེའི་འོག་ཏུ་ཇི་སྐད་བསྔགས་པའི་སྐབས་ནས་ཡེ་ཤེས་ཀྱི་འཁོར་ལོ་ཅན་གྱི་རྔ་བཀུག་ནས་རོལ་མོ་ལ་སོགས་པའི་མཆོད་པས་མཉེས་པར་བྱས་ནས་རྗེས་སུ་གཞུག་པར་བྱའོ། །དེ་ནས་ལྟེ་བ་མུ་ཁྱུད་ཀྱི་ནང་གི་ཁྱུད་ཀོར་དུ་ཡི་གེ་ཆེན་པོ་ལྔ་དང་ཉེ་བའི་ཡི་གེ་ལྔ་བཅུ་བྱང་ཆུབ་ཀྱི་སེམས་གཉིས་འདྲེས་པ་བྲི་ཞིང་། སྔགས་དེ་ཉིད་སྒྲ་ཆེན་པོས་ལན་བདུན་དུ་བཀླགས་ལ་རོལ་མོ་གསིལ་བ་དང་བྲོ་བརྡུང་བར་བྱའོ། །དེ་རྗེས་མཁས་པས་བརྒྱ་བྱིན་གྱི། །ལག་པ་འདྲ་བའི་འཁྲུལ་འཁོར་


JKT002_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །རྩོལ་བ་སྤངས་ནས་རྔ་བརྡུང་ཞིང་། །བདག་ཉིད་རྣལ་འབྱོར་བརྩོན་པས་བྱ། །སྒྲུབ་པ་པོ་ཡི་ངག་མེད་ཀྱང་། །ཇི་ཙམ་བསྙེན་པའི་མཚན་བཤད་སྔགས། །དེ་ཡི་ཕྱེད་གཉིས་འགྲུབ་པར་ནི། །ངེས་པར་ཐེ་ཚོམ་མི་བྱའོ། །དེའི་འོག་ཏུ་གཡུལ་བཟློག་པའམ། །གྲགས་པ་མཐོ་འདོད་དེ་བཞིན་གཞན། །ཐམས་ཅད་སྙིང་རྗེ་མ་བྲལ་བས། །རྔ་འདི་བརྡུང་བ་ཙམ་གྱིས་འགྲུབ། །འཇིག་རྟེན་གསུམ་གྲགས་མཐའ་ཡས་པ། །ཐུགས་རྗེ་ཆེན་པོས་ཉིད་སྤྲུལ་པ། །རྔ་ཆེན་རྒྱལ་པོ་བརྟག་པའི་ལས། །དོན་ཀུན་སྒྲུབ་པར་བྱེད་པ་ཡིན། །ཞེས་སོ། ༈ །སྲུང་སྐུད་ཀྱི་ཆོ་ག་ལས། །འཕགས་པ་སྤྱན་རས་གཟིགས་ལ་དད་པ་ཐོབ་པས། ཚོར་བས་གཟིར་བ་དང་། གདོན་གྱིས་གླགས་བཙལ་བ་དང་། རྐུན་པོ་དང་དགྲས་འཇིགས་པའི་ནུས་པའི་དབང་བ་བསྲུང་བ་ལ་སོགས་པའི་དོན་དུ་སྙིང་རྗེ་ཆེན་པོས་སྲུང་སྐུད་བཅིང་བར་བྱའོ། །འཁོར་ལོ་རྡོ་རྗེ་རིན་ཆེན་དང་། །པདྨོ་སྣ་ཚོགས་ཁ་དོག་ཅན། །རས་དང་དར་དང་བལ་དང་བཅས། །པདྨའི་སྐུད་པ་ཤིན་ཏུ་བསྔགས། །སོགས་གསུངས་ཏེ། གཞོན་ནུ་ཕོ་མོས་བཀལ་བའི་སྲད་བུ་པདྨ་འདབ་བརྒྱད་ཀྱི་དབུས་སུ་བཞག་ནས་སྦྱང་བ་སོགས་བྱ། དེ་ནས་རང་འཇིག་རྟེན་དབང་ཕྱུག་སྲད་བུ་དང་པདྨ་བསྣམས་པར་བསྐྱེད་ནས། མདུད་པ་གསུམ་བྱས་ལ། སོ་སོར་གསང་བ་གསུམ་གྱིས་འོད་ཕྱུང་བས་སྒོ་


JKT002_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྲུང་བའི་ནུས་ལྡན་དུ་བསམས་ལ། ཨོཾ་ཨཱཙཱཧཱིཀཱ་ཡ་བཛྲ་ཀཱ་ཡ་ཀཎྚ་ཧཱུྃ། དེ་བཞིན། ཝཱ་ཀ་དང་། ཙིཏྟ་སྦྱར་བས་སྔགས། དམ་ཚིག་གི་སྲད་བུ་འོད་ལྔ་འབར་བར་བསམས་ལ་བསྒྲུབ་བྱའི་མགུལ་ལམ་དཔུང་པ་ལ་བཅིངས་པར་གསུངས། ༈ །ཚེ་འདས་ལ་བྱ་བའི་ཆོ་གར། སྙིང་རྗེ་ཆེན་པོ་ཡིད་གཞུང་པས། །སྤྱན་རས་གཟིགས་དཔལ་བསྙེན་བྱས་ཏེ། །ལུས་ཅན་མི་འདོད་བཞིན་དུ་ལྷུང་། །དེ་དག་ངན་འགྲོ་བཟློག་པར་བྱ། །སྔོན་ནས་སྦྱངས་པ་ཉིད་དང་ནི། །གཞན་དག་གློ་བུར་བྱ་བ་ཉིད། །དེ་བཞིན་ཕྱི་ནས་གཞན་གྱིས་ཏེ། །མཆོག་དང་ཕ་མཐའ་གྲངས་བཞིན་འདོད། །ཅེས་རབ་རང་བྱིན་རླབས་ཀྱི་སྦྱོར་བས་འཕོ། འབྲིང་གློ་བུར་བདག་ལ་འོད་ཀྱི་སྦུ་གུས་སྦྱོར་བའི་འཕོ་བ་དག་བཤད་ནས་ཐ་མ། དེ་ལྟར་རིང་ནས་ལམ་གོམས་པའི། །བློ་ལྡན་དུས་ལས་འདས་གྱུར་ཚེ། །འཕགས་པ་ངན་སོང་སྦྱོང་དཔལ་གྱི། །ཆོ་ག་བདུན་ཕྲག་བདུན་དུ་སྦྱངས། །རོའམ་རུས་པ་གོས་སམ་མིང་། །རྟེན་དེའི་མདུན་དུ་བཞག་ནས་སུ། །མ་དག་པ་དང་དག་པ་ཡི། །དཀྱིལ་འཁོར་གཉིས་ལ་རྟེན་གཉིས་བཞག །བརྡེག་དང་བསྲེག་དང་བཀྲུ་བ་ཡིས། །དྲི་མ་གཞིག་གཞོམ་དད་པ་དག །དཀྱིལ་འཁོར་ནག་པོ་བྱ་བས་ཏེ། །བསྟན་དང་དབང་བསྐུར་བྱ་བ་ལའོ། །ཡུངས་ཀར་བྱེ་མ་ཐལ་ཆེན་ལ། །རིམ་པར་བཟླས་ནས་བསྣུན་བྱ་ཞིང་། །སྦྱིན་སྲེག་


JKT002_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་གའི་བྱ་བ་ཡིས། །རྟེན་བཅས་བག་ཆགས་འབད་དེ་བསྲེག །ངན་སོང་སྦྱོང་བའི་སྐུ་གསུང་ཐུགས། །བཞུ་བའི་ཆུས་བཀང་བུམ་པ་བླུགས། །རྡོ་རྗེའི་གླུ་བླངས་རིམ་པ་བཟླ། །མ་ལུས་དྲི་མ་བཀྲུ་བར་བྱ། །ཨོ་ཨཱཧཱིསརྦ་དུརྒ་ཏི་པ་རི་ཤོ་དྷ་ནེ་རཱ་ཛ་ཡ། ཨ་མུ་ཀེ་ཀཱ་ཡ། ཝཱ་ཀ་ཙིཏྟ་སརྦ་པ་པཾ་ཏོ་ཥ་ཝ་ར་ཎ་བྷཾ་ག་གྷཾ། ཌ་ཧ་ཌ་ཧ། བཱ་རཙཱ་བཱ་རཙྪ། ཤོ་དྷ་ཡ་ཤོ་དྷ་ཡ་ཕཊ་ཕཊ་སྭཱ་ཧཱ། དེ་རྗེས་དྲི་མ་དག་པའི་སེམས། །ལྷག་པའི་ལྷ་ལ་བཅུ་གནས་ནི། །ཇི་སྲིད་དབང་བསྐུར་བྱས་ཏེ་མཆོད། །དགའ་སྟོན་ཆེན་པོ་སྦྱིན་པར་བྱ། །ཞེས་སོ། ༈ །བཀྲ་ཤིས་ཀྱི་ཆོ་ག་ལས། བཀྲ་ཤིས་བཟང་དང་བཀྲ་ཤིས་ནོར་འབྲུ་སྨན། །བཀྲ་ཤིས་མཆོད་རྫས་དང་ནི་བཀྲ་ཤིས་རྒྱན། །དཔལ་ལྡན་བཀྲ་ཤིས་དཀྱིལ་འཁོར་ཆེར་བྲི་ལ། །བཀྲ་ཤིས་རྒྱལ་པོ་སྤྱན་རས་གཟིགས་དབང་དགུག །གང་དག་གང་གི་ཕྱིར་དང་གང་དུ་ཇི་ལྟར་བྱ་བའི་རང་བཞིན་ཐམས་ཅད་ལ་བཀྲ་ཤིས་ཞེས་སྦྱར་རོ། །ཤིས་པ་བརྗོད་པའི་དབྱངས་དང་སེམས་དང་རྗེས་སུ་མཐུན་པའི་རོལ་མོ་དང་གླུས་མཆོད་དོ། །མེ་ཏོག་དཀར་དམར་དང་ཙནྡན་དཀར་དམར་དང་རྒྱན་དང་དྲིའི་ཁྱད་པར་ངེས་པའོ། །ཡོ་བྱད་གློ་བུར་དང་གསར་དུ་སྐྱེས་པ་མཐའ་དག་ལ་རྒྱལ་བར་གྱུར་པའི་ཚིག་སྔོན་དུ་སོང་བས་སོ། །སྦྱིན་བདག་གམ་སློབ་མའི་ལུས་བཀྲུས་ལ་བཀྲ་ཤིས་ཀུན་ཏུ་སྣང་བའི་རྒྱས་གདབ་བོ། །


JKT002_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

སིཏྟོ། འདི་རྣམས་གྲུབ་པ་བརྙེས་པའི་སློབ་དཔོན་པཎྜི་ཏ་ཆེན་པོ་ཨ་ཛི་ཏ་མི་ཏྲ་གུལྟས་མཛད། །རྣལ་འབྱོར་གྱི་དབང་ཕྱུག་མི་ཏྲ་ཛོ་ཀི་དང་། ཁྲོ་ལོའི་འགྱུར་རོ། །ཨ་ཏི་སཱ་དྷུ་སཱ་དྷུ་པཱ་ཤྱ་ཧོ། ༈ རྣམ་འཇོམས་ཀྱི་ཁྲུས་ཆོག་གི་འགྲེལ་པ་སློབ་དཔོན་རྡོ་རྗེ་གོ་ཆས་མཛད་པ་ལས། དེའི་ནང་དུ་དགང་བ་ནི། ཆུ་ཡིས་ཞེས་པ་སྨོས་ཏེ། ཙནྡན་དང་གུར་གུམ་ལ་སོགས་པའི་སྤོས་ཆུས་བཀང་སྟེ། དེ་དང་ལྷན་ཅིག་ལྡན་པའི་རིན་པོ་ཆེ་ནི་ཤེལ་དང་རྡོ་རྗེ་ཞེས་པ་དངོས་སུ་ཟད། ནོར་བུ་ཞེས་པ་སྤྱིའི་ཚིག་ཏུ་སྨོས་ཏེ། རྣམ་པར་མ་ཕྱེ་བའི་པདྨ་རཱ་ག་དང་། ཨིནྡྲ་ནི་ལ་ལ་སོགས་པ་རིན་པོ་ཆེའི་རིགས་སུ་གཏོགས་པ་དང་། མུ་ཏིག་དང་ས་ལེ་སྦྲམ་ལ་སོགས་པ་སྟེ། དེ་དག་གས་ཆག་མེད་པ་རྒྱན་གྱི་བྱ་བ་བྱེད་ནུས་པ་སྟེ་རིན་ཆེན་རྨ་མེད་ཅེས་བྱའོ། །གཞན་ཡང་དེའི་ཟླ་ལ་ཡུངས་ཀར་དང་། རྩ་དཱུརྱ་དང་། མེ་ཏོག་རྣམས་གཞུག་པར་བྱའོ། །ཞེས་དང་། ཡང་གོང་མའི་འབྲུ་དང་སྨན་ཞེས་བྱ་བ་ལ། བྱ་གླི་དང་། སི་གྷི་ལ་སོགས་པའི་སྨན་རྣམ་པ་ལྔ་དང་། ཏིལ་དང་སྲན་མ་བ་ཤ་ཀ་ལ་སོགས་པའི་འབྲུ་སྣ་ཚོགས་རྣམས་རྒྱུད་ལས་གྲགས་པ་བཞིན་ནོ། །མགུལ་ཆིངས་གཙང་མའི་གོས་ཞེས་བྱ་བ་མ་སྤྱད་པ་མ་ཉམས་པའི་རས་དཀར་པོ་ཁ་ཚར་དང་བཅས་པའོ། ༈ །སློབ་དཔོན་བྱང་ཆུབ་སྙིང་པོས་མཛད་པའི་གཟུངས་ཆོག་ལས། རིན་པོ་ཆེ་སྣ་ལྔ་ཉེར་གསུམ་


JKT002_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འབྲུ་ལྔ་དང་། སྨན་ལྔ་དང་། སྙིང་པོ་ལྔ་དང་། སྤོས་དྲི་ཞིམ་པོ་བླུགས་ཏེ། ལྡུམ་བུས་ཁ་བརྒྱན་ལ་མགྲིན་པར་དཀྲིའོ། ༈ །ཛ་ཡ་ཝ་རྨས་མཛད་པའི་དཀྱིལ་ཆོག་ལས། འབྲུ་སྨན་རིན་ཆེན་ལྔར་ལྡན་པས། །བཟང་པོའི་ཤིང་གིས་ཁ་བརྒྱན་ནས། །ཀུ་ཤའི་སྟན་ལ་ཡང་དག་བཞག །ཅེས་འདིའི་དབང་ཆོག་པད་དཀར་གྱི་དཀྱིལ་ཆོག་དང་མཐུན་པར་སྣང་། ༈ །བྲམ་ཟེ་མ་ཎི་བཛྲས་མཛད་པའི་ལས་བཞི་སྒྲུབ་པའི་ཆོ་ག་ལས། ལས་སུ་བྱ་བ་ཆུ་དང་འབྲེལ་བས་བཀྲུ་བ་ཞེས་པ་དེང་སང་ཛཱ་ཆུ་བཀོལ་བ་དང་གྲགས་པའི་དབྱིབས་ལྟ་བུ་ཞིག་སྣང་། འོན་ཀྱང་ཏིང་ངེ་འཛིན་གྱི་མེས་བསྐོལ་བ་ལས་དངོས་སུ་བསྐོལ་བའི་གསར་ཁ་མེད། ཕན་ཡོན་ནི། གང་གི་ལུས་ལ་ཆུས་རེག་པ། །བགེགས་ཀྱི་གནོད་པ་ལས་གྲོལ་འགྱུར། །ཞེས་སོ། །པཎྜི་ཏ་ཛྷཱ་ན་ཤྲཱི་དང་། ལོ་ཙཱ་བ་རབ་ཞི་བཤེས་གཉེན་གྱི་འགྱུར་རོ། ༈ །རྣམ་འཇོམས་གཟུངས་སྒྲུབ་གྲུབ་ཆེན་བྲམ་ཟེ་ཀུ་མཱ་ར་སེ་ནས་མཛད་པ། དེའི་སློབ་མ་སངས་རྒྱས་གསང་བ་དང་། དཔའ་མཉྫ་ཤཱིའི་འགྱུར་ལས། ཁྲུས་ཀྱི་བུམ་པ་བཟང་པོ་བྱ། །དེ་ཡང་གསེར་སོགས་དག་ལས་འབྱུང་། །མཚན་ཉིད་ལྡན་དེར་ཆུ་ཀླུང་ཆུ། །འོ་མ་དྲི་ལྔ་སྨན་དང་འབྲུ། །རིན་ཆེན་སྙིང་པོ་མེ་ཏོག་བཅས། །ཤེལ་དང་ཕ་ལམ་མུ་ཏིག་དང་། །ཁ་རྒྱན་མགུལ་གསུམ་པ་ཡིས་བཅིངས། །དུརླ་བདུག་དང་ཀུ་ཤ་དང་། །རྨ་བྱའི་


JKT002_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་དང་རྡོ་རྗེར་ལྡན། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །ལེགས་བྱས་བསྐྲད་ལ་སྒྲུབ་རྫས་ནི། །རིན་ཆེན་སྣོད་ཀྱི་སྟེང་དུ་གནས། །མཎྜལ་སྟེང་དུ་དེ་བཞག་ལ། །ཞེས་སོ། །འདིའི་ཆོ་ག་རྣམས་བྱ་བ་སྤྱིའི་ཆོས་སྐད་ཇི་བཞིན་པའོ། ༈ །གཏོར་མའི་ཆོ་ག་སངས་རྒྱས་གསང་བས་མཛད་པ་ལས། །བར་ཆད་ཞི་དང་ཚོགས་བསགས་དང་། །འདོད་པ་ཐམས་ཅད་རབ་བསྒྲུབ་ཕྱིར། །ཟླ་བ་ཞག་དང་ཐུན་མཚམས་ལ། །ཡོ་བྱད་ཅི་འབྱོར་གཏོར་མ་བཏང་། །ཞེས་སོ། ༈ །དེས་མཛད་པའི་ཁྲུས་ཀྱི་ཆོ་གར་བུམ་རྫས་ཀྱི་ངོས་འཛིན་གོང་གི་རྡོ་རྗེ་གོ་ཆའི་གསུངས་དང་མཐུན་ནོ། ༈ །ཤ་བ་རི་པས་མཛད་པའི་དཀྱིལ་ཆོག་རིན་ཆེན་སྣང་བར། དངུལ་ལ་སོགས་པའི་བུམ་པར་ནི། །ནོར་བུ་ཡུངས་ཀར་དྭརླ་དང་། །ཤེལ་དང་པདྨ་ཙནྡན་དང་། །གསེར་དང་རིན་ཆེན་ཆུས་དགང་བྱ། །ཞེས་སོ། ༈ །རྣམ་འཇོམས་ཀྱི་ལས་སྒྲུབ་པའི་ཐབས་ཀྱི་ཆོ་ག་མགོན་པོ་བྱམས་པས་རྗེས་སུ་བཟུང་བའི་དཔལ་གངྒཱ་དྷ་རའི་སྲས་ཀྱི་ཐུ་བོ་བྲམ་ཟེ་མ་ཎི་བཛྲས་མཛད་པ་ལས། རང་ལྷའི་དམིགས་པ་གསལ་བ་དང་། །སྔགས་ཀྱི་བཟླས་པ་མཐར་ཕྱིན་པས། །རིག་སྔགས་༡ཐོགས་པ་མེད་པ་དང་། །ཕ་རོལ་སྡེ་ལས་༢རྒྱལ་བ་དང་། །སྐྲག་༣དང་མཐུ་སྟོབས་གཞིག་༤པ་དང་། །རིག་སྔགས་བཅད་༥དང་མནན་༦པ་དང་། །ལས་༧གཞོལ་ཕ་རོལ་ལས་གཞིག་རདང་། །


JKT002_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་བརླག་༩གདོན་ལས་གྲོལ་༡༠པ་དང་། །འབྱུང་༡༡པོ་དགུག་དང་མནན་༡༢པ་དང་། ལས་རྣམས་མ་གྲུབ་སྤོགས་པ་༡༣དང་། །གྲུབ་པའི་འབྲས་༡༤བུ་མཐར་དབྱུང་དང་། །འདོད་འབྲས་དངོས་གྲུབ་༡༥བསྒྲུབ་པ་དང་། །སྲུང་༡༦དང་ཞི་དང་༡༧རྒྱས་༡༨པ་དང་། །རེངས་༡༩དང་རྨུགས་༢༠པར་བྱེད་པ་ཡི། །ཐུན་མོང་ཁྱད་པར་བདག་ཉིད་ཀྱི། །ཆོ་ག་ཉི་ཤུའི་སྦྱོར་བ་རྣམས། །ཇི་ལྟར་བླ་མའི་མན་ངག་ལས། །རྟོགས་པའི་རིམ་པ་གསལ་བར་བྱ། །ཞེས་རྒྱས་པར་བཤད་དོ། ༈ །རྡོ་རྗེ་རྣམ་པར་འཇོམས་པའི་ལས་སྣ་ཚོགས་སྒྲུབ་པའི་ཆོ་ག་ཞེས་མཛད་བྱང་མེད་པ་ལས། སྡིག་༡པ་ཐམས་ཅད་ཞི་བ་ཏིལ་དང་མེ་ཏོག་དཀར་པོའི་སྦྱིན་སྲེག །སྡུག་བསྔལ་ཐམས་ཅད་༢ཞི་བ་ཁྲུས་གྱི་ཆོ་ག །དཔལ་༣འཕེལ་བ་འབྲས་བུ་དང་མེ་ཏོག་སེར་པོ་མངར་གསུམ་དང་བཅས་པའི་སྦྱིན་སྲེག །ཨིནྡྲ་བི་ཤོ་དྷ་ན་སྦྱར་བས་དབང་༤པོ་ཉམས་པ་གསོ་པའི་ཁྲུས་ཆོག །ཚེ་ཉམས་པ་གསོ་བ་དྭརླ་དང་མེ་ཏོག་སེར་པོའི་སྦྱིན་སྲེག །ཕུན་སུམ་ཚོགས་པར་བྱེད་པ་འབྲུ་དང་མེ་ཏོག་སེར་པོའི་སྦྱིན་སྲེག །བུམ་བཟང་གཙང་མའི་ཆུས་བཀང་སྟེ། འབྲུ་སྨན་རིན་ཆེན་སྙིང་པོ་དྲི། །མ་ཉམས་རས་ཀྱིས་མགུལ་དཀྲིས་ཤིང་། །བཟང་པོའི་ཤིང་གིས་ཁ་བརྒྱན་པར། །ལྷར་བསྐྱེད་ཡེ་ཤེས་གཞུག་མཆོད་བསྟོད། །ཤོ་དྷ་ཡ་བི་ཤོ་དྷ་ཡ། མཐར་སྦྱར་སྔགས་བཟླས་ལེགས་


JKT002_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུས་པས། །ལྷ་རྣམས་མདུན་གྱི་ལྟེ་༧བར་གནས། །ཞེས་པ་འདི་ནི་ཁྲུས་སོགས་ཀྱི་ཁུངས་སུ་སེམས། མཛའ་སྡུག་དབང་དུ་བྱེད་པ་མེ་ཏོག་དམར་པོའི་སྦྱིན་སྲེག །ཚེ་ཡི་ཚིལ་བུ་གུ་གུལ་དང་། །ཡུངས་ཀར་ཅེ་སྤྱང་ཀླད་པར་སྦྱར། །བརྒྱ་རྩ་བརྒྱད་དུ་མངོན་སྔགས་པས། །དུར་ཁྲོད་སོལ་བའི་མེ་ལ་བསྲེག །བདུག་པས་བྲན་བཟའ་སོགས་ལུས་བདུག །གདོན་གྱིས་གཙེས་པ་ཐར་བར་བྱེད། །པདྨའི་རྩ་བ་ཙནྡན་དམར། །མངོན་པར་བསྔགས་པའི་མེ་སྦར་ཏེ། །རིག་སྔགས་བརྒྱ་རྩ་བརྒྱད་བཟླས་པའི། །དུརླས་རང་གི་མིག་བསྐུས་ན། །ཕན་ཚུན་མི་མཐུན་གནས་པ་ཡང་། བལྟས་པ་ཙམ་གྱིས་༡༠མཛའ་བོར་འགྱུར། །བོང་འགྲིབ་པ་འཇོམས་༡༡པ་འབྲུའི་སྦྱིན་སྲེག །མྱ་ངན་ངལ་དང་གནོད་པ་༡༢འཇོམས་པའི་ཁྲུས་ཆོག །བླ་གོས་མཐའ་ལ་བརྒྱ་རྩ་བརྒྱད། །མངོན་སྔགས་མདུད་པ་བདུན་བོར་ནས། །ལམ་དུ་ཞུགས་ན་མི་ཟད་པའི། །འཇིགས་དང་ཉམ་ང་ལས་གྲོལ་བྱེད། །ཐོ་རངས་ལྷ་ཡི་བསམ་གཏན་ལྡན། །སྔགས་ཀྱིས་མངོན་པར་བསྔགས་པ་ཡི། །ཆུ་དང་ཐལ་བ་ཡུངས་ཀར་གྱིས། །ཕྱོགས་མཚམས་བཅིངས་པས་ཕོངས་པ་༡༤འཇོམས། །སྔགས་བཏབ་པའི་སྤོས་དཀར་གྱིས་བདུག་པས་གཟའ་༡༥དང་། གུ་གུལ་བདུག་པས་རྒྱུ་༡༦སྐར་གྱི་གནོད་པ་འཇོམས། ཁ་དོག་ལྔ་ཡི་སྐུད་པ་ལ། །རིག་སྔགས་སྟོང་ཕྲག་བདུན་


JKT002_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ནས། །གང་གི་མགུལ་ལམ་དཔུང་པ་ལ། །བཅིངས་པས་བྱད་༡༧སྟེམས་ལས་གྲོལ་བྱེད། །མི་ཟད་གདོན་གྱིས་ཉེན་པ་ལ། །སྔགས་ཀྱི་ཆུ་ཡིས་ལུས་བཀྲུས་ནས། །གུ་གུལ་ཡུངས་ནག་ཡི་དྭགས་སྐྲ། །ཁྭ་ཡི་གཤོག་པ་རྨ་བྱའི་ཤ །ཅེ་སྤྱང་རྟུག་པ་སྔགས་བཅས་པའི། །བདུག་པས་ངེས་པར་ཐར་༡༨བར་བྱེད། །རྨི་ལམ་སྡིག་པའི་མཚན་མ་མཐོང་། །གཙང་མའི་གོས་གྱོན་དྲིས་བདུག་སྟེ། །ཤར་དུ་མངོན་པར་ཕྱོགས་པ་ཡིས། །རིག་སྔགས་བརྒྱ་རྩ་བརྒྱད་བཟླས་པའི། །ཆུ་ཡིས་ཁྲུས་༡༩བྱས་དགེ་བ་དང་། །སྡིག་མེད་དཔལ་དང་ལྡན་པར་བྱེད། །ཅེས་གསུངས། འདི་མ་ཎི་ཀ་བཛྲ་གྱིས་མཛད་དམ་སྙམ་ཞིང་། ཛྙཱ་ན་ཤྲཱི་དང་། རབ་ཞིའི་འགྱུར་རོ། ༈ །གང་གི་ལས་སྒྲུབ་པའི་ཐབས་ཀྱི་རིག་སྔགས་ཀྱི་མཐུ་ཐོགས་པ་མེད་པར་བྱ་བ་ནི་བཅུ་ཆའི་སྦྱིན་སྲེག་ལ་བཤད། གདོན་ལས་ཐར་བ་ནི། ཁྲུས་ཀྱི་རྗེས་སུ་ས་རྫ་ནའི་སྔགས་བདུག་སྦྱིན་པས་གྲུབ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ་ནི། འབྱུང་པོ་མངགས་གཞུག་གི་ལས་སྒྲུབ་པར་གསུངས། མ་གྲུབ་པ་གྲུབ་པར་བྱེད་པ། སྤོག་ཆོག་ནི། མདུན་དུ་མཎྜལ་ལྷ་དམིགས་ཏེ་སྔགས་བརྗོད་པས་མེ་ཏོག་ཁྲི་ཕྲག་གཅིག་ཕུལ་ལ། དེ་ཉིད་སྲེག་རྫས་བྱས་པའི་སྦྱིན་སྲེག་བྱ་བར་གསུངས། གྲུབ་པ་ཆུད་མི་ཟ་བ་ནི་ལས་སྦྱོར་གྱི་སྦྱིན་སྲེག་ལ་བཤད། འདོད་པའི་དངོས་གྲུབ་


JKT002_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པས། མདུན་དུ་མཎྜལ་གྱི་སྟེང་ལྷའི་སྐུ་གཟུགས་བཞག །དེའི་དྲུང་དུ་རིན་པོ་ཆེའི་སྣོད་དུ་དངོས་གྲུབ་ཀྱི་རྫས་བཤམས། བདག་གི་རྣལ་འབྱོར་དང་མདུན་དུ་ལྷ་དམིགས་ལ་མཆོད་བསྟོད་སྔོན་དུ་འགྲོ་བས་བཟླས་པ་བྱ་ཞིང་ཕོ་ཉའི་ཚོགས་སྤྲོ་བསྡུས་སྦྱོར་བས་དངོས་གྲུབ་སྒྲུབ་པར་དམིགས་ཏེ། དྲོ་བ་དང་། དུ་བ་འཐུལ་བ་དང་་། འབར་བ་ལས་མཁའ་སྤྱོད། ས་སྤྱོད། ས་འོག་གི་དངོས་གྲུབ་སྦྱིན་པར་གསུངས། སྲུང་བ་སོགས་འཁོར་ལོས་སྒྲུབ་པར་བསྟན་ཏོ། །མཐར། གང་ལ་བསྙེན་པ་བྱས་པའི་སྔགས། །ལས་སྒྲུབ་པ་ཡང་དེ་ཉིད་དེ། །དད་བརྟན་ཐེ་ཚོམ་མེད་པ་ལ། །སྔགས་ནི་ཡིད་བཞིན་ནོར་ལྟར་འགྲུབ། །ཅེས་སོ། ༈ །གདན་བཞིའི་དཀྱིལ་ཆོག་སྙིང་པོ་མདོར་བསགས་ལས། །ཡི་གེ་དགོད་པས་བཀོད་ནས་ནི། །ས་བོན་ལས་ནི་ལྷ་ཡི་ཚུལ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པའི། །རྡོ་རྗེ་སེམས་དཔའ་བསམ་པར་བྱ། །པདྨའི་གདན་ལ་བཞུགས་པ་སྟེ། །གངས་དང་ཀུནྡ་ལྟ་བུའི་འོད། །ཕྱག་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་། །སངས་རྒྱས་ལྔ་ཡི་ཅོད་པན་ཅན། །རྡོ་རྗེ་སྙིང་གར་བཟུང་ནས་ནི། །་གཡོན་གྱི་དྲིལ་བུ་དཀུ་ལ་བརྟེན། །སྐུ་ལ་རྒྱན་རྣམས་ཐམས་ཅད་དང་། །ཤིན་ཏུ་མཛེས་པའི་ན་བཟས་བཀླུབས། །འོད་ཟེར་སྣ་ཚོགས་འབར་བ་ཅན། །རྡོ་རྗེ་སེམས་དཔས་བདག་ཅེས་བརྗོད། །ཡེ་ཤེས་ས་
བོན་འབུམ་ཕྲག་གསུམ། །སྔོན་དུ་བསྙེན་པའི་བཟླས་པ་བྱ། །ཐིག་ལེ་ནཱ་ད་ཡང་དག་ལྡན། །ཕྱག་འཚལ་ནཱ་མ་སྭཱ་ཧཱའི་མཆན། སྦྱིན་པའི་མཐའ་ཅན་ཏེ། །རྣལ་འབྱོར་མ་ནི་བརྒྱད་པོ་ཡི། །ཁྲི་ཁྲག་བཞི་ནི་བསྙེན་པར་བྱ། །སྦྱོས་མོ་ཌཱ་མི་ཀྲི་སོགས་ཀྱི། །ཉི་ཤུ་སྟོང་ཕྲག་ལྔ་རུ་བཟླས། །ཕྱི་རོལ་གནས་ཀྱི་འཇིག་རྟེན་པ། རྒྱལ་དབང་དངོས་གྲུབ་ཤིན་ཏུ་དྲག །སྟོང་ཕྲག་གསུམ་དུ་བཟླས་ནས་ནི། །ཀུན་ནས་ཀུན་ཏུ་འགྲུབ་། པར་འགྱུར། །སྔོན་དུ་བསྙེན་པས་འགྲུབ་འགྱུར་ཏེ། །མ་བསྙེན་པ་ནི་དཀྱིལ་འཁོར་མིན། །སྔགས་དང་རྣལ་འབྱོར་དེ་དག་གིས། །རིམ་གྱིས་བྱིན་གྱིས་རློབ་པར་འགྱུར། །སྔོན་དུ་ལྷ་བསྙེན་པས་མཉེས་པར་བྱ་བའི་ཆོ་ག་སྟེ་གཉིས་པའོ། །ཞེས་སློབ་དཔོན་བསྐྱོད་པའི་བརྟུལ་ཞུགས་ཀྱིས་མཛད་པ་ལས་སོ།།


previousསློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་བློ་གྲོས་འཕེལ་བ། next