Nitartha Digital Library
Tibetan
 
previousབསྟོད་བཀུར་བསྔགས་གསུམ། next

བསྟོད་བཀུར་བསྔགས་གསུམ།


DTG081_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་དོན་དུ་མོས་པ་དགུ་དང༌། རང་དང་གཞན་གྱི་དོན་དུ་མོས་པ་དགུ་དང༌། གཞན་གྱི་དོན་དུ་མོས་པ་དགུ་སྟེ། དགུ་ཚན་གསུམ་དང༌། བསྟོད་པ་དང༌། བཀུར་བ་དང༌། བསྔགས་པ་དགུ་ཚན་གསུམ་རིམ་པ་བཞིན་དུ་སྦྱར་ཏེ། རང་གི་དོན་དུ་མོས་པ་ཆུང་ངུའི་ཆུང་ངུ་ལ་བསྟོད་པ་འབུམ་ལས་ནི་གསལ། གཞན་ལ་ནི་དོན་གྱིས་བསྟན། རང་གི་དོན་དུ་མོས་པ་ཆུང་ངུའི་འབྲིང་ལ་བསྟོད་པ་ནི་ལེའུ་སུམ་ཅུ་རྩ་གཉིས་པའི་ཀླད་ནས། ཀཽ་ཤི་ཀ་སེམས་ཅན་གཅིག་ཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གཞག་པ་ནི་བསོད་ནམས་ཆེས་དཔག་ཏུ་མེད་པ་ཡིན་གྱི་ཞེས་པ་མན་ཆད་ཀྱིས་བསྟན། ཆུང་ངུའི་ཆེན་པོ་ལ་བསྟོད་པ་ཡང་མདོའི་ཚིག །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་ན་ཞེས་པ་མན་ཆད་ཀྱིས་བསྟན། འབྲིང་གི་ཆུང་ངུ་ལ་བསྟོད་པ་ནི་མདོའི་ཚིག །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་གང་ཡིན་པ་དེ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསམ་གཏན་བཞི་ལ་བཀོད་ཅིང་ཞེས་པ་མན་ཆད་ཀྱིས་བསྟན། འབྲིང་གི་འབྲིང་ལ་བསྟོད་པ་ཡང་མདོའི་ཚིག །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་ཞེས་པ་ནས། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཡིན་ནོ། །ཞེས་པའི་བར་གྱིས་བསྟན། འབྲིང་གི་ཆེན་པོ་ལ་བསྟོད་པ་ཡང་མདོའི་ཚིག །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་དག་ལ་རྒྱ་ཆེར་སྟོན་ཅིང་འཆད་ལ་ཞེས་པ་མན་ཆད་ཀྱིས་བསྟན། རང་གི་དོན་དུ་མོས་པ་ཆེན་པོའི་ཆུང་ངུ་ལ་བསྟོད་པ་ཡང་མདོའི་ཚིག །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་རྒྱ་ཆེར་སྟོན་ཅིང་འཆད་ལ་ཞེས་པ་མན་ཆད་ཀྱིས་བསྟན། ཆེན་པོའི་འབྲིང་ལ་བསྟོད་པ་ཡང་མདོའི་ཚིག །གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་ཞེས་པ་མན་ཆད་ཀྱིས་


DTG081_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། ཆེན་པོའི་ཆེན་པོ་ལ་བསྟོད་པ་ནི་མདོའི་ཚིག །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་བསྐལ་པ་གྲངས་མེད་པ་དཔག་ཏུ་མེད་པར་དམིགས་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་བས་ཞེས་པ་མན་ཆད་ཀྱིས་བསྟན། རང་དང་གཞན་གྱི་དོན་དུ་མོས་པ་ཆུང་ངུའི་ཆུང་ངུ་ལ་བཀུར་བ་ཡང་མདོའི་ཚིག །བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་བཅོས་པ་དེ་གང་ལགས་ཞེས་པ་མན་ཆད་ཀྱིས་བསྟན། ཆུང་ངུའི་འབྲིང་ལ་བཀུར་བ་ནི་མདོའི་ཚིག །ཀཽ་ཤི་ཀ་གཞན་ཡང་འཛམ་དུའི་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་ན་ཞེས་པ་མན་ཆད་ཀྱིས་བསྟན། ཆུང་ངུའི་ཆེན་པོ་ལ་བཀུར་བ་ཡང་མདོའི་ཚིག །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་ན་ཞེས་པས་བསྟན། རང་དང་གཞན་གྱི་དོ་དུ་མོས་པ་འབྲིང་གི་ཆུང་ངུ་ཀླ་བཀུར་བ་ནི་མདོའི་ཚིག །ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་ན་ཞེས་པས་བསྟན། འབྲིང་གི་འབྲིང་ལ་བཀུར་བ་ནི་མདོའི་ཚིག །དགྲ་བཅོམ་པ་ཉིད་ཡི་བར་ལ་བཀོད་ན་ཞེས་པ་ལ་སོགས་པས་བསྟན། འབྲིང་གི་ཆེན་པོ་ལ་བཀུར་བ་ནི་མདོའི་ཚིག །ཀཽ་ཤི་ཀ་གཞན་ཡང་ཕྱོགས་བཅུའི་ཕྱོགས་རེ་རེ་ཡང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན་ཞེས་པ་མན་ཆད་ཀྱིས་བསྟན། རང་དང་གཞན་གྱི་དོན་དུ་མོས་པ་ཆེན་པོའི་ཆུང་ངུ་ལ་སོགས་པ་ལ་བཀུར་བ་ཆེན་པོའི་ཆུང་ངུ་ལ་སོགས་པ་གསུམ་ཡང་མདོའི་ཚིག །ཀཽ་ཤི་ཀ་གཞན་ཡང་འཛམ་བུའི་གླིང་གི་སེམས་ཅན་གང་ཡིན་པ་དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པ་བས་ཞེས་པ་མན་ཆད་ཀྱིས་བསྟན། གཞན་གྱི་དོན་དུ་མོས་པ་ཆུང་ངུའི་ཆུང་ངུ་ལ་བསྔགས་པ་ཆུང་ངུ་ཡང་མདོའི་ཚིག །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་


DTG081_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་ཇི་ལྟ་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་དེ་ལྟ་དེ་ལྟར་ཞེས་པ་མན་ཆད་ཀྱིས་བསྟན། ཆུང་ངུའི་འབྲིང་ལ་བསྔགས་པ་ཡང་མདོའི་ཚིག །གོས་དང་ཟས་དང་མལ་ཆ་དང་སྟན་དང་ན་བའི་གསོས་སྨན་དང་ཡོ་བྱད་རྣམས་ཀྱིས་སྨན་གདགས་འཚལ་ལོ་ཞེས་པ་ལ་སོགས་པས་བསྟན། ཆུང་ངུའི་ཆེན་པོ་ལ་བསྔགས་པ་ཡང་མདོའི་ཚིག །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་འདོམས་ཤིང་རྗེས་སུ་སྟོན་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། གཞན་གྱི་དོན་དུ་མོས་པ་འབྲིང་གི་ཆུང་ངུ་ལ་བསྔགས་པ་འབྲིང་གི་ཆུང་ངུ་ཡང་མདོའི་ཚིག །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་གང་ཁྱོད་ཀྱིས་ཞེས་པ་ནས། ཁྱོད་ཀྱི་ལས་ནི་དེ་ཡིན་ནོ་ཞེས་པའི་བར་གྱིས་བསྟན། འབྲིང་གི་འབྲིང་ལ་བསྔགས་པ་ཡང་མདོའི་ཚིག །འཕགས་པ་ཉན་ཐོས་གང་སེམས་ཅན་རྣམས་ལ་ཕན་གདགས་པར་འདོད་པ་དེས་ནི་ཞེས་པ་མན་ཆད་ཀྱིས་བསྟན། འབྲིང་གི་ཆེན་པོ་ལ་བསྔགས་པ་ཡང་མདོའི་ཚིག །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་དེ་ལས་འབྱུང་སྟེ་ཞེས་པ་མན་ཆད་ཀྱིས་བསྟན། གཞན་གྱི་དོན་དུ་མོས་པ་ཆེན་པོའི་ཆུང་ངུ་ལ་བསྔགས་པ་ཡང་མདོའི་ཚིག །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་པ་ཞེས་པ་མན་ཆད་ཀྱིས་བསྟན། ཆེན་པོའི་འབྲིང་ལ་བསྔགས་པ་ཡང་མདོའི་ཚིག །ཀཽ་ཤི་ཀ་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་བར་ལ་སློབ་པ་དེའི་ཕྱིར་ཞེས་པ་མན་ཆད་ཀྱིས་བསྟན། ཆེན་པོའི་ཆེན་པོ་ལ་བསྔགས་པ་ཡང་མདོའི་ཚིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་དམྱལ་བ་རྣམས་གཅོད་པར་འགྱུར་ཞིང་ཞེས་པ་མན་ཆད་ཀྱིས་བསྟན།


previousབསྟོད་བཀུར་བསྔགས་གསུམ། next