Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 expand section
 expand section
collapse section
  
 
  
  
  
  
དྲི་བ་བཞི་པ། རྒྱ་ནག་འགྱུར་གྱི་སྐོར་འགོ་ཚུལ་བཞིན་ཤེས་པ་ལས་མངོན་མཐོ་ངེས་ལེགས་སོགས་འཐོབ་པའི་གནས་ཡོད་མེད་ཀྱི་དྲིས་ལན།
 expand section


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousདྲི་བ་བཞི་པ། རྒྱ་ནག་འགྱུར་གྱི་སྐོར་འགོ་ཚུལ་བཞིན་ཤེས་པ་ལས་མངོན་མཐོ་ངེས་ལེགས་སོགས་འཐོབ་པའི་གནས་ཡོད་མེད་ཀྱི་དྲིས་ལན།next

དྲི་བ་བཞི་པ། རྒྱ་ནག་འགྱུར་གྱི་སྐོར་འགོ་ཚུལ་བཞིན་ཤེས་པ་ལས་མངོན་མཐོ་ངེས་ལེགས་སོགས་འཐོབ་པའི་གནས་ཡོད་མེད་ཀྱི་དྲིས་ལན།


GLG020_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བ་བཞི་པ།རྒྱ་ནག་འགྱུར་གྱི་སྐོར་འགོ་ཚུལ་བཞིན་ཤེས་པ་ལས་མངོན་མཐོ་ངེས་ལེགས་སོགས་འཐོབ་པའི་གནས་ཡོད་མེད་ཀྱི་དྲིས་ལན།དྲི་བ་བཞི་པ་ནི། བཞི་པ་དཔལ་ལྡན་དུས་འཁོར་རྒྱུད་དོན་གྱི། །ལམ་ལ་གཞུང་བཞིན་ལུགས་ནས་ཉམས་བླངས་ན། །ངེས་ལེགས་མཐར་ཐུག་ཟུང་འཇུག་འཁྲུལ་མེད་ཀྱང་། །རྒྱ་ནག་འགྱུར་གྱི་གཙུག་ལག་མདོ་རྒྱུད་ཀྱི། །རྒྱུད་དོན་སྐོར་འགོ་ཚུལ་བཞིན་ཤེས་པ་ཡིས། །མངོན་མཐོ་ངེས་ལེགས་འཐོབ་པའི་གནས་ཨེ་ཡོད། །གཞན་དུ་ཁྲིམས་དང་སྔགས་ལམ་མ་བསྟེན་པར། །མངོན་མཐོ་མཐོ་རིས་གསུམ་དང་ངེས་ལེགས་ཀྱི། །མཐར་ཐུག་ཟུང་འཇུག་འཐོབ་པར་མ་གསུངས་སོ། །མངོན་མཐོ་ངེས་ལེགས་འཐོབ་པའི་གནད་ཡོད་ན། །དེ་ཉིད་འགྲུབ་བྱེད་རྒྱུ་ཡི་གཙོ་བོ་དང་། །ལམ་གྱི་འགྲོས་རྣམས་བཀའ་དང་མི་འགལ་བའི། །ལུང་རིགས་འཁྲུལ་མེད་ཅིག་ནི་སྟོན་དགོས་སོ། །དེ་ཉིད་འཐོབ་པའི་གནད་ནི་མེད་གྱུར་ན། །གཙུག་ལག་ཁོ་ནའི་ལམ་གྱིས་ཟུང་འཇུག་སྐུ། །འཐོབ་པ་ལྟ་ཞོག་མཐོ་རིས་གསུམ་ཙམ་ཡང་། །འཐོབ་སྐལ་མེད་ན་དེང་སང་དུས་ཀྱི་ནི། །མོ་གཤེན་རྣམས་དང་ཁྱད་པར་ཅི་ཡོད་དེ། །ལྟོ་རྒྱབ་ཁོལ་བུ་ཙམ་དུ་ཟད་པར་ཐལ། །དེ་ཡི་ཚེ་ན་རྗེ་བཙུན་འཇམ་དབྱངས་ཀྱང་། །སྟོན་པར་བཟུང་ལ་དགོས་པ་ཅི་ཞིག་ཡོད། དཔེར་ན་མིག་མང་(༣༤བ)


GLG020_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དང་མ་འབྲེལ་ན། །རྡེའུ་ཇི་ལྟར་མང་ཡང་ཤི་རོར་འགྱུར། །དེ་བཞིན་མངོན་མཐོ་ངེས་ལེགས་མི་འཐོབ་པའི། །གཙུག་ལག་མདོ་རྒྱུད་མང་ཡང་རོ་དང་འདྲ། །ཞེས་པ་སྤྱིར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛའ་བོ་བདེ་སྤྱོད་ལ་སྤྲིངས་པར། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་པ་ལྟར་རྒྱུ་བ་བཅུད་ཀྱི་སེམས་ཅན་དང་། །མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ས་ཆེན་པོ་ལ་བརྟེན་པ་ལྟར་སྲིད་ཞིའི་ཡོན་ཏན་ཐམས་ཅད་འབྱུང་བའི་གཞི་ཚུལ་ཁྲིམས་ཡིན་ཏེ། ཞི་བ་མྱང་འདས་ཐོབ་པར་བྱེད་པ་ལ་དེ་སྒྲུབ་པའི་རྟེན་མངོན་མཐོའི་གོ་འཕང་ཐོབ་དགོས་པས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་གསུངས་པས་འགྲུབ་ལ། ལྷ་མིའི་རྟེན་འཐོབ་པ་ཡང་ཚུལ་ཁྲིམས་ལ་རག་ལུས། རྟེན་དེ་ལ་ཚུལ་ཁྲིམས་དག་པའི་འབྲས་བུ་ཐར་པའི་གོ་འཕང་འཐོབ་ནུས་པས། མདོ་ལས། ངའི་དགེ་སློང་ཚུལ་ཁྲིམས་དྲི་མ་མེད་པ་དེ་ལ་མཐོ་རིས་ནི་རས་ཡུག་གིས་ཆོད་པ་ཙམ་ལ། ཐར་པ་ནི་ཡོལ་བས་ཆོད་པ་ཙམ་མོ། །ཞེས་གསུངས་ཤིང་བསྙེན་པར་རྫོགས་མ་ཐག་པ་ལ། ཚེ་དང་ལྡན་པ་ཁྱོད་བསྙེན་པར་རྫོགས་ཟིན་གྱིས། བག་ཡོད་པར་སྒྲུབས་ཤིག་ཅེས་བརྗོད་པར་སྣང་བས། བག་ཡོད་པ་ན། ཆོས་མངོན་པ་ལས། བག་ཡོད་པ་གང་ཞེ་ན། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་བརྩོན་འགྲུས་དང་བཅས་པ་ལ་གནས་ན་དགེ་བའི་ཆོས་རྣམས་སྒོམ་ཞིང་། ཟག་པ་དང་བཅས་པའི་ཆོས་རྣམས་ལ་སེམས་སྲུང་བ་སྟེ། ཞེས་བཤད་དོ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པས། །གནས་སྐབས་འབྲས་བུ་ལྷ་མི་དང་། །མཐར་ཐུག་འབྲས་བུ་(༣༥ན)


GLG020_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་གསུམ། །ཐོབ་པར་འགྱུར་ཞེས་གསུངས་པའི་ཕྱིར། །དཔྱོད་ལྡན་རྣམས་ཀྱིས་སོ་སོ་ཐར། །མཉན་པའི་ཕྱིར་ནི་འབད་པར་བྱ། །ཞེས་པ་ལྷ་མིའི་ལུས་འཐོབ་པ་ནི་ཐབས་གཞན་ལ་ལྟོས་མི་དགོས་པར་ཚུལ་ཁྲིམས་རྣམ་པར་དག་པ་གཅིག་པུས་ཆོག་ལ། བྱང་ཆུབ་གསུམ་ཡང་འཐོབ་པའི་རྒྱུར་འགྱུར་བར་དགོངས་སོ། །གོང་དུ་མདོ་ལུང་གི །དགེ་སློང་ཞེས་པ་གཙོ་ཆེ་བའི་དབང་དུ་བཏང་བ་སྟེ། གཞན་དུ་ན་དེ་བཞིན་གཤེགས་པ་ནི་ཐབས་ལ་མཁས། ཐུགས་རྗེ་ཆེ་བས་ཉིན་ཞག་གཅིག་པའི་ཁྲིམས་ཡན་ལག་བརྒྱད་པས་ཀྱང་འགྲུབ་བོ། །སངས་རྒྱས་འཐོབ་པ་ལ་གསང་སྔགས་བླ་མེད་ཀྱི་ལམ་ཉམས་སུ་བླངས་པ་ཞིག་ངེས་པར་དགོས་ཏེ། ལས་མཐའ་རྣམ་འབྱེད་ལས། བསྐལ་པ་མཐའ་ཡས་རྣམས་སུ་ཡང་། །མགོ་དང་རིན་ཆེན་སོགས་བྱིན་པས། །སྣང་བ་རྣམ་པར་མ་དག་ཕྱིར། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །མཐའ་ཡས་བསྐལ་པ་རྣམས་སུ་ཡང་། །དེ་བཞིན་ཚུལ་ཁྲིམས་བཟོད་སོགས་ཀྱིས། །སྣང་བ་གསུམ་པོ་མ་དག་ཕྱིར། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །མཐའ་ཡས་བསྐལ་པ་རྣམས་སུ་ཡང་། །སྔགས་ཀྱི་སྐུ་ཡི་ཏིང་འཛིན་གྱིས། །སྣང་བ་རྣམ་པར་མ་དག་ཕྱིར། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །སྣང་བ་གསུམ་པོ་དག་པ་ནི། །ཐམས་ཅད་མཁྱེན་ཉིད་ཐེ་ཚོམ་མེད། །ཅེས་ཕ་རོལ་ཏུ་ཕྱིན་པ་དང་། བསྐྱེད་རིམ་ཙམ་དང་། རྒྱུད་སྡེ་འོག་མ་གསུམ་གྱིས་སྣང་བ་གསུམ་དག་མི་ནུས་པས་ན་ངེས་པར་རྣལ་འབྱོར་བླ་མེད་ཀྱི་རྫོགས་རིམ་ལ་བརྟེན་དགོས་པར་བཤད་པས་སོ། །མན་ངག་སྙེ་མ་ལས་ཀྱང་། མཆོག་ཏུ་མཐར་ཐུག་པ་ནའང་ངེས་པར་ཐབས་འདི་ལ་ལྟོས་སོ་ཞེས་བརྗོད་པར་བྱ་སྟེ། དཔེར་ན་ནམ་(༣༥བ)


GLG020_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་བཞུགས་པའི་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གནང་བའི་ཤེས་རབ་ཀྱི་དབང་ལ་ཤཱཀྱའི་མགོན་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ་བྱང་ཆུབ་འཐོབ་པའི་ཆེད་དུ་མཚན་ཕྱེད་ན་ལྟོས་པ་བཞིན་དང་། ཇི་ལྟར་ཡང་བཅོམ་ལྡན་འདས་འདི་ཁོ་ནས་རྡོ་རྗེ་སྙིང་པོ་ལ་ཐིག་ལེ་མཆོག་མས་དབང་བསྐུར་བ་བྱིན་པ་བཞིན་ནོ། །ཞེས་དང་། གྲོལ་བའི་ཐིག་ལེ་ལས། ཅི་ཕྱིར་ཤཱཀྱ་ཐུབ་པ་ཡིས། །གྲངས་མེད་བར་དུ་ཚོགས་བསགས་ཀྱང་། །འདི་དོན་མ་རྟོགས་ནི་རཉྫར། །ཅི་ཡང་མ་ཡིན་ཏིང་འཛིན་གནས། །དེ་ཚེ་བདེ་གཤེགས་ཀུན་གྱིས་ཀྱང་། །ཐལ་བྱུང་བློ་ཅན་དེ་བཟློག་སྟེ། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་དྲི་མེད་རབ་བསྟན་ཏོ། །ནམ་ཕྱེད་དུས་སུ་བརྒྱལ་བ་ལྟར། །དེ་ཉིད་བསྒོམས་པས་ཐོ་རངས་སུ། །སྐད་ཅིག་གིས་ནི་ཡང་དག་རྟོགས། །ཞེས་གསལ་བར་བྱུང་ལ། ཁྱད་པར་བླ་མེད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དཔལ་གསང་བ་འདུས་པ་སྟེ། རྒྱུད་ཕྱི་མ་ལས། ཨེ་མའོ་ཤིན་ཏུ་རྙེད་དཀའ་བ། །བྱང་ཆུབ་སྒྲུབ་པའི་ཐབས་འདི་ཡིན། །རྒྱུད་ཀྱི་ཕྱི་མའི་ཕྱི་མར་གྱུར། །གསང་བ་འདུས་པ་ཞེས་བྱའི་རྒྱུད། །ཅེས་དང་། སྒྲོན་གསལ་ལས་ཀྱང་། ཇི་སྲིད་ཡ་ར་ལ་ཧའི་བར། །ཀ་ཁ་གྷ་མཐའ་ཎ་ཛའི་མཐའ། །ཏ་དྷའི་མཐའ་དང་མ་མཐར་བཅས། །དེ་དེའི་རྩ་བ་ཡི་གེ་གསུམ། །ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡི། །དཔལ་ལྡན་འདུས་འདི་སྣོད་ཡིན་ཏེ། །དེ་བས་དེ་ནི་རྒྱུད་ཀྱི་རྩེ། །ཞེས་སོ། །དོན་ཧྲིལ་གྱིས་དྲིལ་ན། མི་སློབ་པའི་ཟུང་འཇུག་འཐོབ་པ་ལ། སློབ་པའི་ཟུང་འཇུག་ཐོབ་དགོས། དེ་འཐོབ་པ་ལ་སྒྱུ་ལུས་ཐོབ་དགོས། སྒྱུ་ལུས་ཀྱི་བསྒྲུབ་གཞི་སེམས་དབེན་གྱི་ཡེ་ཤེས་རྫོགས་པར་སྐྱེད་པ་ཕྱིའི་ལས་རྒྱ་ལ་ལྟོས་པས། རིམ་ལྔ་ལས་སྒྱུ་མ་དང་ནི་ཐམས་ཅད་ལས། །(༣༦ན)


GLG020_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་གསུངས། དེ་ལྟ་བུའི་དབང་པོ་གཉིས་སྦྱོར་གྱི་བདེ་བ་ལམ་དུ་བྱེད་ཚུལ་འདི་རྣལ་འབྱོར་རྒྱུད་མན་ཆད་ཐམས་ཅད་ལ་མེད་ཅིང་། སོ་སོ་སྐྱེ་བོ་ཚེ་གཅིག་ལ་གསང་སྔགས་རང་ལམ་གྱིས་བགྲོད་པར་ཚུལ་དེ་དགོས་པར་མ་ཟད། ཕ་རོལ་ཏུ་ཕྱིན་པའི་ས་བཅུའི་ལམ་མཐར་ཕྱིན་པ་རྣམས་ཀྱང་། མཐར་འཚང་རྒྱ་བའི་ཚེ་དངོས་ཀྱི་རིག་མ་ལ་བརྟེན་ནས་དབང་སྐུར་དགོས་པའི་ཁུངས་སུ། ཀྱེ་རྡོ་རྗེ་ལས། འབར་བའི་འཕྲེང་བ་འཁྲུག་པ་ཡི། །དཀྱིལ་འཁོར་རབ་ཏུ་བཞེངས་ནས་ནི། །རྡོ་རྗེ་སྙིང་པོ་དབང་སྦྱིན་ཕྱིར། །ཐིག་ལེ་མཆོག་ཉིད་བཀུག་པ་ཉིད། །ཅེས་གསུངས་སོ། །འདུས་པ་བདེ་དགྱེས་སོགས་སུ་ལས་རྒྱ་ལ་མ་བརྟེན་ན་ཚེ་གཅིག་ལ་འཚང་མི་རྒྱ་བར་བཤད་དོ། །དེ་ལྟ་ནའང་ཐམས་ཅད་མཁྱེན་པ་ཙོང་ཁ་པས། མདོ་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི། །ཤིང་རྟའི་སྲོལ་འབྱེད་དུས་ཀྱི་འཁོར་ལོའི་རྒྱུད། །ཅེས་པ་ལྟར་དམ་པ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོར་གདུལ་བྱ་དམན་པ་ལ་བྱང་ཆུབ་ཀྱི་སེམས་འཛག་པའི་བགྲོད་པ་དང་། འབྲིང་ལ་གཡོ་བའི་བགྲོད་པ་དང་། མཆོག་ལ་མི་གཡོ་བའི་བགྲོད་པ་གསུམ་ལས་དང་པོ་ལས་ཀྱི་ཕྱག་རྒྱ། གཉིས་པས་ཡེ་ཤེས་ཀྱི་ཕྱག་རྒྱ། གསུམ་པས་ཕྱག་རྒྱ་ཆེན་མོ་གསུམ་ལ་རིམ་བཞིན་བརྟེན་ནས་མཆོག་ཏུ་མི་འགྱུར་བས་བདེ་ཆེན་སྒྲུབ་པས་ན། རྩ་རྒྱུད་ལས། མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། །པདྨར་རྡོ་རྗེ་རབ་བཀོད་ནས། །སྲོག་ནི་ཐིག་ལེར་གཞུག་པར་བྱ། །འཁོར་ལོ་ཐིག་ལེ་ཐིག་ལེ་ཡིས། །གཡོ་བ་རྡོ་རྗེ་དགག་པར་བྱ། །རྟག་ཏུ་རྟག་རེངས་རྣལ་འབྱོར་པ། །རྟག་ཏུ་སྟེང་དུ་ཁུ་(༣༦བ)


GLG020_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །ཕྱག་རྒྱ་ཆེན་པོ་སྦྱོར་བ་ཡིས། །རྡོ་རྗེ་འབེབས་པས་བྱིན་གྱིས་རླབས། །མཆོག་ཏུ་མི་འགྱུར་སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །དྲུག་བརྒྱ་རྫོགས་པས་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །ཞེས་གསུངས་ལ། གདུལ་བྱ་མཆོག་གིས་མི་འགྱུར་བའི་བདེ་བ་སྟེན་ནུས་པ་དང་། དམན་པ་དང་བར་མས་ཕྱག་རྒྱ་གཞན་གཉིས་སྤངས་ནས་ཡེ་རྒྱ་ཁོ་ན་ལ་བརྟེན་ནུས་པའི་ས་མཚམས་ཀྱང་། སྒྲུབ་ལེའི་རྒྱ་གོ་དགུ་པ་ལས། སེམས་ནི་རྙོག་པ་དང་བཅས་ལས་ཀྱི་ཕྱག་རྒྱ་འདི་དང་བཏགས་པའི་ཡེ་ཤེས་ཕྱག་རྒྱ་སྤང་བྱ་སྟེ། ཡང་དག་རྫོགས་པའི་བྱང་ཆུབ་ཆེད་དུ་རྒྱལ་བ་མཆོག་གི་སྐྱེད་མ་མཆོག་གི་ཕྱག་རྒྱ་དགོས་པ་མེད། །རྣམ་པར་འགྱུར་བ་མེད་ཅིང་མཁའ་མཉམ་མུན་བཅོམ་ཁྱབ་བྱེད་རྣལ་འབྱོར་དག་གིས་བགྲོད་བྱེད་ཐེར་ཟུག་གནས། །ཡེ་ཤེས་གཟི་བརྗིད་སྲིད་པའི་དྲི་མ་འཕྲོག་ཅིང་དུས་ཀྱི་འཁོར་ལོས་རྗེས་སུ་རིག་པ་བསྒོམ་པར་བྱ། ཞེས་སོགས་ཀྱིས་ཤེས་སོ། །འཇམ་མགོན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པས། །འདི་ན་རྫོགས་སངས་རྒྱས་སུ་བགྲོད་པ་ལ། །ཟབ་མོ་རྡོ་རྗེ་ཐེག་དང་ཕར་ཕྱིན་ཐེག །རྣམ་པ་གཉིས་ཡོད་གསང་སྔགས་ཕར་ཕྱིན་ལས། །ཤིན་ཏུ་ཁྱད་པར་འཕགས་པ་ཡིན་ནོ་ཞེས། །ཉི་མ་ཟླ་བ་ལྟ་བུར་ཀུན་ཏུ་གྲགས། །ཞེས་གསུངས་པ་ནི། བསྐྱེད་རིམ་ནས་བཟུང་སྟེ་འོད་གསལ་གྱི་བར་གྱི་ལམ་གྱི་དོད་ཐུབ་རྣམས་སྔགས་ལམ་ལ་མ་ལྟོས་པར། ཕར་ཕྱིན་ཐེག་པ་རང་ལམ་གྱིས་བགྲོད་པའི་ས་བཅུའི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མར་གྱུར་པ་ལ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་དབང་གསུམ་པ་དངོས་དབང་དུ་བསྐུར་ཏེ། སློབ་པའི་ཟུང་འཇུག་དང་། དེའི་རྗེས་སུ་དབང་བཞི་པ་བསྐུར་ནས་སྤྱོད་པ་བྱེད་དུ་བཅུག་པས། མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པར་བཤད་པས། མཐར་(༣༧ན)


GLG020_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཡུན་ཐུང་ངུ་ཞིག་ལ་ཟུང་འཇུག་གི་ལམ་མངོན་དུ་བྱས་པ་ཙམ་ལས་གཞན་སངས་རྒྱས་ཀྱི་སར་བགྲོད་པའི་ལམ་ཕལ་ཆེར་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བགྲོད་པ་ལ་དགོངས་སམ་མཉམ། གལ་ཏེ་སྔགས་ལམ་ལ་མ་ལྟོས་པར་ཕར་ཕྱིན་ཁོ་ནའི་ལམ་ལ་བརྟེན་ནས་སངས་རྒྱས་སུ་བགྲོད་པ་ཡོད་པའི་དགོངས་པ་ཡིན་སྲིད་ནའང་། མདོ་ཕྱོགས་ཀྱི་རང་སྐད་ལ་ཡོད་པའི་དབང་དུ་གནང་བ་སྟེ། སྤྱིར་བཏང་དང་ནི་དམིགས་བསལ་དག །བསྟན་བཅོས་ཀུན་ལ་གཅེས་པ་ཡིན། །ཞེས་སྤྱིར་བཏང་དང་དམིགས་བསལ་ལ་དགོངས་པ་ཡིན་ནོ། །དེ་ལྟར་བསྟན་པ་སྤྱིའི་སྐད་དུ་བྱེད་ན། མངོན་མཐོ་འཐོབ་པ་ཁྲིམས་དག་པ་དང་། སངས་རྒྱས་འཐོབ་པ་ངེས་གསང་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་ན་མེད་པ་ལ་རག་ལུས་ནའང་། དེ་གཉིས་མ་གཏོགས་ཆོས་གཞན་གྱིས་དགོས་པ་མེད་པ་ལྟ་བུར་གོ་ན་སངས་རྒྱས་འཐོབ་མི་ནུས་ཏེ། རྒྱལ་བས་ཆོས་ཚུལ་གྲངས་མེད་གསུངས་པ་ཐམས་ཅད་སེམས་ཅན་རྣམས་ཀྱིས་སངས་རྒྱས་འཐོབ་པའི་ཐབས་སུ་གསུངས་པས་སོ། །ཚུལ་དེ་ལ་བརྟེན་ནས་འབྲོམ་སྟོན་པས། བསྟན་པ་ཐམས་ཅད་གྲུ་བཞི་ལམ་འཁྱེར་ཤེས་པ་ངའི་བླ་མ་ཞེས་དཔལ་མར་མེ་མཛད་ལ་བསྔགས་པ་བརྗོད་པ་དང་། རྒྱལ་བ་བཙོང་ཁ་པས། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །ཞེས་པའང་། རང་ཉིད་ངན་འགྲོ་ལས་ཐར་པ་ཙམ་དོན་དུ་གཉེར་བ་སོགས་དམིགས་བསལ་ཅན་འགའ་རེ་མ་གཏོགས་སྐྱེས་བུ་ཆུང་ངུའི་ཆོས་རྣམས་ཀྱང་འབྲིང་ཉམས་སུ་ལེན་པ་ལ་དགོས། རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་སོགས་འགའ་རེ་མ་གཏོགས་འབྲིང་གི་ཆོས་རྣམས་ཆེན་པོའི་(༣༧བ)


GLG020_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལེན་ལ་དགོས་ཤིང་། རྡོ་རྗེ་ཐེག་པའི་སྔོན་དུ་ལམ་ཐུན་མོང་བའི་རྒྱུད་སྦྱང་འགྲོ་དགོས་པ་ལ། དེང་སང་ཐེག་པ་གསུམ་དང་གྲུབ་མཐའ་བཞི་སོགས་ཀྱི་རྣམ་གཞག་ལ་ཐོས་པ་ཅུང་ཟད་ཀྱང་མ་བྱས་པར་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཀློང་དུ་གྱུར་པ་སྐད་བྱས་ནས་རི་སུལ་ཀུན་དུ་གྲོག་ཚང་རྡོལ་བ་ལྟ་བུ་ནི། སྒོམ་ན་ཐོས་པ་མི་དགོས་ཞེས། །བླུན་པོ་བློ་རྒྱ་ཆུང་དུ་སྨྲ། །ཐོས་པ་མེད་པར་སྒོམ་པ་ཙམ། །འབད་ཀྱང་དུད་འགྲོའི་སྒྲུབ་ཐབས་ཡིན། །ཞེས་པ་ལྟར་རོ། །འོ་ན་ནང་རིག་པ་ཙམ་ལ་ཐོས་བསམ་བྱས་པས་མྱ་ངན་ལས་འདས་པའི་གོ་འཕང་འགྲུབ་བམ་སྙམ་ན། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི། །དངོས་དེ་འགའ་ཡང་ཡོད་མ་ཡིན། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །ཅེས་དང་། རྗེ་བཙུན་ས་སྐྱ་པཎྜི་ཏས། རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལས་རིང་། །ཞེས་གསུངས་པ་ལྟར་རྒྱལ་བའི་སྲས་གཞན་ཕྱིར་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བ་རྣམས་རང་དང་གཞན་གྱི་གྲུབ་པའི་མཐའ་ཐམས་ཅད་ལ་སྦྱང་དགོས་པ་ཡིན་ཏེ། དཔལ་ཆོས་ཀྱི་གྲགས་པས་གྲངས་ཅན་གྱི་གྲུབ་མཐའི་གསང་ཚིག་རྣམས་ཤེས་པའི་ཆེད་དུ་བྲན་དུ་བརྫུས་ཏེ་ཞང་པོའི་ཆུང་མའི་གཡོག་བྱས་ནས་གྲུབ་མཐའི་གནད་འདི་འདྲ་དྲི་དགོས་བྱས་པས། འདོད་པ་སྤྱོད་ཚེ་དྲི་ཡིས། ཁྱེད་རང་ཡིད་ལ་ཟུངས་ཟེར་བ་ལྟར་བྱས། དེའི་ཚེ་མོའི་རྐང་པ་ལ་ཐ་གུ་བཏགས་ནས་གང་དཀའ་སར་ཐེན་ཐེན་བྱས་ཚེ་མོས་ནན་ཆེན་དྲིས་པས་མཁྱེན་ཏོ། །དེ་བཞིན་གཤེགས་པས་གྲུབ་མཐས་བློ་མ་འགྱུར་བའི་སྐྱེ་བོ་བ་ལང་ལྟ་བུ་ལ། སྐྱེ་བ་སྔ་ཕྱི་དང་ལས་འབྲས་མེད་པར་འདོད་པའི་མུ་སྟེགས་རྒྱང་པན་གྱི་བསྟན་བཅོས་(༣༨ན)


GLG020_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་སྒོ་ནས་བཀྲི་བའི་སྐབས་ཡོད་དེ། ཅིའི་ཕྱིར་ན། རྒྱང་པན་པས་ཀྱང་རིགས་པ་ཁས་ལེན་པས་སོ། །སྔོན་བསམ་ཡས་སུ་མཁན་པོའི་ཞལ་ཆེམས་ལྟར་རྗེ་བཙན་པོས་ཧྭ་ཤང་གདུལ་དོན་དུ་མཁས་པ་ཀ་མ་ལ་ཤཱི་ལ་གདན་དྲངས་ཚེ་ཐོག་མར་ཧྭ་ཤང་དང་། པཎྜི་ཏ་ཆུ་ཕ་རི་ཚུ་རི་བྱུང་བར། པཎྜི་ཏས་ཚོད་བརྟག་པའི་ཕྱིར་དུ། ཆག་ཤིང་ཀླད་ལ་ལན་གསུམ་བསྐོར་བས། ཧྭ་ཤང་གིས་ཁམས་གསུམ་འཁོར་བར་སྐྱེ་བའི་རྒྱུ་དྲིས་པར་གོ་ནས་གཟུང་འཛིན་གཉིས་ཡིན་པའི་བརྡ་ཆད་དུ་བེར་གྱི་མཐུ་བ་ལན་གཉིས་ས་ལ་བརྡབས་པས། ཀ་མ་ལའི་ཐུགས་ལ་ཧྭ་ཤང་རིགས་པ་ཁས་ལེན་པས་ཐུལ་བར་དགོངས་པའི་ལོ་རྒྱུས་དང་། འཇིག་རྟེན་གྱི་གཏམ་ལའང་། ཤེས་ཅན་དེ་དགྲ་ལ་ཡོད་ཀྱང་མཁོ་ཟེར་བའི་དཔེ་འདིར་འོང་། སླར་རྒྱང་པན་དེ་སྐྱེ་བ་སྔ་ཕྱི་ཙམ་འདོད་པའི་མུ་སྟེགས་དཔྱོད་པ་པ་དང་། དེ་ཡང་ཐར་པ་འདོད་པའི་མུ་སྟེགས་གྲངས་ཅན་དང་གཅེར་བུ་པ་སོགས་ཀྱི་ལུགས་སུ་འཁྲིད་ལ། དེ་དག་གིས། ཁ་བ་རྒྱ་སྤོས་མེ་ཏོག་དང་། །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་དཀར་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་པ་ལྟ་བུ་འདོད། མྱང་འདས་ཁས་ལེན་པ་ལ། ཆོས་རྣམས་བདེན་མེད་དུ་བློར་མི་ཚུད་པ་ལ་བྱེ་བྲག་སྨྲ་བ་དང་། དེ་ལས་བཟློག་སྟེ་བྱ་བྱེད་ལས་གསུམ་ཡུལ་སྟེང་ནས་མ་གྲུབ་པའི་བློས་བཏགས་འདོད་པ་ལ་མདོ་སྡེ་པ་དང་། ཕྱི་དོན་བཀག་ནས་གཟུང་འཛིན་གཉིས་སྟོང་གི་ཤེས་པ་བདེན་གྲུབ་ཏུ་འདོད་པ་ལ་སེམས་ཙམ་པ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བདེན་མེད་དུ་བློར་ཆུད་པའི་རིགས་ལ་དབུ་མའི་གྲུབ་མཐའ་སྟེན། བརྟག་གཉིས་ལས། ལྟ་དང་རྒོད་དང་ལག་བཅིངས་དང་། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིན་(༣༨བ)


GLG020_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །ཞེས་ཤིང་ལ་གནས་པའི་སྲིན་བུས་ཤིང་ཉིད་ལྷག་མེད་དུ་ཟ་བ་ལྟར། ཉོན་མོངས་སྤང་བྱར་མ་བྱས་པར་ལམ་དུ་འཁྱེར་ཚུལ་བཞིའི་སྒོ་ནས་སངས་རྒྱས་སྒྲུབ་པའི་ཐབས་དམ་པ་སྟོན་པའི་སྣོད་དུ་གྱུར་པ་དབང་པོ་ཆེས་རྣོན་པོ་རྣམས་ལ་གསང་སྔགས་ཀྱི་ཐེག་པ་སྟོན་པས་ན། ལྷ་མོ་དབྱངས་ཅན་མའང་ངེས་དོན་དུ་གཤིན་རྗེ་གཤེད་དང་མཉམ་པར་སྦྱོར་བའི་གཉིས་མེད་གཉིས་སུ་སྣང་བའི་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་ཡིན་ལ། ཕྱི་རོལ་པ་རྣམས་ཀྱི་དོན་དུ་ཚངས་པའི་བུ་མོར་བསྟན་ཅིང་། ནང་པའི་ལུགས་འཛིན་རྣམས་ཀྱི་ངོར་སྤྱན་རས་གཟིགས་ཀྱི་མཆེ་བ་ལས་འཁྲུངས་པར་གྲགས། སྤྱན་རས་གཟིགས་ཀྱང་བཀའ་གདམས་གླེགས་བམ་རིན་པོ་ཆེར། བོན་གྱི་ངོར་གཤེན་ལྷ་འོད་དཀར་དུ་བསྟན་པར་གསུངས་ཤིང་། དུས་གསུམ་མཁྱེན་པ་ཨོ་རྒྱན་གྱི་ཟབ་གཏེར་མང་པོར་ལྷ་ཆེན་དབང་ཕྱུག་གི་སྒྲུབ་སྐོར་ལ། འཕགས་པ་འཇིག་རྟེན་དབང་ཕྱུག་དམར་པོར་སྒྲུབ་པ་ཞེས་ཕྱག་ན་པདྨར་བསྟན། དེ་ལྟར་མུ་སྟེགས་རྒྱང་པན་གྱི་གྲུབ་མཐས་ཀྱང་མཐར་མངོན་མཐོ་དང་སངས་རྒྱས་ཀྱི་སར་འཁྲིད་ནུས་པ་ཡོད་ན། རྒྱ་ནག་གི་གཙུག་ལག་རྩིས་ཀྱིས་མངོན་མཐོ་དང་སངས་རྒྱས་ཐོབ་པར་འགྱུར་བ་ཡོད་པ་ལ་སོམ་ཉི་མི་འཚལ་གྱི། འོན་ཀྱང་འདི་ཁོ་ནས་མངོན་མཐོ་ངེས་ལེགས་འཐོབ་མི་ནུས་མོད། དེ་རྒྱུ་མཚན་དུ་བྱས་ནས་ཡང་དག་པ་མ་ཡིན་པར་སྒྲུབ་མི་རུང་སྟེ། སངས་རྒྱས་འཐོབ་པ་ལ་དོན་གྱི་གནད་ནང་རིག་པ་ཐེག་པ་གསུམ་གྱི་ཆོས་ཚུལ་ལ་མ་རྨོངས་པ་ཞིག་དགོས། ཐེག་པ་གསུམ་གྱི་གཞུང་ལུགས་ལ་མཁས་པར་བྱེད་པ་ཚིག་གི་ཆ་ལ་འཁྲུལ་པ་སེལ་བ་གཏན་ཚིགས་རིག་པ་དང་དོན་གྱི་ཆ་ལ་འཁྲུལ་པ་སེལ་བ་སྒྲ་རིག་པ་ལ་ལྟོས་པས། ཐམས་ཅད་མཁྱེན་པ་ལོ་ཆེན་ཆོས་སྐྱོང་བཟང་པོས། མཁས་ཤེས་བྱ་བ་མང་ན་ཡང་། །སྒྲ་ཚད་ཀྱི་(༣༩ན)


GLG020_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲང་ལ་བཅུར་ན་ཤེས། །ཞེས་གསུངས་སོ། །གཞན་དུ་ན་ལེགས་སྦྱར་གྱི་བསྟན་བཅོས་ཁོ་ན་ལ་བརྟེན་ནས་ཀྱང་འཚང་རྒྱ་བར་མི་ནུས་པས། བརྡ་སྤྲོད་ཀྱི་གཞུང་ཀུན་ཡང་དོན་མེད་དུ་འདོད་དགོས་པར་འགྱུར་རོ། །ནག་རྩིས་ཁོ་ནས་བྱང་ཆུབ་མཆོག་འཐོབ་མི་ནུས་པས་དེ་སྟོན་པ་པོ་རྗེ་བཙུན་འཇམ་དབྱངས་སྟོན་པ་ཡང་དག་ཏུ་བཟུང་མི་རིགས་པར་མི་འགྱུར་ཏེ། ནག་རྩིས་སུ་མ་ཟད་སྲིད་པ་འཁོར་བའི་སྡུག་བསྔལ་དྲུངས་ནས་འབྱིན་ནུས་པའི་ཟབ་མོ་སྟོང་པ་ཉིད་སྟོན་པའི་གཞུང་ལུགས་ཀྱང་འཇམ་དབྱངས་ཀྱིས་མགོན་པོ་ཀླུ་སྒྲུབ་ལ་གསུངས་ཤིང་། འཇམ་པའི་རྡོ་རྗེ་དཀྱིལ་འཁོར་གྱི་གཙོ་བོར་བཞེངས་ནས། རྡོ་རྗེའི་རྣལ་འབྱོར་མཆོག་གི་ཆོས་ཚུལ་རྒྱ་ཆེར་བསྟན་ཏོ། །གཞན་ཡང་། དེ་བཞིན་གཤེགས་པས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་བསྟན་པའི་མདོ་དང་། རྡོ་རྗེ་གུར་དུ། མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་ས་བོན་འགྲུབ། །རིལ་བུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱི་ལེན། །ཐ་མལ་པ་ཞེས་བཤད་པ་ཡིན། །ཞེས་གྲུབ་ཆེན་བརྒྱད་དང་། སྒྲོན་གསལ་ལས། དགོས་པ་ཡང་ནི་བཤད་བྱ་སྟེ། །ཞི་སོགས་བྱ་བའི་ཆོ་ག་དང་། །ཞེས་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་སོགས་རྒྱུད་སྡེ་མང་པོར་བྱུང་བ། བཤད་མ་ཐག་པའི་དོན་ཙམ་བརྗོད་བྱར་བྱེད་པའི་མདོ་རྒྱུད་ཙམ་ལ་བརྟེན་ཀྱང་སངས་རྒྱས་མི་འཐོབ་པས། དེ་རྣམས་བཀའ་ཚད་མ་མིན་པ་དང་། དེ་བཞིན་གཤེགས་པའང་སྟོན་པ་རྣམ་དག་ཏུ་འཛིན་མི་རུང་བར་འགྱུར་བ་སོགས་རིགས་པ་གོ་མཚུངས་སོ། །ནག་རྩིས་ཀྱི་རང་གཞུང་ཁོ་ནས་མངོན་མཐོ་ངེས་ལེགས་མི་འཐོབ་པ་རྒྱུ་མཚན་དུ་བྱས་ནས། བྱེད་པ་པོ་རྣམས་ཀྱི་ལྟོ་གོས་(༣༩བ)


GLG020_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཚེ་འདི་འབྱིད་ཐབས་རྐྱང་པར་འགྲོ་བའི་ངེས་གཟུང་མེད་དེ། མདོ་སྔགས་ཐ་སྙད་ཀྱི་རིག་པ་སོགས་གང་ལའང་བྱེད་པ་པོའི་བསམ་པ་གཙོ་ཆེ་བས་སོ། །ཅིའི་ཕྱིར་ན། ད་ལྟ་མཆོག་དམན་བར་མ་ཐམས་ཅད་ཀྱི་ངག་ལས་རླུང་ལྟར་རྗོད་ཅིང་། ཆོས་ཐམས་ཅད་ཀྱི་ཡང་རྩེར་བྱེད་པའི་ངེས་དོན་ཕྱག་རྒྱ་ཆེན་པོར་གྲགས་པ་འདི་ལ། སྤྱིར་སྡོམ་གསུམ་དུ། ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་བྱུང་བའི་ཡེ་ཤེས་དང་། །རིམ་པ་གཉིས་ཀྱི་ཁྱད་པར་ལས། །བྱུང་བའི་རང་བྱུང་ཡེ་ཤེས་ཡིན། །ཞེས་ཕྱག་རྒྱ་ཆེན་དེ་གསང་སྔགས་བླ་མེད་ཀྱི་ལམ་དུ་མཛད་པས་ན། སྔགས་རྙིང་མ་ལས་ཐེག་པ་རིམ་དགུར་གསུངས་པས་དབང་དང་རིམ་གཉིས་ལས་བྱུང་བའི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལས་མཐོ་བ་རྫོགས་པ་ཆེན་པོ་ལྷུན་གྲུབ་འོད་གསལ་སྣང་བཞིའི་ལམ་ཡོད་པར་བཞེད་ནའང་། གསར་མ་སོར་བཞག་པར། རྣལ་འབྱོར་བླ་མེད་ཀྱི་གོང་ན་ཐེག་པ་གཞན་མེད་པས་ཆོས་ཀུན་གྱི་རྩེ་མོར་སོན་པ་ཡིན་མོད། ད་ལྟའི་ཕྱག་རྒྱ་པའི་ལུགས་འདི་གནས་ལུགས་ཕྱག་ཆེན་ཞེས་ལྟ་བ་ལ་སྦྱར་ནས་མདོ་ལུགས་ཡིན་ཟེར་བས་ཕྱག་ཆེན་མཚན་ཉིད་ཚང་བར་མི་འགྲོའང་དོན་རྣལ་མ་ཞིག་བྱུང་ན་ཞི་ལྷག་ཟུང་འབྲེལ་ལྟ་བུར་སྣང་ལ། དེས་ན་མདོ་སྡེ་རྒྱན་ལས། ཆོས་ཀྱི་མིང་ནི་སྡོམ་པའང་འདི། །ཞི་གནས་ལམ་དུ་ཤེས་པར་བྱ། །ལྷག་མཐོང་ལམ་མིན་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་པར་བྱ། །ཞེས་ཆོས་རྣམས་ཀྱི་གནས་ལུགས་ལས་མི་གཡེལ་བར་བསྡུས་ཏེ། རྩེ་གཅིག་ཏུ་ཉམས་སུ་ལེན་པ་ཞི་གནས་དང་། ལྷག་མཐོང་ནི་མི་གཡེང་བར་བརྟན་པ་ཐོབ་པའི་ངང་ནས་སོ་སོར་རྣམ་པར་དཔྱོད་པ་ཡིན་པས། ལྷག་མཐོང་གི་སྒོ་ནས་གནས་ལུགས་ཕྱིན་ཅི་མ་ལོག་(༤༠ན)


GLG020_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤེས་པར་བྱེད་པ། དེ་ཉམས་སུ་བསྟན་པའི་གཞི་རྟེན། ཞི་གནས་ལ་རག་ལུས་པས། མདོ་སྡེ་དགོངས་འགྲེལ་ལས། དེ་གཅིག་ཏུ་དབེན་པར་འདུག་སྟེ་ནང་དུ་ཡང་དག་པར་བཞག་ནས་ཇི་ལྟར་ལེགས་པར་བསམ་པའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང་། སེམས་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཡིད་ལ་བྱེད་དོ། །ཞེས་གསུངས་ལ། དེར་མ་ཟད་དཔེར་ན་མར་མེ་གསལ་ཡང་རླུང་གིས་བསྐྱོད་ནས་གཟུགས་བརྙན་ཚུལ་བཞིན་མི་མཐོང་བ་ལྟར། དམིགས་པ་ལས་མི་གཡོ་བའི་ཞི་གནས་མེད་ན་ལྷག་མཐོང་གིས་དོན་ཚུལ་བཞིན་དུ་གཡོ་བ་མེད་པར་མི་མཐོང་ཞིང་། གལ་ཏེ་དེ་ལྟར་གཡོ་མེད་དུ་མཐོང་ནུས་ན་ལྷག་མཐོང་གིས་སོ་སོར་དཔྱད་པ་ཙམ་གྱིས་གནས་ལུགས་ཀྱི་དོན་ལ་དམིགས་པའི་ཏིང་ངེ་འཛིན་ཇེ་འཕེལ་དུ་སོང་ནས་རི་དང་མཚུངས་པར་ཤིན་ཏུ་བརྟན་པར་འགྱུར་ཏེ། ཟླ་བ་སྒྲོན་མའི་མདོ་ལས། ཞི་གནས་སྟོབས་ཀྱིས་གཡོ་བ་མེད་པར་འགྱུར། །ལྷག་མཐོང་གིས་ནི་རི་དང་འདྲ་བར་འགྱུར། །ཞེས་གསུངས་སོ། །དེ་བཞིན་དུ་ཕྱག་ཆེན་པོ་རྣམས་ཀྱིས་ཀྱང་གནས་པ་སྐྱོང་ཞེས་སྨྲ་བ་འདི། ཞི་གནས་ཀྱི་ལུགས་སུ་བྱེད་འདུག་པ། ཁྱེད་རྣམས་ཀྱིས་གནས་པ་བརྟན་པོ་ཡོད་པར་སྒོམ་ཆེན་བཟང་བཟང་མོ་བྱེད་པས་ན། དེ་ལྟ་བུའི་ཉམས་ལེན་དེ་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་རྩིས་མ་ཟིན་ན་མུ་སྟེགས་བྱེད་ལ་གནས་ཆ་དེ་འདྲས་ཆ་ཙམ་དུའང་སྒྲུན་མི་ནུས་པའི་སྲིད་རྩེའི་བར་དུ་འགྲོ་བའི་ཏིང་འཛིན་ཡོད་པས། ཕྱག་རྒྱ་བའི་སྒོམ་ཆེན་པ་དེ་ནང་པ་སངས་རྒྱས་པའི་བྲལ་དུའང་མི་ཚུད་ལ། ཡང་ནག་རྩིས་པ་ཞིག་གིས་གཤིན་གསོན་གྱི་རྩིས་རྣམས་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱིས་ཟིན་པའི་སྒོ་ནས་བྱས་ན་སངས་རྒྱས་འཐོབ་པའི་རྒྱུར་འགྱུར་བའི་རྒྱུ་མཚན་ཟན་ཆངས་གཅིག་ཙམ་(༤༠བ)


GLG020_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་བྱིན་ཀྱང་སངས་རྒྱས་འཐོབ་པའི་རྒྱུར་འགྱུར་ན། ནག་རྩིས་ཀྱི་སྒོ་ནས་འགྲོ་རྣམས་བདེ་སྐྱིད་ལ་འགོད་ནུས་ཏེ། གཤིན་རྩིས་ཀྱིས་ཡུལ་དང་ཉེ་འབྲེལ་ལ་ཕན་པར་མ་ཟད་གཤིན་པོ་རང་གི་སྡིག་པ་སྦྱོང་ཐབས་སུ་འགྱུར་བས། ཁྱུང་ནག་གི་ཟངས་སྐྱེམ་བསྡུས་དོན་བཅུ་གསུམ་མ་ལས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །དག་པར་བྱེད་ཅིང་སྡིག་སེལ་པ། །ངན་སོང་ཐམས་ཅད་སྦྱོང་བ་ཡི། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །འགྲོ་བའི་ལས་དང་རྐྱེན་དབང་གིས། །སྡུག་བསྔལ་ཆུ་བོ་བཞི་ཡིས་གདུངས། །འཇིག་རྟེན་ཕ་རོལ་ཚེ་འཕོས་པའི། །གཤིན་བཅོས་ཕུང་པོ་གཏང་ཐབས་བདུན། །ཞེས་འཇམ་དཔལ་གྱི་ཐུགས་རྗེས་ངན་སོང་སྦྱོང་བར་གསུངས་ཤིང་། དེར་མ་ཟད། སྟེང་ལྷའི་ཡུལ་ན་ལྷ་དབང་བརྒྱ་བྱིན་ལ་འདོད་ཁམས་དང་གཟུགས་ཀྱི་ལྷས་བསྐོར་བ་དེར་སྐྱེས་སམ་བྱ་བ་དང་གཅིག །འོག་གཤིན་རྗེའི་འཇིག་རྟེན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ། འཁོར་ངན་སོང་གསུམ་གྱིས་བསྐོར་བ་དེར་སྐྱེས་སམ་བྱ་བ་དང་གཉིས། བར་མིའི་འཇིག་རྟེན་ན་བར་དོའི་སེམས་ཅན་དེ་གར་སྐྱེ་ངེས་པར་གནས་པ་དང་གསུམ་ཞེས་བརྟགས་ནས། སྐྱེ་གནས་བཟང་པོར་སྒྱུར་ཞིང་ངན་པ་འགེགས་པའི་ཐབས་ཡོད་པས། སྔགས་རྙིང་མའི་ན་རག་གི་སྐོང་དང་། གསར་མའི་ཀུན་རིག་དང་ཆ་མཐུན། གསོན་རྩིས་ལ་ཁྱུང་ནག་སྒང་དྲིལ་ལས། འགྲོ་བའི་གཙོར་གྱུར་རྐང་གཉིས་མི་ལུས་འདི། །འབྱུང་བ་ལས་གྲུབ་རྣམ་རྟོག་རྐྱེན་དབང་གིས། །འདུས་པའི་ནད་དང་གདོན་གྱི་ཡེ་འབྲོག་འབྱུང་། །ཚེ་འདིར་ལེགས་ཉེས་སྐྱིད་སྡུག་འབྱུང་བས་བྱེད། །དེ་ཕྱིར་འབྱུང་བ་རྩི་བ་ཤིན་ཏུ་གཅེས། །ཞེས་པ་བརྩི་བྱའི་སྐོར་ལ་གོ་རྡེའུ་བདུན་མ་སོགས་ཀྱི་སྒོ་ནས་བླང་དོར་བསྟན་པས། ཚེ་རིང་ཞིང་ནད་(༤༡ན)


GLG020_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་བ། ལོངས་སྤྱོད་འཕེལ་བ་སོགས་ཕན་པ་རྒྱ་ཆེར་འབྱུང་། ནད་པར་ཕན་དོན། ཐང་ཤིང་ཆེན་པོ་བཞི་ཡི་རྩིས་དང་གཅིག །གསེར་གྱི་ཟམ་ཆེན་བཅོ་ལྔའི་རྩིས་དང་གཉིས། །གཡུང་དྲུང་ཤུག་པ་འདབ་རྒྱས་རྩིས་དང་གསུམ། །དཔག་བསམ་ལྗོན་ཤིང་འབྲས་བུའི་རྩིས་དང་བཞི། །དཔལ་ཁྱིམ་དང་ནི་བྱུང་ཁྱིམ་རྩིས་དང་ལྔ། །ཤི་མིག་གསོན་མིག་བགྲང་བའི་རྩིས་དང་དྲུག །ལིང་ཚེ་བརྒལ་ལམ་མ་བརྒལ་རྩིས་དང་བདུན། །ཞེས་འདུ་བ་འཁྲུགས་པའི་དུཿཁས་མནར་བ་རྣམས་འཆི་གསོས་ཀྱི་བདུད་རྩིའི་སྨན་དང་དེ་མཚུངས་པས། རྗེ་འཕྲིན་ལས་ཞབས་ཀྱིས། དགེ་ལེགས་ཚོགས་གཉིས་ཆེས་ཆེར་རབ་བསྒྲུབས་པས། །གང་གི་ཐུགས་རྗེས་ས་གསུམ་ལུས་ཅན་གྱི། །དུག་གསུམ་ལས་སྐྱེས་བཞི་བརྒྱ་རྩ་བཞིའི་ནད། །ཞི་བར་མཛོད་ཅིག་འཇམ་དཔལ་སྨན་པའི་རྒྱལ། །ཞེས་དང་། དེ་སྐད་ནད་ཀྱིས་གདུངས་པའི་འགྲོ་བ་ལ། །ཕན་དོན་ཐང་ཤིང་ཆེན་པོ་རྩིས་ཀྱི་གཞུང་། །ཞེས་པའི་དོན་གྱིས་ཤེས་ལ། ག་གོང་གཉན་སྦྱོར་གྱི་རྩིས་ཀྱི་གནས་སྐབས་སུ་ཕན་པའི་བྱེད་ལས། དབྱངས་འཆར་རིན་ཆེན་རྒྱ་མཚོ་ལས། །བུད་མེད་སྐྱེས་མིང་སྐར་མ་ནི། །ཁྱོ་ཡི་སྙིང་ལ་སོང་བ་ན། །ཚེ་རིང་ཡིད་གཅུག་འགྲོགས་པར་འགྱུར། ཁྱོ་ཡི་སྐྱེས་སྐར་བུད་མེད་སོང་། །དེ་དང་འདྲ་སྟེ་སྐྱིད་པ་ཡིན། །བུད་མེད་གཟའ་དེ་པ་ཝ་སངས། ཁྱོ་ཡི་སྙིང་ལ་སོང་བ་ན། །ཕྱོགས་ཀུན་རྣམ་པར་རྒྱལ་འགྱུར་ཏེ། །མཆོག་ཏུ་དག་ཞིང་སྐྱེད་པ་ཡིན། །ལྷག་པ་སྐྱེས་པའི་གཟའ་ཡིན་ཏེ། །བུད་མེད་སྙིང་ལ་སོང་བ་ན། །བཞོན་དང་ནོར་རྣམས་འཕེལ་བ་དང་། །བུ་ལྔ་དག་ནི་སྐྱེ་བ་ཡིན། །ཞེས་སྐར་རྩིས་ལས་བྱུང་བ་དང་། ཁྱད་པར་ནག་རྩིས་དངོས་བསྟན་དུའང་། བདེ་ལེགས་ཀུན་འབྱུང་ལས། སྲོག་གི་འབྱུང་བ(༤༡བ)


GLG020_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་འགྱུར་ན། །ཚེ་རིང་གཅིག་སྒྲ་གཅིག་གིས་འཐུ། །གཅིག་གི་གཉེར་མ་གཅིག་གིས་འདྲེན། །ཤིན་ཏུ་འགྲོགས་ཡུན་རིང་བ་ཡིན། །ལུས་མཐུན་བུ་ཚ་འཕེལ་བ་སྟེ། །མལ་གང་ཤི་ཆད་མེད་པ་ལ། །དབང་པོ་སྐྱོན་མེད་བཞིན་ལེགས་སྐྱེ། །དབང་མཐུན་ནོར་རྫས་ལོ་ཕྱུགས་འཕེལ། །ལག་པ་མི་ལ་མི་གདེང་ཞིང་། །ཟས་ནོར་ཕུན་སུམ་ཚོགས་པ་འོང་། །རླུང་རྟ་མི་ཁ་བྱམས་པ་སྟེ། །ཕྱི་མི་ནང་མི་ཐམས་ཅད་བྱམས། །ལྷག་པར་ཡ་རབས་གོང་མས་སྐྱོང་། །ཞེས། འདི་སྣང་གི་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་ལ་སྤྱོད་པར་འགྱུར་བར་མ་ཟད། འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་དམ་པའི་ཆོས་སྒྲུབ་པའི་རྟེན་དལ་འབྱོར་གྱི་མི་ལུས་དང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་བསྐྱེད་རྫོགས་ཀྱི་ཟབ་ལམ་ཉམས་སུ་ལེན་པ་ལ་རྟེན་མངལ་སྐྱེས་ཁམས་དྲུག་དང་ལྡན་པ་ཞིག་དགོས་པས་ན། སྡུག་བསྔལ་རྒྱ་མཚོའི་སྣོད་གྱུར་པ། །ལུས་ཀྱི་དགྲ་དང་འདྲ་མོད་ཀྱི། །བློ་དང་ལྡན་པས་འཁོལ་ཤེས་ན། །འདི་ལ་བསོད་ནམས་བརྟན་དུ་རུང་། །སྐད་ཅིག་འཇིག་པའི་ཚེ་ན་ཡང་། །དགེ་བའི་བག་ཆགས་རིང་དུ་འཁྱེར། །རླུང་གིས་གོས་པའི་ཙན་དན་དྲི། །རིང་དུ་འཐུལ་ཡང་དགའ་བ་སྐྱེད། །ཅེས་པ་ལྟར་རོ། །མི་ལུས་སྐྱེད་པའི་ཆ་ནས་གཏན་བདེའི་རྒྱུར་འགྱུར་བས་བཟང་པོར་སྒྲུབ་རིགས་པའི་རྒྱུ་མཚན། དཔེར་ན་ཚོང་པ་རྣམས་ཀྱི་ཐོབ་བྱའི་གཙོ་བོ་རིན་པོ་ཆེ་ཡིན་ཡང་། དེ་འཐོབ་པ་ལ་རྒྱ་མཚོ་ཆེན་པོ་ལ་བགྲོད་དགོས་ཤིང་བགྲོད་པའི་ཐབས་གཟིངས་དང་ཕུག་རོན་དུང་གསོན་པོ་སོགས་དགོས་ཏེ། ཕུག་རོན་མེད་ན་ཆུ་སྲིན་བརྟག་མི་ཐུབ། དུང་མེད་ན་ཆུ་སྲིན་གསོད་མི་ཐུབ་པར་ཆུ་སྲིན་གྱིས་གྲུ་འཇིག་པས། དོན་ཆེན་པོ་དབུལ་བའི་སྡུག་བསྔལ་སེལ་བའི་ནོར་བུ་ལེན་པ་འདབ་ཆགས་དམན་པ་ཕུག་རོན་ལ་ལྟོས་པ་ལྟར། གཏན་བདེའི་དོན་ཆེན་པོ་ལྷུན་གྱིས་(༤༢ན)


GLG020_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་ཟུང་འཇུག་རྡོ་རྗེ་འཆང་གི་ས་འཐོབ་པ། དེ་སྒྲུབ་པར་བྱེད་པའི་རྟེན་མངལ་སྐྱེས་ཁམས་དྲུག་ལྡན་གྱི་ལུས་བཟང་པོ་སྐྱེད་པ་ཕན་ཚུན་གཉེན་དུ་འབྲེལ་པ་ལ་ལྟོས་སོ། །ཚུལ་དེ་དང་ཆ་མཐུན་འབྲས་བུ་ཕུན་སུམ་ཚོགས་པ་སྐྱེད་བྱེད་ཀྱི་རྒྱུ་ལ་རག་ལུས་པའི་དབང་དུ་མཛད་ནས། བཅོ་ལྔའི་ཟླ་བ་ཉ་བ་དེ་ཚེས་གཅིག་གི་ཟླ་བ་ཚེས་པ་ལས་བྱུང་བ་ལྟར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་རང་དང་རྒྱུད་མི་གཅིག་པ་འཕགས་པ་འཇམ་དཔལ་དབྱངས་སོགས་ཀྱིས་དགེ་བའི་བཤེས་གཉེན་མཛད་ནས་སེམས་སྐྱེད་དུ་བཅུག །རང་དང་རྒྱུད་གཅིག་པའི་ཡུལ་ཤི་པི་པའི་རྒྱལ་པོ་སོགས་ཀྱིས་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབས་ཏེ་སངས་རྒྱས་པས་མཚོན་པའི་དེ་བཞིན་གཤེགས་པ་ཐམས་ཅད་རང་རྒྱུ་བྱང་ཆུབ་སེམས་དཔའ་ལས་འཁྲུངས་པར་དགོངས་ཏེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་། དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར་ཉ་བ་ལ་ནི་མ་ཡིན་ནོ། །འོད་སྲུང་། དེ་བཞིན་དུ་གང་དག་ང་ལ་དད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱ་ཡི། དེ་བཞིན་གཤེགས་པ་རྣམས་ལ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་ངོ་། །ཞེས་སོ། །དྲི་ཚིག་གི་མཇུག་ཏུ། དེ་ལྟར་དྲི་བ་བརྩམས་པ་བཞི་པོ་འདི། །མིན་པའི་རྒྱ་ཆེ་ཞུ་རྒྱུ་མང་འདུག་ཀྱང་། །འདི་འདྲར་དོགས་པ་ཙམ་ཡང་མི་འདུག་པས། །ཟུར་ཙམ་ཞུས་མོད་དྲིས་ལན་སྩོལ་བར་རིགས། །ཞེས་པ་རྩིས་དཀར་ནག་ལ་དཀའ་གནས་ཀྱི་དོགས་པའི་གནས་མཐའ་ཡས་ཀྱང་། ད་ལམ་དྲི་བ་བཞི་ཙམ་ལས་མ་མཛད་འདུག་པ་སྐབས་སུ་བབ་སྟེ། དྲི་ཚིག་ཉུང་ངུ་འདི་ཙམ་གྱིས་ཀྱང་། དྲི་བའི་ཡུལ་སྐུ་ཚེ་མང་པོར་སྤྱིར་མཁས་པ་དང་གྲུབ་པའི་སྐྱེས་རབས་(༤༢བ)


GLG020_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འཕྲེང་བ་འཛིན་པ་དང་། དགོས་སུ་དུས་འཁོར་ལ་སྦྱངས་པའི་སྤྲུལ་པར་ཞལ་གྱིས་བཞེས་པ་དང་། ཚེ་འདིར་སྦྱངས་རློམ་གྱི་རྩིས་རིག་སྨྲ་བ་མང་པོ་ལན་མེད་དུ་གྱུར་པས་ན། ཤེས་རབ་མེད་པའི་བླུན་པོ་རྣམས། །མང་ཡང་དགྲ་བོའི་དབང་དུ་འགྲོ། །གླང་ཆེན་སྟོབས་ལྡན་ཁྱུར་ལོངས་པ། །རི་བོང་བློ་ལྡན་གཅིག་གིས་བཏུལ། །ཞེས་པའི་དོན་དུ་སྣང་ངོ་། །ཡང་། མི་ཐེབས་པ་རྣམས་བདག་ལ་ཕྲག་དོག་དང་། སྡང་སེམས་མི་འཚལ་གཏན་ལ་འབེབས་རྒྱུའི་དོན། །ད་དུང་འཁྲུལ་མེད་ལེགས་པར་མ་བཙལ་ན། །རང་གཞན་ཐམས་ཅད་སླུ་བའི་ཉེན་བརྡའོ། །ཞེས་པ་ལ། ནོར་ལྡན་བླུན་པོའི་ནང་ན་མང་། །དཔའ་བོ་གཅན་གཟན་ཁྲོད་ན་མོད། །ལེགས་བཤད་མཁས་པའི་ཁྲོད་འབྱིན་པ། །དམ་པ་འཇིག་རྟེན་འདི་ན་དཀོན། །ཞེས་པ་ལྟར་དེང་དུས་སྐྱེས་བུ་དམ་པའི་མཚན་སྙན་གྱི་པི་ཝང་རྡུང་བའི་ཡུལ། སྔོ་བསངས་མའི་སྐར་ཚོགས་ལྟ་བུ་ལས་ལེགས་པར་བཤད་པའི་ལྗགས་ཐུང་ངུར་མ་གྱུར་པ་ཡིད་བཞིན་གྱི་ནོར་བུའི་དོ་ཟླར་སོང་བས། རལ་གྲི་ཤུགས་ཆུད་ཀྱིས་བྱ་སླ་ཞིང་། ཚེ་རྟ་ལྟག་སྤྲོད་མས་དོན་འགྲུབ་པའི་སྤྱན་ལྟོས་སྐྱོ་མ་སྔ་བཙན་གྱི་དབང་གིས་མདུང་རིང་སྣ་གཅུར་ཁུགས་དཀའ་སྟེ། ཕལ་ཆེར་བུ་ཚའི་སྤྱོད་པ་ནི། །རིགས་རྒྱུད་སྔ་མའི་རྗེས་སུ་འབྲང་། །ཁུ་བྱུག་ཕྲུ་གུ་བྱེ་ཁྲ་རུ། །འགྲོ་བ་རྒྱ་ལམ་སྲིད་པ་ཙམ། །ཞེས་པ་ལྟར་དང་། ད་ལྟའི་རྩིས་པར་ཁས་འཆེ་བ་ཕལ་ཆེར་ཡང་། བླུན་པོས་བྱ་བ་ལེགས་གྲུབ་ཀྱང་། །སྟེས་དབང་ཡིན་གྱི་བསྒྲུབས་པས་མིན། །སྲིན་བུའི་ཁ་ཆུ་དར་སྐུད་དུ། །འགྲོ་བ་མཁས་ནས་བྱུང་བ་མིན། །ཞེས་པ་ལྟར། གཟའ་འཛིན་གྱི་སྒོ་ཡིག་སྦྱར་བ་སྐབས་རེ་འགྲིག་པ་དང་། སྦྱིན་བདག་བསོད་ནམས་ཅན་ལ་ཐང་རེ་གཉིས་གཟའ་ཚེས་དུས་སྦྱོར་ས་བདག་ཕྱུགས་ཀྱང་ཉེས་སྐྱོན་མ་བྱུང་བ་རྟགས་སུ་བཀོད་དེ། ངེད་རང་ཚོའི་ཕ་མེས་ནས་(༤༣ན)


GLG020_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལེན་འདི་ག་བྱེད་ཀྱི་ཡོད་ཟེར་ནས་གཟུར་གནས་ཀྱི་ཚིག་དག་ཏུ་གླེང་བ་ལ་ངོ་མཚར་འཛིན་པ་རྣམས། སླར་ཐོས་བསམ་ལ་འཇུག་པ་དཀའ་སྟེ། སྐྱེ་བོ་ངན་པ་འབྱོར་ཐོབ་ཀྱང་། །ལྷག་པར་སྤྱོད་པ་ངན་པར་འགྱུར། །འབབ་ཆུ་ཇི་ལྟར་བཟློག་གྱུར་ཀྱང་། །ཐུར་དུ་བབ་པ་ཁོ་ནར་འདོད། །ཅེས་དང་། བྱང་པ་ཏ་དབེན་གྱིས། ཆོས་ལོག་པར་སྒྲུབ་པའི་ཐར་ལམ་དཀའ། །ཆོས་བྱས་ཚད་ལམ་དུ་འགྲོ་བ་དཀའ། །ལམ་ནོར་བ་དགོས་སར་སླེབ་པ་དཀའ། །ཡུལ་འཛམ་བུ་གླིང་དུ་སྐྱེ་བ་དཀའ། །ཞེས་པའི་དོན་ལྟར་རོ། །སྦྱར་བྱང་དུ། ཞེས་པ་འདི་ཉིད་ཁ་བ་ཅན་པ་ཡི། །འཛིན་པའི་ཐིག་ལེ་སྐྱིད་ཤོད་སྟོད་སྨད་ཀྱི། །མཁས་པའི་ཁྲོད་ནས་ཕུལ་དུ་ཕྱིན་གྱུར་པ། །ལྕང་ལོ་འཛིན་པ་འཁོར་ལོའི་དབང་ཕྱུག་དང་། །རིག་གནས་འདི་ཡི་མཁས་མང་ཞབས་གཏུགས་པ། །ཡིད་ཀྱི་ལྷ་ལམ་རྟོག་བརྗོད་རྒྱུ་སྐར་བཀྲ། །ངག་གི་དབྱར་སྐྱེས་རྔ་ཆེན་དལ་དུ་དགོད། །སོར་མོའི་ཆུ་འཛིན་དག་ནས་རིག་གནས་ཆར། །འབེབས་མཁས་ཤཱཀྱའི་བཙུན་པ་སྙོམ་ལས་པས། །ཐུབ་དབང་ལྕགས་སྤྲེར་བལྟམས་ནས་ཉིས་སྟོང་དང་། །ལྔ་བརྒྱ་གྱ་ལྔ་བཟླས་པ་ཤིང་གླང་ལོའི། །གྲོ་ཞུན་ཟླ་བའི་དཀར་ཕྱོགས་བཅོ་ལྔ་ལ། །སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོ་སོགས། །སྐྱེས་ཆེན་དུ་མས་བྱིན་གྱིས་ལེགས་བརླབས་ཤིང་། །ད་ལྟ་མདོ་སྔགས་བསྟན་པའི་བདག་པོ་ནི། །མཚུངས་མེད་དཔལ་ལྡན་བླ་མ་ཞུགས་པའི་གནས། །བྱང་ཆུབ་ཤིང་གི་ནགས་ཁྲོད་དག་ཏུ་སྦྱར། །ཅེས་དྲི་བ་མཛད་པ་པོ་རང་གི་ཆ་ནས་གྱ་ཚོམ་དུ་བྲིས་པ་མིན་པར་ཚུལ་དེ་དག་ལ་ལེགས་པར་རྟོགས་ནས་བྲིས་སོ་ཞེས་གསུངས་པ་ཁུངས་དང་ཤིན་ཏུ་འབྲེལ་ཏེ། གང་ཞིག་འཇིག་རྟེན་ཐམས་ཅད་ཀྱིས། །རང་ལ་ཚད་མར་བྱེད་འདོད་ན། །དེ་ཡི་གཞུང་འདི་(༤༣བ)


GLG020_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བརྟགས་ཏེ། །གཉེན་པོ་སྐྱེད་ལ་འབད་དེ་སྒྲུབས། །ཞེས་དང་། མཁས་འཇུག་ལས། དེས་ན་བློ་གྲོས་ལྡན་པ་ཡིས། །དང་པོ་སློབ་དཔོན་མཁས་བསྟེན་ཏེ། །ཕྱིས་ནས་རང་གིས་ལེགས་བརྟགས་ན། །དྲི་ཟའི་དབང་པོ་ལྟ་བུར་འགྱུར། །ཞེས་དང་། བྱང་ཏ་དབེན་གྱིས། གཟུགས་ལྷ་རུ་ཤེས་པའི་སྔགས་པ་སླ། ཕྱ་གཡང་དུ་ཁུགས་པའི་བོན་པོ་སླ། །འཁྲུལ་རྩིས་ལ་སྦྱངས་པའི་རྟེན་འབྲེལ་སླ། །གྲོས་གང་བྱས་འགྲུབ་པའི་གཙོ་བོ་སླ། །སྨན་འཚོ་བྱེད་ཤེས་པའི་ལྷ་རྗེ་སླ། །མཛངས་དཔའ་ངར་འཛོམ་པའི་སྟག་ཤར་སླ། །སྒོ་ཁྲེལ་ལྕག་ཡོད་པའི་དམན་ཤར་སླ། །ཤེས་རིག་པ་རྒྱས་པའི་བྱིས་པ་སླ། །གཞན་ཁག་འཁུར་ཡོད་པའི་མདུན་གྲོས་སླ། །ཚོང་བོད་འབྲོག་འཆམ་པའི་གནས་པོ་སླ། །བློ་ཤེས་རབ་ཅན་ལ་གང་ཡང་སླ། །ཞེས་པའི་དོན་ལྟར་ཐོག་མའི་སློབ་དཔོན་འཁོར་ལོའི་དབང་ཕྱུག་ཀུ་མཱ་རཱརྦ་ནི། ཀུན་མཁྱེན་ཀློང་ཆེན་པ་གངས་རི་ཐོད་དཀར་དུ་བཞུགས་སྐབས་པཎ་ཆེན་བི་མ་ལ་མི་ཏྲ་ཞལ་གཟིགས་ནས། ངའི་སྙིང་ཐིག་འདི་དོན་འདུས་ཤིང་གོ་སླ་བའི་ཉིང་ཁུར་བསྡུས་པ་ཞིག་ཏུ་རྩོམས། ཁྱོད་ལ་ཆོས་འདི་སྟོན་པའི་བླ་མ་ཀུ་མཱ་ར་དཱ་ཛའི་སྐྱེ་བ་ད་ལྟའི་སློབ་མ་གཞོན་ནུ་སངས་རྒྱས་འདི་ཡིན་པས་དེ་ལ་སྟོན། དེ་ནས་ཀྱང་སྣ་ལ་ཨ་ཡིག་གིས་མཚན་པའི་ཀུ་མཱའི་མིང་ཅན་བདུན་འབྱུང་བར་ལུང་བསྟན་པའི་ཀུ་མཱའི་མིང་ཅན་ཞིག་ཏུ། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཡོན་ཏན་གྱི་རྣམ་འཕྲུལ་ཆོས་རྒྱལ་དཔལ་བཀྲ་ཤིས་སྟོབས་རྒྱལ་གྱིས་ངོས་འཛིན་མཛད་པས་གཙུག་ལག་ཁང་འདི་ལ་སྦྱངས་སྟོབས་ཀྱང་ཕུལ་དུ་ཕྱིན་པའོ། །འདྲེན་མཆོག་ཐུབ་པའི་དབང་པོ་འཁྲུངས་ལོ་རྗེ་བཙུན་ས་སྐྱ་པ་ས་འབྲུག །སྟོད་ལུང་པ་ཇོ་བོ་ཆེན་པོ་ཚུལ་ཁྲིམས་ཤིང་གླང་། ནེལ་པ་པཎྜི་ཏ་ཆུ་བྱི། བོད་རྒྱལ་པོའི་ཞལ་ཆེམས་སུ་གྲགས་པའི་འདས་ལོ་མང་བའི་ཕྱོགས་དང་(༤༤ན)


GLG020_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་བའི་ཕྱོགས་ཐམས་ཅད་མཁྱེན་པ་བུ་སྟོན་མེ་རྟ། སྟག་ཚང་ལོ་ལོ་ཆེན་ས་བྱི། ཙན་དན་ཇོ་བོའི་ལོ་རྒྱུས་སོགས་མང་དུ་བྱུང་ཡང་། མཁས་གྲུབ་ནོར་བཟང་བ་དང་ཞལ་ལུང་གི་དགོངས་པ་འཁྲུལ་བྲལ་གྱི་གཏན་རྩིས་ལྕགས་སྤྲེར་སྐུ་བལྟམས་པ་འདི་ཉིད་དཔྱད་བཟོད་བླ་ན་མེད་པ་ཡིན་ནོ། །སྐྱིད་ཤོད་ཉང་བྲན་ཕ་བོང་ཁ་འདི་ཆོས་རྒྱལ་སྲོང་བཙན་སྒམ་པོས། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་པའི་སྔོན་འགྲོ་ས་གཞི་བྱིན་གྱིས་རློབ་པར་རིགས་གསུམ་མགོན་པོའི་སྒྲུབ་པ་མཛད་པའི་གནས་ཡིན་པར་མ་ཟད། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བོད་ཀྱི་ཡུལ་དང་དེ་བཞིན་དུ། །མ་ལ་ཝ་དང་པུ་ལླི་སོགས། །ཉི་ཤུ་རྩ་བཞིའི་ཡུལ་ཡིན་ནོ། །ཞེས་དང་། གཞན་ཡང་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཉུང་ངུ་ལས། རྣལ་འབྱོར་མ་ཡི་ས་དང་གནས། །ཧེ་རུ་ཀ་དཔལ་རྒྱུ་ཡན་ལག །ཐམས་ཅད་བརྟན་གཡོའི་བདག་ཉིད་ཅན། །གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་འདིར་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །ཙྪན་དོ་ཧ་ནི་མངོན་གྱུར་ཉིད། །ཉེ་བའི་ཙྪན་དོ་སྦྱང་དཀའ་བ། །འདུས་པ་རིང་དུ་སོང་བ་ཡིན། །ཉེ་བར་འདུས་པ་མི་གཡོ་ལ། །དུར་ཁྲོད་ལེགས་པའི་བློ་གྲོས་ཉིད། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །ཤཱི་ཧེ་རུ་ཀ་གཞུང་སྤྱོད་པའི། །འདི་ནི་ནང་གི་བདག་ཉིད་ས། །ཕ་རོལ་ཕྱིན་བཅུ་ས་རྣམས་ནི། །རྣལ་འབྱོར་མ་ཡི་བརྡ་ཡི་སྐད། །མཐོ་རིས་ས་སྟེང་ས་འོག་ཏུ། །དཔའ་བོའི་ཡན་ལག་བརྟན་གཡོའི་བདག །པཱུ་ལླིར་ལ་སོགས་གང་བསྟན་པ། །ཕྱི་ནང་བདག་ཉིད་ཅན་དུ་གནས། །ཞེས་པའི་ནང་ཚན། གནས་དི་ཝཱི་ཀོ་ཊི་བོད་སྐད་དུ་ལྷ་མོ་མཁར་ཞེས་པ་ཙཱ་རི། དེ་དང་འབྲེལ་པའི་ཞིང་ཙྭ་གོང་ཡིན་ལ། ཉེ་བའི་གནས་དི་ཝཱི་ཀོ་ཊི་དེ་ཕ་བོང་ཁ་དང་། ཉེ་(༤༤བ)
བའི་ཞིང་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ཉེ་འཁོར་གྱི་གྲོང་ཁྱེར་དང་བཅས་པ་ཡིན་པའི་རྒྱུ་མཚན། ཕ་བོང་ཁའི་རྒྱབ་རི་ངལ་པོ་ཆེ་ཕྱི་གདུགས་རང་བྱོན་གྱི་རྣམ་པ་ལ་ནང་འཁོར་ལོ་སྡོམ་པའི་ཕོ་བྲང་དུ་ཡོད་ཅིང་། ཕ་བོང་ཁ་རང་གི་ཤར་གྱི་བྲག་འོག་ཏུ་དབང་ཕྱུག་གི་རྟེན་རང་བྱོན་ཤིན་ཏུ་གསལ། ལྷ་སའི་བདུད་རྩི་མའི་ཆུ་རྒྱུན་གྱི་ཆུ་མིག་འདི་ལྷ་མོ་ཨུ་མའི་གསང་གནས་ཀྱི་མཚོན་བྱེད་དུ་ཡོད་པ་འདི་མ་ཤེས་པར། ས་བོན་མ་བཏབ་ཀྱང་མྱུ་གུ་རང་བབས་སུ་འཁྲུངས་པའི་མཁས་པ་འགས་འཕྱ་བ་ནི་རང་ཉིད་གསལ་བར་སྟོན་པའི་མེ་ལོང་ངོ་། །ཉེ་བའི་གནས་ཁྱད་འཕགས་དེ་སྔོན་གྱི་དམ་པ་གྲངས་མེད་པས་བྱིན་གྱིས་བརླབས་ཤིང་། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདགམཁས་པ་དང་གྲུབ་པའི་འཁོར་ལོས་སྒྱུར་བ། མཁོན་རིགས་འཇམ་དབྱངས་དཔའ་བོ་དཔལ་འབྱོར་ལྷུན་གྲུབ་ཆོས་ཀྱི་ཁྲིར་ཞབས་པད་འགོད་བཞིན་པའི་དུས་སུ་ཕྱོགས་བྲལ་གྱི་རྣ་ལུང་དུ་དྲི་ཚིག་གི་རྒྱན་སྡུད་པའི་དོན་དུ་ངེས་སོ། །སྨྲས་པ། མ་ལ་ཡ་ལས་འོངས་པའི་དྲི་བསུང་གིས། །མི་བཟད་ཚ་གདུང་མ་ལུས་འཇོམས་པ་ལྟར། །ལེགས་བཤད་ཀེ་ཏ་ཀ་ཡིས་གཙུག་ལག་གི །དོན་མང་རྙོག་པ་ཀུན་གསལ་དྲུངས་པར་བྱས། །ཕུལ་བྱུང་མཁྱེན་དཔྱོད་ཧ་ལུ་མནྠ་ཡིས། །གཙུག་ལག་འབོད་གྲོགས་གཟུགས་དང་སྣང་བརྙན་དག །སོ་སོར་ཕྱེད་ཀྱང་མཁས་རློམ་སྤྲེ་ཚོགས་ཀྱིས། །རྟོགས་པའི་སྐལ་བ་ཕྲ་ཕྱིར་གསལ་བར་བཤད། །མཁས་དབང་དྲི་ཚིག་དར་གྱི་སྲད་བུ་ལ། །ལེགས་བཤད་ནོར་བུ་བརྒྱུས་པའི་དོ་ཤལ་འདི། །བློ་གྲོས་ལང་ཚོ་རྒྱས་པའི་ཟུར་མིག་ཅན། །ཀ་ཤི་མཛེས་དགའི་ཚོགས་རྣམས་ད་གྱོན་ཅིག །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousདྲི་བ་བཞི་པ། རྒྱ་ནག་འགྱུར་གྱི་སྐོར་འགོ་ཚུལ་བཞིན་ཤེས་པ་ལས་མངོན་མཐོ་ངེས་ལེགས་སོགས་འཐོབ་པའི་གནས་ཡོད་མེད་ཀྱི་དྲིས་ལན།next