Nitartha Digital Library
Tibetan
 
previousབསྔོ་བ། next

བསྔོ་བ།


DTG081_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མོས་པ་ལ་བསྔོ་བ་འབྱུང་ཞིང་དེ་ཡང་ཁྱད་པར་བཅུ་གཉིས་ཀྱིས་སྔོ་བར་བྱེད་དེ། མི་དམིགས་པར་བསྔོ་བ་དང༌། ཕྱིན་ཅི་མ་ལོག་པའི་བསྔོ་བ་དང༌། དབེན་པ་དང༌། དེ་བཞིན་གཤེགས་པའི་དགེ་བའི་ཚོགས་ཀྱི་རང་བཞིན་དྲན་པ་དང༌། ཐབས་ལ་མཁས་པ་དང༌། མཚན་མ་མེད་པ་དང༌། སྟོན་པས་གནང་བ་དང༌། ཁམས་གསུམ་པར་མ་གཏོགས་པ་དང༌། ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང༌། བསོད་ནམས་ཆེན་པོ་འབྱུང་བ་ཞེས་བྱ་བ་བཅུ་གཉིས་ལ། དང་པོ་མི་དམིགས་པར་བསྡོ་བ་ཡང་ལེའུ་སུམ་ཅུ་རྩ་གསུམ་པའི་ཀླད་ནས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་མན་ཆད་ཀྱིས་བསྟན། ཕྱིན་ཅི་མ་ལོག་པའི་བསྡོ་བ་ཡང་མདོའི་ཚིག །རབ་འབྱོར་གྱིས་སྨྲས་པ། གལ་ཏེ་དངོས་པོ་མེད་པ་ལ་དམིགས་པ་མེད་པ་དག་གིས་ཞེས་པ་མན་ཆད་ཀྱིས་བསྟན། དབེན་པའི་བསྔོ་བ་ནི་མདོའི་ཚིག །རབ་འབྱོར་གྱིས་སྨྲས་པ། བྱམས་པ་སེམས་གང་གིས་རྗེས་སུ་ཡི་རང་ནས་ཡོངས་སུ་སྔོ་བར་བྱེད་པའི་སེམས་དེ་ནི་ཟད་ཅིང་འགགས་ལ་ཞེས་པ་མན་ཆད་ཀྱིས་བསྟན། དེ་བཞིན་གཤེགས་པའི་དགེ་བའི་ཚོགས་ཀྱི་རང་བཞིན་དྲན་པ་ནི་མདོའི་ཚིག །བྱམས་པས་སྨྲས་པ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པ་དང་ཞེས་པ་མན་ཆད་ཀྱིས་བསྟན། ཐབས་ལ་མཁས་པའི་བསྔོ་བ་ཡང་མདོའི་ཚིག །བྱང་ཆུབ་སེམས་དཔའ་བྱམས་པས། གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་གལ་ཏེ་ཐེག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྟན་པ་འདི་ཐོས་ནས་སྐྲག་སྟེ་ཞེས་པ་མན་ཆད་ཀྱིས་བསྟན། མཚན་མ་མེད་པའི་བསྔོ་བ་ཡང་མདོའི་ཚིག །བྱམས་པས་སྨྲས་པ། བཙུན་པ་རབ་འབྱོར་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་གི་དགེ་བའི་རྩ་བ་


DTG081_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་བརྩམས་ཏེ། ཞེས་པ་མན་ཆད་ཀྱིས་བསྟན། སྟོན་པས་གནང་བའི་བསྔོ་བ་ཡང་མདོའི་ཚིག །བྱམས་པས་སྨྲས་པ། བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་སངས་རྒྱས་བཅོམ་ལྡན་འདས་སྡེ་དག་དང་ཞེས་པ་མན་ཆད་ཀྱིས་བསྟན། ཁམས་གསུམ་པར་མ་གཏོགས་པའི་བསྔོ་བ་ཡང་མདོའི་ཚིག །གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ་ཞེས་པ་མན་ཆད་ཀྱིས་བསྟན། ཆུང་ངུ་ཡང་མདོའི་ཚིག །རབ་འབྱོར་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཐོབ་པར་གྱུར་ཞིང་ཞེས་པ་མན་ཆད་ཀྱིས་བསྟན། འབྲིང་ཡང་མདོའི་ཚིག །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་རྒྱུན་ཏུ་ཞུགས་པར་གྱུར་ཏམ་ཞེས་པ་མན་ཆད་ཀྱིས་བསྟན། ཆེན་པོ་ཡང་མདོའི་ཚིག །རབ་འབྱོར་གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པར་གྱུར་ལ་ཞེས་པ་མན་ཆད་ཀྱིས་བསྟན། བསོད་ནམས་ཆེན་པོ་འབྱུང་བའི་བསྔོ་བ་ཡང་མདོའི་ཚིག །དེ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་ཀྱི་ནང་ནས་ལྷའི་བུ་ཉི་ཁྲིས་ཐལ་མོ་སྦྱར་ནས་ཞེས་པ་མན་ཆད་ཀྱིས་བསྟན།


previousབསྔོ་བ། next