Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
  collapse section
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
  collapse section
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
དྲི་བ་དང་པོའི་དྲིས་ལན།
   
   
   
   
   


 
previousདྲི་བ་དང་པོའི་དྲིས་ལན།next

དྲི་བ་དང་པོའི་དྲིས་ལན།


GLG020_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བ་དང་པོའི་དྲིས་ལན།ཞར་བྱུང་ཕན་ཡུལ་དྲུག་བརྒྱ་བའི་རྩིས་རིག་སྨྲ་བ་ནང་སོ་བསྟན་འཛིན་གྱིས་(༤༥ན)
ར་ས་འཕྲུལ་སྣང་གི་རྩིས་པ་རྣམས་ལ་དྲི་བ་བཞི་བཏང་འདུག་པའི། དང་པོའི་དྲི་ཚིག་ནི། སྭ་སྟི། དགེ་ལེགས་ཀུན་གྱི་འབྱུང་གནས་ཟས་གཙང་སྲས། །དམ་ཆོས་གཏམ་ལ་འཇིགས་མེད་འཇམ་དཔལ་དབྱངས། །མགོན་དེའི་རྣམ་འཕྲུལ་རིག་ལྡན་གྲགས་པ་སོགས། །ཟོལ་མེད་དད་པའི་སྒོ་ནས་ཕྱག་བཙལ་ཏེ། །དག་པའི་ཡུལ་མཆོག་ཉི་ཤུ་རྩ་བཞི་ཡི། །ནང་ཚན་མཆོག་གྱུར་ར་ས་འཕྲུལ་སྣང་ནས། །དཔལ་ལྡན་དུས་འཁོར་རི་མོའི་ལས་ཚུལ་དང་། །གཙུག་ལག་རིག་པའི་དཔལ་མངའ་བརྒྱ་དགའི་མཚན། །མཁས་པའི་ཚུལ་འཛིན་ཁྱོད་ལ་འདི་སྐད་ཞུ། །དེ་ཡང་དཔལ་ལྡན་བསྡུས་པའི་རྒྱུད་རྒྱལ་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་བསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ཞེས་བྱ་བར་འབྱུང་། །ཞེས་གསུངས་པས་ན། འདི་ནས་ཞེས་པའི་ལོ་ངོས་གང་ནས་འཛིན། །སྟོན་མཆོག་མཉམ་མེད་ཤཱཀྱ་སེང་གེ་དེས། །དུས་འཁོར་ཆོས་གསུངས་དུས་ནས་འཛིན་མོད་ཀྱང་། །དགུང་ལོ་སོ་དྲུག་དུས་སུ་གསུངས་པ་དང་། །བརྒྱད་ཅུའི་དུས་ལ་གསུངས་པར་བཞེད་པ་གཉིས། །བརྒྱད་ཅུར་གསུངས་པ་བཞེད་ན་རྩ་རྒྱུད་ལས། །བྱ་རྒོད་ཕུང་པོའི་རི་ཆེན་པོར། །ཐེག་པ་ཆེན་པོ་བླ་ན་མེད། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །དམ་པ་དང་པོ་དཔལ་ལྡན་རྒྱུད། །དཔྱིད་ཟླ་འབྲིང་པོའི་ཉ་ལ་གསུངས། །འདི་ལྟར་ལུགས་ན་སོ་དྲུག་དུས་སུ་གསུངས། །ཞེས་པའི་ལུང་དོན་འདི་དང་མི་འགལ་ལམ། །སོ་དྲུག་དུས་སུ་གསུངས་པར་ཁྱེད་བཞེས་ན། །དེ་ནས་དྲུག་བརྒྱ་འདས་རྗེས་རིགས་ལྡན་ནི། །གྲགས་པ་འབྱོན་འགྱུར་མངོན་སུམ་ལུང་(༤༥བ)


GLG020_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནི། །ལོ་གྲངས་དྲུག་བརྒྱ་ཞེ་བདུན་འདས་པ་ཡི། །ཤིང་ཕོ་སྤྲེའུ་ལ་འཇམ་དཔལ་གྲགས་པ་བྱོན། །འདི་ལྟར་བཞེད་ན་ལོ་གྲངས་ལྔ་བཅུ་ཙམ། །ལྷག་པོར་འབྱུང་བས་དྲུག་བརྒྱ་ཞེས་པ་ཡི། །ལུང་དོན་འཁྲུལ་མེད་འདི་དང་མི་འགལ་ལམ། །ཡང་ན་ལུང་རྣམས་རིགས་མཐུན་བཀྲལ་ལུགས་དགོས། །ཞེས་པ་སྟོན་པས་རྩ་རྒྱུད་དུས་ནམ་གྱི་ཚེ་གསུངས་ཚུལ་ལ་བོད་ཀྱི་དུས་ཞབས་པ་ཆེན་པོ་ཕལ་ཆེར་བཞེད་ཚུལ་སྣ་ཚོགས་སུ་གྱུར་ཅིང་། ཁྱད་པར་མཁས་པའི་གྲགས་པ་རི་བོང་བཅལ་སྒྲོག་ཙམ་མིན་པའི་ཐམས་ཅད་མཁྱེན་པ་བུ་སྟོན་ལྟ་བུའང་ཐུགས་འཁྲུལ་པའི་ཁྱོགས་ལ་འཆང་ན་བློ་ཆུང་རྣམས་མགོ་བོ་འཁོར་བ་ལས་འོས་ཅི་ཡོད། བྱ་རྒོད་ཕུང་པོའི་རི་ཆེན་པོར། །ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །ཞེས་སོགས་ཀྱི་ལུང་ལ་བརྟེན་ནས། །བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་ཆོས་འཁོར་བསྐོར་རྗེས། འབྲས་སྤུངས་སུ་དུས་འཁོར་གསུངས་པ་དང་། དུས་ཀྱང་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱི་ལོ་གསུངས་པར་འདོད་པ་གཉིས་དངོས་སུ་འགལ་ཏེ། སྟོན་པ་སངས་རྒྱས་ནས་བདེན་བཞིའི་ཆོས་འཁོར་བསྐོར་བ་ལ་ལོ་ཁ་ཡར་འགོར། དེ་རྗེས་ཡབ་སྲས་འཇལ་བ་སོགས་དང་ཤེར་ཕྱིན་གསུངས་པ་ཡིན། བཙུན་པ་ཡང་དག་བདེན་ལྟར་ན། འཁོར་ལོ་དང་པོ་སངས་རྒྱས་པའི་ལོ་དེ་ཉིད་ལ་གསུངས། ཆོས་འཁོར་གཉིས་པ་སངས་རྒྱས་ནས་ལོ་བདུན་ནས་གསུངས། ཆོས་འཁོར་གསུམ་པ་སངས་རྒྱས་ནས་ལོ་སུམ་ཅུ་སོ་བདུན་ནས་གསུངས་པར་བཤད་པ་སོགས་ཀྱི་རྒྱུ་མཚན་གྱི་དབང་དུ་བྱས་ན། དུས་འཁོར་སངས་རྒྱས་(༤༦ན)


GLG020_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱི་ལོ་གསུངས་ཚེ། དེའི་སྔོན་དུ་ཐེག་པ་ཆེན་པོ་ཕ་རོལ་དུ་ཕྱིན་པ་གསུངས་ཟིན་དགོས་ཏེ། སངས་རྒྱས་པའི་ཕྱི་ལོ་རང་དུས་འཁོར་གསུངས་ལ། དེའི་གོང་དུ་ཤེར་ཕྱིན་གསུངས་པའི་གོ་རིམ་ཡོད་པས་སོ། །དེས་ན་ལུང་དེའི་དོན་ནི། ཐེག་པ་ཐུན་མོང་པ་རྣམས་གསུངས་ཟིན་པའི་རྗེས་སུ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོའི་འོག་ཏུ་ཆོས་དབྱིངས་གསུང་དབང་དང་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་གསུངས་པར་བཤད་པ་ཙམ་ལས་དུས་མ་བཤད་དོ། །སངས་རྒྱས་མྱ་ངན་ལས་འདས་ནས་འཇམ་དཔལ་གྲགས་པའི་བར་དུ་ཆོས་རྒྱལ་དྲུག་གིས་ཆོས་བསྟན་པའི་ལོ་གྲངས་དྲུག་བརྒྱ་འགྲོ་དགོས་པས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ཞེས་བྱ་བར་འབྱུང་། ཞེས་པའི་ལོ་འདིའི་ངོས་འཛིན་རྒྱུད་གསུངས་པའི་ལོར་བྱེད་དགོས་ཤིང་། སངས་རྒྱས་པའི་ཕྱི་ལོ་གསུངས་པ་ལྟར་ན། ལོ་འདི་ནས་ནི་བཞི་བཅུས་ལྷག་པའི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ཞེས་བྱ་བར་འབྱུང་། ཞེས་པའི་རྒྱུད་ཚིག་ཀྱང་བཟོ་སྐྱོར་བྱེད་དགོས་པར་འགྱུར་བས། རྒྱ་ནག་པ་མདོ་རྩོམ། བོད་པ་རྒྱུད་རྩོམ། རྒྱ་གར་བསྟན་བཅོས་རྩོམ་པའི་གཏམ་ཕྱག་ཏུ་འགེལ་བ་ཞུ། གཞན་ཡང་འགྲེལ་ཆེན་ལས། ས་གའི་ཉའི་སྐྱ་རེང་ཤར་བའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་། ཐེག་པ་གསུམ་བསྟན་པར་མཛད་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲཱི་དྷ་ནྱ་ཀ་ཊ་ཀར་ཞེས་པའི་དོན་ལ་ཟླ་བའི་འགོ་ཡིན་ན་ནག་ཟླ་ལས་འོས་མེད། སྟོན་པ་ས་ག་ཟླ་བར་སངས་རྒྱས་པའི་དུས་དེ་དང་པོར་བྱས་པའི་ཏི་ཐུག་སྒྲིགས་ཀྱིས་བཅུ་གཉིས་པ་ནག་ཟླར་ཟད་སྙམ་ནས་སངས་རྒྱས་པའི་ལོ་དེའི་རྗེས་མའི་ནག་ཟླར་(༤༦ན)


GLG020_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གསུངས་སོ་ཞེས་སྨྲ་བ་ནི། བར་དེར་བདེན་པ་དང་ཤེར་ཕྱིན་གྱི་ཆོས་འཁོར་བསྐོར་བའི་དུས་ཀྱི་ཡུན་ཡང་མ་བརྩིས་པའི་སྐྱོན་དངོས་སུ་ཡོད་ལ། ཟླ་བའི་ཐོག་མ་ནག་ཟླ་ཁོ་ནར་དགོས་པའི་རྒྱུ་མཚན་མེད་དེ། དཔྱིད་མཉམ་ཉི་མ་ལུག་ཁྱིམ་དུ་ཞུགས་པའི་དུས་དེ་ཐོག་མ་ཡིན་ཞིང་། ཁྱིམ་འཕོ་བ་ནག་ཟླའི་སྟོད་སྨད་ལ་གཅིག་ཏུ་མ་ངེས་པས། ནག་པའི་ཚེས་བཅུ་དྲུག་མན་ཆད་ལ་ཁྱིམ་སླེབ་ཀྱི་རི་མོ་ཤར་ན་མར་ངོ་སྔོན་འགྲོའི་དབང་དུ་བཏང་བའི་ས་ག་ཟླ་བ་ལ་ཟླ་བའི་ཐོག་མར་བྱེད་པ་ཡོད་པས་དེའི་དབང་དུ་བྱས་སོ། །ས་ག་ཟླ་བར་སངས་རྒྱས་ནག་ཟླར་རྒྱུད་གསུངས་པར་བཤད་པ་ས་ག་ཟླ་བ་གཅིག་ལ་སངས་རྒྱས་པ་དང་། ནག་པ་ཟླ་བ་གཅིག་ལ་རྒྱུད་གསུངས་པའི་ཟླ་བའི་ངོས་འཛིན་ཙམ་མ་གཏོགས་ཟླ་གྲངས་བཅུ་གཉིས་ཚར་གཅིག་པུ་དེའི་ཟླ་བར་འབྱུང་བའི་དོན་མིན་ནོ། །དཔེར་ན་རྒྱལ་པོའི་བུ་ཞིག་ཧོར་ཟླ་དང་པོ་ལ་བཙས་ནས་བསྐྱེད་བསྲིངས་ཏེ་ཧོར་ཟླ་བཅུ་གཉིས་པ་ཞིག་ལ་རྒྱལ་སར་བསྐོས་ཞེས་པ་ལྟ་བུ་དང་། འགྲེལ་ཆེན་གྱི་ལུང་གི་བབས་འོང་ཚུལ་གཅིག་གོ ། ཁྱིམ་འཕོ་ལ་བརྟེན་ནས་ལོ་དང་ཟླ་བའི་བདག་པོ་སོགས་ཀྱི་རྣམ་དབྱེ་སྔོན་ཆད་མཁྱེན་པ་མང་དུ་བྱུང་མོད། དེང་དུས་གྲ་ཕུག་པའི་ལུགས་འཛིན་ཙམ་མ་གཏོགས། མཛུབ་མོ་སྡུག་བསྔལ་བའི་དཀའ་ཐུབ་ལྷུར་ལེན་པའི་རྩིས་པ་རྣམས་ཀྱི་རྣ་བའི་ཡུལ་དུ་མ་གྱུར་ཏོ། །གཞན་ཡང་། རྒྱུད་གསུངས་ལོར་མ་ཟད་འཁྲུངས་ལོ་སོགས་ཐམས་ཅད་ནོར་བས། འདུལ་བ་ལུང་ལས། བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་པ་ན་གྲགས་འཛིན་མ་ལ་ཁྱིའུ་ཞིག་བཙས་སོ། །ཟླ་བའང་སྒྲ་གཅན་གྱིས་ཟིན་ཏོ་ཞེས་སངས་རྒྱས་པའི་ཚེ་གཟའ་འཛིན་བྱུང་བར་བཤད་པས། སྟོན་པ་ལྕགས་སྤྲེ་ལ་སྐུ་བལྟམས། ཤིང་རྟ་ལ་སངས་རྒྱས། ལྕགས་འབྲུག་ལ་རྒྱུད་གསུངས་ཤིང་མྱ་ངན་ལས་འདས་པར་བྱས་(༤༧ན)


GLG020_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤིང་རྟའི་ས་ག་ཟླ་བའི་ཚེས་བཅོ་ལྔ་པ་གཟའ་འཛིན་གྱི་རི་མོ་འཁྲུལ་མེད་དུ་འབྱུང་བ་སོགས་རྒྱུ་མཚན་མཐའ་ཡས་སོ། །ཞིབ་ཏུ་བརྩིས་ན་སྟོན་པ་མྱ་ངན་ལས་འདས་ནས་ཟླ་བཟང་གིས་ལོ་གསུམ་བཞུགས་པ་ཡིན་ཏེ། ཟླ་བ་བཟང་པོས། རྩ་རྒྱུད་རྒྱས་འབྲེལ་བསྟན་པའི་ལོ་གཉིས་པ་ལ་ཟླ་བཟང་གཤེགས་པར་གསུངས་པའི་གཤེགས་ལོ་དང་གཅིག །དེའི་གོང་དུ་རྩ་རྒྱུད་སྡུད་པ་དང་། རྒྱལ་འགྲེལ་སྟོང་ཕྲག་དྲུག་ཅུ་པ་མཛད་པ་སོགས་ལ་ལོ་གཉིས་དང་བཅས་པའི་ལོ་གསུམ་བྱུང་བ་ལ་དགོངས་ནས། མདོར་བསྡུས་གསུམ་པར། དེ་བཞིན་གཤེགས་པའི་ངེས་པ་དེའི་ཕྱིར་རྩ་བའི་རྒྱུད་ཀྱི་རྒྱལ་པོ་སྟོང་ཕྲག་གི་བཅུ་གཉིས་པ་དང་། རྒྱས་འགྲེལ་སྟོང་ཕྲག་དྲུག་ཅུ་པའང་ཤམྦྷ་ལ་སོགས་པའི་ཡུལ་གྱི་སྐད་གཞན་གྱིས་གླེགས་བམ་ལ་བྲིས་ནས་རྒྱལ་པོ་ཟླ་བ་བཟང་པོས་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ན་གནས་པ་རྣམས་ལ་རབ་ཏུ་སྟོན་ཏོ། །དེ་ཉིད་དེ་ལ་མོས་པ་རྣམས་ཀྱིས་ཉན་ཅིང་བཀླགས་ཏེ་རང་གི་སེམས་ལ་བཟུང་ནས་གཞན་དག་ལ་རྒྱ་ཆེར་རབ་ཏུ་བསྟན་ཏོ། །རྒྱུད་བསྟན་པའི་དུས་དེ་ནས་ལོ་གཉིས་པ་ལ་སེམས་ཅན་རྣམས་ཀྱི་དངོས་གྲུབ་ཀྱི་རྒྱུའི་སླད་དུ་དཀྱིལ་འཁོར་གྱི་འཁོར་ལོ་དང་རྫུ་འཕྲུལ་བསྟན་ནས་སྤྲུལ་པའི་སྐུ་གང་ནས་བྱོན་པ་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་དུ་གཤེགས་སོ། །ཞེས་བྱུང་ལ། ལོ་དྲུག་བརྒྱ་ལ་གསུམ་ལྷག་པ་ཙམ་སྣང་བ་ཕྲ་མོ་ཡིན་པས་ལུང་དོན་ལ་མི་གནོད་དེ། ལོ་བཞི་བཅུ་ཞེ་དྲུག་ཙམ་མི་འགྲིག་པའི་རྒྱ་ཆེ་མཐིལ་རྡོལ་ཚོ་དང་མི་འདྲའོ། །དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག་ཅེས་འཇམ་དཔལ་གྲགས་པ་གཤེགས་ནས་རྒྱ་མཚོ་རྣམ་རྒྱལ་གྱི་བར་དུ་ལོ་བརྒྱད་བརྒྱ་འོང་བའི་རྒྱུ་མཚན། པདྨ་དཀར་པོ་ནས་ཤིན་ཏུ་བཟང་པོའི་བར་རིགས་ལྡན་(༤༧བ)


GLG020_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱིས་ཆོས་ལོ་བརྒྱ་བསྟན་པས་འགྲིག་ལ། རྒྱ་མཚོ་རྣམ་རྒྱལ་ཁྲིར་བྱོན་པ། ཀླ་ཀློ་བཞུགས་པ། མེ་མཁའ་རྒྱ་མཚོའི་རྩིས་གཞི་སོགས་དུས་མཉམ་པས་ཏུ་རུ་ཥྐ་ཞེས་གར་ལོག་གམ་ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱར་བཤད་པས། རིགས་ལྡན་ཉི་མ་ནས་དྲུག་པ་འཁོར་ལོའི་བར་ལ་རིགས་ལྡན་བཅོ་ལྔ་བྱུང་བའི་ཕྱི་མ་བཅུ་གསུམ་གྱིས་ལོ་བརྒྱ་རེ་ཁྲིར་བཞུགས་པས་ལོ་སྟོང་དང་སུམ་བརྒྱ་འབྱུང་བ་ལས། དྲག་པོ་འཁོར་ལོས་དགུང་ལོ་གོ་བདུན་བཞེས་ནས་ཀླ་ཀློ་བཏུལ་བས་ལོ་སྟོང་དང་སུམ་བརྒྱ་གོ་བདུན་བྱུང་། དེའི་སྟེང་དུ་རིགས་ལྡན་བཅུ་གསུམ་གྱི་སྔོན་མ་རྒྱ་མཚོ་རྣམ་རྒྱལ་དང་། རྒྱལ་དཀའ་གཉིས་བསྡོམས་པའི་ལོ་བཞི་བརྒྱ་དང་གསུམ་བྱུང་བ་བསྲེས་པས་སྟོང་བརྒྱད་བརྒྱ་ལས་མི་ལྷག་མི་ཉུང་བ་འདི་ཐམས་ཅད་མཁྱེན་པ་ནོར་བུ་བཟང་པོ་དང་པད་དཀར་ཞལ་ལུང་རྗེས་འབྲང་དང་བཅས་པའི་དྲི་མ་མེད་པའི་ལུགས་སྲོལ་ཡིན་ནོ། །སྟག་ཚང་ལོ་ཙཱ་བས། སུམ་ཅུ་རྩ་གཉིས་གདན་གྱི་མཐར་ནི་ལྷ་མིན་དགྲ་བོ་ཚེ་ལོ་བརྒྱ་པ་ཕྱག་ན་འཁོར་ལོར་འགྱུར། ཞེས་སུམ་ཅུ་རྩ་གཉིས་ཀྱི་མཐར་ཞེས་པའི་རྒྱུད་ཚིག་གིས་རྩ་གསུམ་པ་ཡིན་པའི་སྒྲུབ་བྱེད་དང་། མཐའ་ཡས་རྣམ་རྒྱལ་གྱི་མཚན། རྒྱ་དཔེར་ཨ་ནནྟ། བི་ཛ་ཡ་ཞེས་བར་དུ་རྣམ་དབྱེའི་གཅིག་ཚིག་གིས་ཆོད་པས་སོ་སོར་གསུངས་པ་རྣམས་ལེགས་བཤད་ཆེན་པོར་སྣང་ཡང་། ཀླ་ཀློའི་གནས་ཚད་ལ་སྟོང་བདུན་བརྒྱ་ཙམ་ལས་མ་བྱུང་བའི་བརྒྱ་པོ་རགས་རྩིས་སུ་མཛད་པ་ཅུང་ཟད་མི་འཐད་པར་མངོན་མོད། ཆོས་རྒྱལ་དང་རིགས་ལྡན་བསྡོམས་པར་སུམ་ཅུ་རྩ་གསུམ་འཐད་པའི་རྗེས་སུ་འབྲང་ནའང་། རྒྱ་མཚོ་རྣམ་རྒྱལ་ཡབ་སྲས་གཉིས་ལ་མེ་མཁའ་རྒྱ་མཚོའི་ལོ་གྲངས་རང་སར་བཞག་སྟེ། དྲག་པོ་སེང་ཁྲིར་ཕེབས་མ་ཐག་ནས་ཀླ་ཀློ་བཅོམ་པའི་མགོ་བརྩམས་པར་ཁས་བླངས་ན་དུས་དེ་ནས་ཀླ་ཀློའི་བསྟན་པ་དམར་ཕྱོགས་ཀྱི་ཟླ་བ་བཞིན་རིམ་(༤༨ན)


GLG020_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་འགྲིབ་པར་འགྱུར་བ་ཡིན་པས་རྒྱུ་མཚན་བཟང་པོ་ཡོད་དམ་སྙམ། ཡང་ན། རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་དཀའ་གཉིས་ཀྱི་དགུང་ལོའི་ཚད་ཀྱང་བརྒྱར་བྱས་ཏེ་རིགས་ལྡན་གྲགས་པ་ཐེ་བའི་རིགས་ལྡན་བརྒྱད་ཀྱི་རྗེས་སུ་ཀླ་ཀློ་འཇུག་ཅེས་ཁས་བླངས་ན། ཤིན་བཟང་ནས་དྲག་པོའི་འཁོར་ལོའི་བར་ལ་ལོ་གསུམ་མ་གཏོགས་སྟོང་དང་བརྒྱད་བརྒྱ་ཚང་འགྲོ་བས། རང་འདོད་གཙོ་བོར་བྱེད་པའི་བསྟན་བཅོས་ལ་ལའི་དབང་དུ་སོང་ན་ཁས་བླང་དུ་རུང་ཙམ་ཡིན་ལ། འགའ་ཞིག་ཉིན་མོ་ཞེས་པའི་ཚིག་མཚན་མོ་ཞེས་པར་འདོན་པ་སྒྱུར་བ་ལྟར། རང་གང་འདོད་དུ་བྱེད་ན། དེ་ནས་ཀླུ་ཡི་ལོ་བརྒྱ་ཞེས་པ་ལ་རི་རོའི་ལོ་བརྒྱ་ཞེས་འདོན་པ་སྒྱུར་དུ་ཅིས་མི་རུང་། འོན་ཀྱང་ཆོས་ལ་དབང་ཟ་བར་བྱེད་པ་དེ་འདྲ་མཁས་པ་རྣམས་ཁྲེལ་བར་འགྱུར་བའི་ཕྱིར། ཁོ་བོ་རིགས་ལྡན་གྲགས་པ་ཐེ་བའི་བརྒྱད་ཡིན་ནོ་ཞེས་མི་སྨྲ་སྟེ། ཁམས་ལེའི་གོ་སླར། རིགས་ལྡན་རིགས་ཀྱི་ནང་ནས་ལག་པས་བསྒྱུར་བའི་དུས་ཀྱི་བུ་དང་ཚ་བོ་དང་ནི་འདས་གྱུར་པ། །དེ་ཡི་དུས་སུ་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག་པ་དག་ཏུ་འགྱུར། །ཞེས་རིགས་ལྡན་གྱི་རིགས་སུ་གྱུར་པ་རྣམས་ཀྱི་ནང་ནས་ལག་པ་སྟེ་གཉིས་ཀྱིས་དུས་ཏེ་བཞི་བསྒྱུར་བའི་རིགས་ལྡན་དྲག་པོའི་བུ་པད་དཀར་དང་། ཚ་བོ་བཟང་པོ་སོགས་བརྒྱད་འདས་པའི་མཐའ་དེར་མ་ཁའི་ཡུལ་དུ་ཀླ་ཀློའཇུག་པར་བཤད་པས་སོ། །སྟག་ཚང་ལོ་ཙཱ་བའི་བཞེད་པ་དེའི་རྒྱབ་སྐྱོར་དུ་ལུང་སྔ་མར་མ་ཟད། སེམས་ཅན་རྣམས་ཀྱི་ཐར་པའི་སླད་དུ་ས་ལ་དུས་ཀྱི་འཁོར་ལོ་རབ་ཏུ་གསལ་བར་བྱེད་པར་འགྱུར། ཞེས་རིགས་ལྡན་གྲགས་པས་རྩ་བའི་རྒྱུད་བསྡུ་བར་མཛད་ཚུལ་བསྟན་ནས། དེའི་རྗེས་སུ། གདན་ནི་ཉི་ཤུ་རྩ་ལྔ་པོ་རྣམས་རིམ་པར་ཡོངས་སུ་བགྲངས་པ་དེ་ཡིན་པ་ནས་དུས་ཀྱི་མཐར། །རིགས་(༤༨བ)


GLG020_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པའི་རིགས་ལ་ལྷ་ཡི་དབང་པོ་ལྷ་ཡི་མཆོག་གིས་བཏུད་པ་དྲག་པོའི་རིགས་ལྡན་འབྱུང་བར་འགྱུར། །ཞེས་པའི་ཚིག་གིས་པདྨ་དཀར་པོ་མན་ཆད་དུ་གདན་ཉི་ཤུ་རྩ་ལྔ་དགོས་པའི་ཁུངས་སུ་འགྲོ་བ་ལྟ་བུར་སྣང་ཡང་། ལུང་དོན་ལ་དགོངས་པ་འགྲེལ་ལུགས་སྣ་ཚོགས་བྱུང་མོད། སྐད་དོད་ཀྱི་བར་དུ་རྣམ་དབྱེས་ཆོད་པའི་བཤད་ཚུལ་དེ་ལ་བླ་ཆེན་གྱི་མི་དཀར་པོ་ལ་བརྡ་སྤྲོད་ཀྱི་ཞྭ་ནག་པོ་གྱོན་པ་དེ། ངོས་ཅག་ཡིད་ཅུང་ཟད་སྤྲོ་བར་གྱུར་ནའང་། ཞེ་འདོད་ཀྱི་གཙོ་བོ་ནི། རྗེ་ནོར་བཟང་པའི་དྲི་མེད་འོད་རྒྱན་དང་པད་དཀར་ཞལ་ལུང་གི་དགོངས་པ་ཁོ་ནའོ། །མཁས་པ་འགོས་ལོ་ཡེ་བཟང་རྩེ་པས། རིགས་ལྡན་ཁྱབ་འཇུག་སྦས་པའི་དགུང་ལོ་ང་གཅིག་པའི་རྗེས་སུ་ཀླ་ཀློ་ཞུགས་པ་ཡིན་པས། གྲགས་པ་འདས་ནས་ལོ་བརྒྱད་བརྒྱ་ནས་ཀླ་ཀློ་འབྱུང་བར་བཤད་པ་དེས་སྦྲང་རྩིའི་བློ་གྲོས་བྱེ་བྲག་ཏུ་བསྟན་གསུང་བ་རང་ལུགས་ལ་འཐད་པར་མི་སེམས་མོད། ཀླ་ཀློའི་གནས་ཚད་ལ་ལོ་གྲངས་ལྔ་བཅུ་ཙམ་མ་འགྲིག་པར་རགས་རྩིས་མུན་པའི་ཁུང་བུ་སྐྱབས་སུ་བསྟེན་པ་ལས། ཉི་མ་གྲགས་པ་ནས་མཐའ་ཡས་རྣམ་རྒྱལ་གྱི་བར་རིགས་ལྡན་བཅུ་བདུན་ལ་ལོ་གྲངས་བརྒྱ་རེ་ཆོས་སྟོན་པར་བྱས། ཁྱབ་འཇུག་སྦས་པ་དང་དྲག་པོ་འཁོར་ལོ་ཅན་གཉིས་ཀྱི་ལོ་གྲངས་ཕྱེད་ཕྱེད་དྲིལ་བས་བརྒྱ་སྟེ། སྟོང་བརྒྱད་བཅུ་འབད་མེད་དུ་འགྲུབ་པས་བེམ་རྒན་ལ་ལྷན་པ་བཟང་པོ་ཐེབས་པར་སྣང་ངོ་། །རྒྱུད་ལས། ཀླ་ཀློའི་ཚོགས་ནི་འཁོར་གྱི་སྐྱེ་བོ་དང་བཅས་རབ་ཏུ་བཅད་ནས་མི་ཡི་ལོ་ནི་བརྒྱ་ཕྱེད་ན། རིགས་ལྡན་གྲུབ་པར་འགྱུར་ཏེ། ཞེས་པའི་དོན། རིགས་ལྡན་དྲག་པོའི་འཁོར་ལོས་བཏུལ་བའི་ཀླ་ཀློ་རྣམས་ཡང་དག་པའི་ལམ་ལ་ཞུགས་ནས་མི་ལོ་ལྔ་བཅུ་ཚུན་ལ་རིགས་ལྡན་གྱི་ལམ་གྲུབ་པར་འགྱུར་བའི་དོན་ཡིན་གྱི། དེ་རྣམས་ཀྱིས་རིགས་ལྡན་གྱི་ལམ་གྲུབ་པའི་ཚེ་དྲག་པོ་(༤༩ན)
འཁོར་ལོ་ཅན་བཞུགས་དགོས་པའི་དོན་ནི་མིན་ནོ། །ཆོས་རྒྱལ་རིགས་ལྡན་བསྡོམས་པར་སོ་གཉིས་སུ་བྱས་ནས་ཀླ་ཀློ་འདུལ་དུས་དྲག་པོའི་དགུང་ལོ་ལྔ་བཅུར་བཞེད་པ་རྣམས་ལྷན་པ་བརྒྱག་ཐེབས་ཙམ་ཡང་མི་འདུག་པས་རྗེས་སུ་མི་འཇུག་སྟེ། དམ་པ་ཇི་ལྟར་རྒུད་གྱུར་ཀྱང་། །སྡིག་དང་འདྲེས་པའི་ཟས་མི་ཟ། །སེང་གེ་བཀྲེས་ཀྱང་མི་གཙང་བའི། །ངན་སྐྱུགས་ཟ་བར་མི་བྱེད་དོ། །ཞེས་སོ། །


previousདྲི་བ་དང་པོའི་དྲིས་ལན།next