Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  expand section
  expand section
  collapse section
   
   
དྲི་བ་གཉིས་པའི་དྲིས་ལན།
   
   
   
   


 
previousདྲི་བ་གཉིས་པའི་དྲིས་ལན།next

དྲི་བ་གཉིས་པའི་དྲིས་ལན།


GLG020_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བ་གཉིས་པའི་དྲིས་ལན།དྲི་བ་གཉིས་པ་ནི། གཉིས་པ་དཔལ་ལྡན་རྒྱུད་རྒྱལ་དབྱངས་འཆར་ལས། །རཱ་ཧུའི་བྱེ་བྲག་དུ་མར་བཤད་ན་ཡང་། །སྐབས་འདིར་ཟླ་རེ་ཉི་མ་རེ་བཞིན་དུ། །གསལ་བྱེད་རེ་དང་མཉམ་དུ་འཆར་བ་ཡི། །ཚེས་ཀྱི་ར་ཧུའི་མིང་དུ་བཏགས་པ་འདི། །ཟླ་བ་གཅིག་ལ་ཚེས་ཞག་སུམ་ཅུ་ལ། །གསལ་བྱེད་སུམ་ཅུ་ཐམ་པ་མ་ཉམས་བགོས་ཕྱིར། །སྤང་བྱའི་ཡི་གེ་གསུམ་པོའི་མིང་གསལ་དགོས། །ཚེས་གཅིག་གསལ་བྱེད་ཀ་ཞེས་འཆར་བ་འདི། །ཡར་ངོ་མར་ངོ་གང་ནས་ངོས་འཛིན་ཅིང་། །ཤར་ནུབ་ལྷོ་བྱང་མཚམས་བཞི་གང་ནས་འཆར། །ཤར་རྗེས་སྤང་བྱ་བསྒྲུབ་བྱའི་བྱ་བ་ཅི། །ཞེས་པ། དཔལ་གཡུལ་ལས་རྣམ་པར་རྒྱལ་བ་དབྱངས་འཆར་རྒྱུད་ལེའུ་བཅུ་པ་འདི་བོད་དུ་གློ་བོ་ལོ་ཙཱ་བས་བསྒྱུར། དེ་ལ་འགྲེལ་པ་མཛད་མཁན་ཤིན་ཏུ་མང་ཞིང་། ཁྱད་པར་ཕུག་ནས་རྗེ་ལྷུན་གྲུབ་རྒྱ་མཚོས་མཆོག་ཏུ་དགའ་བའི་སྒྲ་དབྱངས་མཛད་ཀྱང་། མན་ངག་ལ་ལྟོས་པའི་ཆེད་དུ་དངོས་བསྟན་ལ་གབ་དཀྲུགས་ཅུང་ཟད་ཡོད་པ་དང་བཅས་དུས་ཕྱིས་གཙུག་ལག་འདི་ཉིད་ཉམས་ནས་རྗེ་འཕྲིན་ལས་ཞབས་ཙམ་མ་གཏོགས་རྫོགས་པར་མཁྱེན་པ་ཉིན་སྐར་ལྟར་གྱུར་ཚེ། བླ་རྩིས་པ་ཆེན་པོ་དཔལ་མགོན་འཕྲིན་ལས་ཀྱི་དངོས་སློབ་དུས་རམ་པ་འཆི་མེད་བདེ་བས་གྲྭ་ཕུག་ཏུ་སྦྱངས་པའི་འཕྲོ་ཉུང་ངུ་ཞིག་ལུས་པ་དང་། ཅུང་ཟད་ཐུགས་གང་བ་(༤༩བ)


GLG020_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བྱུང་བས་སླར་རྒྱ་བལ་འཛུམ་ལང་གི་པཎྜི་ཏར་གཏུགས་ནས་ཚིག་གཅིག་ཀྱང་མ་ལུས་པར་སྦྱངས་པའི་གསུང་རྒྱུན་ཕྱག་ལེན་མ་ཉམས་པ། ཁོ་བོའི་སློབ་དཔོན་ཆེན་པོ་སྨོན་འགྲོ་པཎ་ཆེན་གྱི་དྲིན་ལས་ཁོང་དུ་ཆུད་པའི་བློ་གྲོས་ཀྱི་མིག་ཆུང་ངུ་ཞིག་གིས་བལྟས་ཚེ། ཁྱེད་ཀྱི་དྲི་ཚིག་དེ་ལོང་བའི་འཁར་བཙུགས་ལས་རྒྱུ་མཚན་ཤེས་པ་ཅུང་མིན་པར་སྣང་སྟེ། ཚེས་ཀྱི་རཱ་ཧུ་ཐུན་ཕྱེད་ལྟར་ཕྱོགས་བཞི་དང་མཚམས་བཞི་ནས་འཆར་རྒྱུའི་ལོག་རྟོག་གིས་བླ་བཙོངས་ཚར་འདུག་གོ །དེས་ན་དབྱངས་འཆར་བའི་ཡར་ངོ་དེ། དཔེར་ན་ནག་ཟླའི་ཚེས་བཅུ་དྲུག་ནས་གནམ་སྟོང་བར་ལ་དཀར་ཕྱོགས་དང་། ས་ག་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་ལ་དམར་ཕྱོགས་སུ་ངོས་འཛིན་པའི་དཀར་ཕྱོགས་ལ་ཀ་ནས་བརྩམས་པའི་གསལ་བྱེད་ཀྱི་བཅོ་ལྔ་དང་། ནག་ཕྱོགས་ལ་དྷ་ནས་བརྩམས་པའི་བཅོ་ལྔ་འཆར་ལ། སྤང་བྱའི་ཡི་གེ་ང་ཉ་ཎ་ཀྵ་བཞི་ཡོད་པས། གསུམ་ཞེས་དམིགས་སུ་དཀར་བ་རྒྱལ་ཁམས་མ་མཐོང་བའི་ནད་རྟགས་ཕྱིར་ཤར་བ་འདྲ། ལྷ་གཟིགས་གོང་མ་ཆེན་པོས། མིག་ཚུམ་ཚུམ་གྱིས་རྒྱབ་ཀྱི་རི་མི་མཐོང་། །ལྕེ་དིག་དིག་དེས་དགོས་པའི་གཏམ་མི་ཐོན། །ཚུལ་སྦུག་སྦུག་པས་ཡང་དག་དོན་མི་གསལ། །བློ་ཟོམ་ཟོམ་གྱིས་ཤ་སྙིང་བསྲེ་མི་ཐུབ། །གསུང་བ་ལྟར། ལྟ་བའི་ཚེ་ཕྱོགས་རེའི་མིག་ཏུ་སོང་ཞིང་། སྨྲ་བའི་ཚེ་དགོས་པའི་གཏམ་མི་ཐོན་པ་དེ་ཁྱེད་གཅིག་པུའི་སྐྱོན་མིན་པས་བག་ཚ་མི་དགོས་སོ། །དཀར་ཕྱོགས་ཀྱི་ཚེས་གཅིག་ནས་འགོ་བརྩམས་རླུང་ནས་བཟུང་སྟེ་གཡོན་སྐོར་དུ་མེའི་བར་ལ་གསལ་བྱེད་རིམ་གྱིས་འཆར་བས། ཚེས་གཅིག་ལ་ནུབ་ཕྱོགས་སྟོབས་ཆེ་ཞིང་ཤར་ཕྱོགས་སྟོབས་ཆུང་། ཁྱད་པར་དྷརྨའི་མིང་ཅན་ལྟ་བུ་དེ་ཉིན་དམག་གི་ལས་བྱེད་དུ་མི་རུང་བ་དང་ཞིབ་ཏུ་བརྩིས་ན་ཚེས་གཉིས་ལ་ནོར་བུའི་མིང་དང་གསུམ་ལ་དཔལ་གྱི་མིག་(༥༠ན)
སོགས་ལ་ངན་པར་བཤད་པས་དྲི་བ་གསུམ་པ་ལ། གསུམ་པར་མཚོན་ནོ། །


previousདྲི་བ་གཉིས་པའི་དྲིས་ལན།next